ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ལོ་དེར་སྲིད་དོན་ཚོགས་པ་ཁག་གི་རྒྱས་འཛོམས་ཚོགས་ཆེན་རེ་འཚོགས་སྲོལ་ཡོད་པ་དང་། རྒྱས་འཛོམས་ཚོགས་ཆེན་དེ་སྲིད་དོན་ཚོགས་པ་ཁག་གི་ལྟ་བ་དང་ལངས་ཕྱོགས། སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་དངོས་སུ་གཏན་འབེབས་བྱ་རྒྱུ་དང་། ལོ་དེའི་སྲིད་འཛིན་འོས་འདེམས་སྐབས་སུ་སྲིད་དོན་ཚོགས་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རང་གི་སྲིད་འཛིན་འོས་མིར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཐབས་བྱ་དགོས་པ་དང་། རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་པའི་སྐུ་ཚབ་ཚོས་རང་གི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱ་དགོས་པའི་ཚོགས་ཆེན་ཞིག་ཡིན་ཞིང་། ཁ་སང་ཕྱི་ཟླ་༧་ཚེས་༡༨་ནས་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་འགོ་ཚུགས་པ་དང་། སྐུ་ཚབ་ཁག་ཅིག་གིས་སྲིད་འཛིན་འོས་མི་ཌོ་ནལ་ཊམ་ལ་མོས་མཐུན་ཡོད་མེད་མངའ་སྡེ་རེ་རེ་བཞིན་སྐུ་ཚབ་ཚོར་སྐད་ཆ་འདྲི་དགོས་ཞེས་སྐད་ཅོར་བརྒྱབ་ཡོད་ཅིང་། སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་མངའ་སྡེ་རེ་རེའི་སྐུ་ཚབ་ཚོར་སྐད་ཆ་དྲིས་མེད་པས། སྐུ་ཚབ་ཁག་ཅིག་ཚོགས་ཁང་ནས་ཕྱི་ལ་ཐོན་ཏེ་ངོ་རྒོལ་བྱས་འདུག ད་ལོའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་ཉིན་དང་པོར་གནད་ཡོད་མི་སྣ་མང་པོ་ཞིག་གིས་གཏམ་བཤད་བྱས་ཀྱང་གཏམ་བཤད་གཙོ་བོ་དེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱི་བཟའ་ཟླ་མེ་ལ་ཎི་ཡ་ཊམ་གྱིས་རང་གི་ཁྱོ་ག་ཚོགས་ཞུགས་སྐུ་ཚབ་ཚོར་ངོ་སྤྲོད་བྱས་ཏེ། ཌོ་ནལ་ཊམ་མི་བཟང་པོ་དང་འཇོན་པོ་ཞིག་ཡིན། གལ་སྲིད་ཁྱེད་ཚོར་རང་གི་སྒེར་དོན་དང་རྒྱལ་ཁབ་ཀྱི་སྤྱི་དོན་སྒྲུབ་མཁན་ཞིག་དགོས་ཚེ། རྣམ་པ་ཚོར་མཁོ་བའི་མི་དེ་ཌོ་ནལ་ཊམ་ཡིན་ཞེས་ངས་ཁག་ཐེག་བྱ་ཐུབ། ང་ལ་ཆུང་དུས་ནས་ཕ་མ་ཚོས་རང་གི་མི་འདིར་དོན་ཆེན་ཞིག་བསྒྲུབ་ན་དཀའ་ལས་རྒྱག་དགོས་ཞེས་དཀའ་ལས་ལ་རིན་ཐང་བརྩི་བའི་བག་ཆགས་གཏིང་ཟབ་ཅིག་བཞག་ཡོད། ང་ཚོའི་ཁ་ནས་བཤད་པའི་ཚིག་རྣམས་རང་གི་དམ་བཅའ་ཡིན། སོ་སོས་ཅི་ཞིག་བཤད་པ་རྣམས་བསྒྲུབ་དགོས། མི་གཞན་ལའང་བརྩི་འཇོག་བྱ་དགོས་ཞེས་བཤད་ཡོད། ཡིན་ནའང་མེ་ལ་ཎི་ཡ་ཊམ་གྱིས་ང་ལ་ཆུང་དུས་ནས་ཞེས་པའི་ཚིག་མཚམས་ནས་གཞན་ལ་བརྩི་འཇོག་བྱ་དགོས་ཟེར་པའི་བར་གྱི་རྗོད་ཚིག་རྣམས་༢༠༠༨་ལོར་ཨ་རིའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་མི་ཤལ་ཨོ་བྷ་མས་རང་གི་ཁྱོ་ག་བྷ་རཀ་ཨོ་བྷ་མ་ཚོགས་ཆེན་ལ་མཚམས་སྦྱོར་བྱས་པའི་གཏམ་བཤད་ཀྱི་རྗོད་ཚིག་རྣམས་ཡིན་པ་དང་། ཐ་ན་མིང་ཚིག་རེ་ཟུང་མ་གཏོགས་རྗོད་ཚིག་ཐམས་ཅད་གཅིག་པ་ཡིན་པས། ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་མེ་ལ་ཎི་ཡ་ཊམ་གྱིས་མི་ཤལ་ཨོ་བྷ་མའི་གཏམ་བཤད་ལ་ལད་ཟློས་ཆ་ཚང་བྱས་སོང་གླེང་ཞེས་སློང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG