ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

རྒྱ་ནག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་དང་དེའི་ཉེན་ཁ།


རྒྱ་ནག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ།
རྒྱ་ནག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ།

རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གསར་ཁང་ཆེན་པོ་ཁག་གི་གསར་འགྱུར་དྲ་ཚིགས་འདྲ་བོ་བཟོས་ཏེ་གསར་འགྱུར་རྫུན་མ་ཁྱབ་སྤེལ་བྱེད་བཞིན་པ་ཡིས་དམངས་གཙོའི་རྒྱལ་ཁབ་ཁག་གི་མི་མང་གི་བསམ་བློ་ལ་ཤུགས་རྐྱེན་སྤྲོད་བཞིན་པ་དང་། སྤྱི་ཚོགས་ལ་བརྡབ་གསིག་གཏོང་བཞིན་པ། གནས་ཚུལ་རྫུན་མ་ཁྱབ་སྤེལ་ལས་དཀའ་རྙོག་གསར་བ་མང་པོ་བཟོ་བཞིན་པ་བཅས་ནི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཉེན་ཁ་ཆེན་པོ་ཞིག་ངོས་ཟིན་ཐོབ་ནས། ཨ་མེ་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་གནས་ཚུལ་རྫུན་མ་ངོས་འཛིན་བྱེད་རྒྱུ་དང་གདོང་ལེན་བྱེད་རྒྱུར་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་གསར་བ་ཞིག་བཞག་འདུག

ཉེ་ཆར་ཨ་མི་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡ་མཉམ་དུ་ཕྱི་རྒྱལ་གྱི་གནས་ཚུལ་རྫུན་མ་ཁྱབ་སྤེལ་ལ་གདོང་ལེན་བྱེད་རྒྱུར་གྲོས་མཐུན་ཞིག་བཞག་པ་དེར་ནུབ་ཕྱོགས་ཀྱི་ཕྱི་སྲིད་མཁས་པ་ཚོས་དགའ་བསུ་ཞུས་པ་དང་། དེ་ནི་གསར་འགྱུར་རྫུན་མ་ཁྱབ་སྤེལ་ངང་རང་དབང་མང་གཙོའི་ལམ་ལུགས་ཀྱི་ནུས་པ་ཉམས་དམས་སུ་གཏོང་བར་རྒྱ་ནག་གིས་འབད་བརྩོན་བྱེད་བཞིན་པར་གདོང་ལེན་ལ་དགོས་ངེས་ཅན་ཞིག་ཡིན་པ་བརྗོད་བཞིན་འདུག

སྤྱི་ཟླ་༡༡་ཚེས་དྲུག་ཏེ་གཟའ་ལྷག་པའི་ཉིན་ལ་ཨ་རི་དང་ཉི་ཧོང་གཉིས་ཀྱིས་རྒྱལ་ཁབ་གཞན་པས་གནས་ཚུལ་གཡོ་ཇུས་ཀྱིས་སྤེལ་བཞིན་པ་ངོས་འཛིན་ཡོང་ཐབས་སུ་མཉམ་ལས་དང་མཐུན་འགྱུར་གནང་རེས་ཀྱི་གྲོས་ཆོད་ལ་གྲོས་མཐུན་མཚན་རྟགས་བཀོད་ཡོད་ཅིང་། ཡང་དེའི་རྗེས་སུ་གཟའ་པ་སངས་ཏེ་ཚེས་༨་ཉིན་ལ་ཨ་རི་དང་ལྷོ་ཀོ་རི་ཡའི་བར་དུ་རྒྱལ་ཁབ་གཞན་པས་གནས་ཚུལ་རྫུན་མ་སྤེལ་བའི་གཡོ་ཇུས་ལ་གདོང་ལེན་བྱེད་ཕྱོགས་ལ་ཕན་ཚུན་མཐུན་འགྱུར་ཞུ་རྒྱུའི་གྲོས་ཆོད་བཞག་པ། གྲོས་ཆོད་འདི་ནི་ཉེ་ཆར་ཨ་རིའི་ཆེས་མཐོའི་གཞུང་འབྲེལ་མི་སྣའི་གྲས་ཨ་རིའི་སྤྱི་དམངས་ཕྱི་འབྲེལ་ལྷན་ཁང་གི་བློན་ཆེན་རིམ་པ་གཉིས་པ་ལི་ཛེ་ཨེ་ལན (Liz Allen)་ཨེ་ཤ་ཡར་གཟིགས་སྐོར་ལ་ཕེབས་སྐབས་ཆེད་དུ་བཟོས་པའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་ལ་མཉམ་འབྲེལ་ངང་གདོང་ལེན་བྱེད་རྒྱུའི་གྲོས་ཆོད་ཐོག་མ་ཡིན་པ་རེད།

ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡའི་འགོ་ཁྲིད་རྣམ་གསུམ།
ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡའི་འགོ་ཁྲིད་རྣམ་གསུམ།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གྲོས་མཐུན་འདིའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། དེའི་ནང་དུ་འདི་ནི་ཨ་མེ་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཚོས་གནས་ཚུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དུ་ཡིན་པར་བརྗོད་ཡོད་ཀྱང་། ཡང་རྒྱལ་ཁབ་གང་ཞིག་གིས་ཉེན་ཁ་བཟོ་བཞིན་པ་ཐེར་འདོན་བྱེད་མི་འདུག ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལའུ་ཕིན་ཡུ་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་ན། རྒྱ་ནག་གིས་ག་དུས་ཡིན་ཡང་གནས་ཚུལ་རྫུན་མ་བཟོ་བ་དང་ཁྱབ་སྤེལ་བྱེད་པར་ངོ་རྒོལ་བྱེད་བཞིན་པ་རེད། ཁོས་འགྲེལ་བརྗོད་སྐབས་སུ། ངས་གང་མཐོང་གི་འདུག་ཅེས་ན་ཨ་རིའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་གནས་ཚུལ་རྫུན་མ་མང་པོ་འདུག ཨ་རིའི་གཞུང་འབྲེལ་མི་སྣ་ཁ་ཤས་དང་གྲོས་ཚོགས་འཐུས་མི། གསར་ཁང་། ཚོགས་པ་དེ་ཚོས་བདེན་དཔང་ཅི་ཡང་མེད་པར། རྒྱ་ནག་ལ་ཁ་གཏད་ཀྱི་གནས་ཚུལ་རྫུན་མ་བཟོ་བ་དང་ཁྱབ་སྤེལ་བྱེད་བཞིན་འདུག་ཅེས་བརྗོད་འདུག

ཡིན་ན་ཡང་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་འཐབ་ཇུས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཌེ་ཝིད་མེཀ་སི་ཝེལ་(David Maxwell)གྱི་དགོངས་ཚུལ་ལྟར་ན་ཨ་མི་རི་ཀས་མཐུན་གྲོགས་རྒྱལ་ཁབ་ཚོ་དང་གྲོས་མཐུན་བཞག་པ་ནི་རྒྱ་ནག་གིས་བཟོས་པའི་ཉེན་ཁ་ལ་ངོས་ལེན་བྱེད་པ་ཞིག་མཚོན་གི་ཡོད། ཁོང་གིས། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱི་དམངས་གཙོ་མགོ་རྟིང་སློག་རྒྱུ་དང་། མཐུན་གྲོགས་རྒྱལ་ཁབ་དེ་ཚོ་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཁ་གཏད་བཅོག་རྒྱུའི་སྟོབས་ཤུགས་ཁ་འཐོར་གཏོང་རྒྱུའི་ཆེད་དུ་རྒྱ་ནག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་བཞིན་པ་ནི་འཐབ་ཇུས་ལྡན་པའི་ངང་ཡུན་རིང་སྤེལ་བའི་ཆབ་སྲིད་དམག་འཐབ་ཀྱི་ཆ་ཤས་ཤིག་རེད་ཅེས་བརྗོད་འདུག

རྒྱ་ནག་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བྱེད་སྒོ་སྣ་མང་དང་གང་མགྱོགས་སྤེལ་བཞིན་པ་མངོན་གསལ་ཇེ་ཆེར་འགྲོ་བཞིན་པ་ནི་སྤྱི་ལོ་༢༠༢༤་ལོའི་ཨ་རིའི་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་རྒྱུའི་དམིགས་ཡུལ་བཅིངས་བཞིན་པ་དཔྱད་བརྗོད་སྤེལ་བཞིན་འདུག

ངོ་དེབ་(Facebook) དང་ཨེན་སི་(Instagram) གཉིས་ཀྱི་ཚོང་བདག་མེ་ཌ་(Meta)ཡིས་སྤྱི་ཟླ་༡༡་ཚེས་༣༠་ཉིན་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། དྲ་རྒྱའི་ལྟེ་གནས་རྒྱ་ནག་ཡིན་པ་གང་ཞིག་ལ། ཨ་རིའི་ཆབ་སྲིད་པ་སོགས་ཨ་རི་བར་བརྫུས་ནས་ཨ་རི་བ་ཡིན་མདོག་མདོག་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་གནས་ཚུལ་སྤེལ་མཁན་ངོ་དེབ་བེད་སྤྱོད་གཏོང་མཁན་༤༧༨༩་མེད་པར་བཟོས་ཡོད་པ་རེད། གསལ་བསྒྲགས་སྙན་ཐོ་དེའི་ནང་དུ་རྒྱ་ནག་ནི་ཨུ་རུ་སུ་དང་ཨེ་རན་གཉིས་ཀྱི་རྗེས་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་མང་ཤོས་ཨང་གསུམ་པ་ཡིན་པར་གསལ་སྟོན་བྱེད་འདུག

ངོ་དེབ་དང་ཨེན་སི་གྷི་རེམ་གཉིས་ཀྱི་ཚོང་བདག་མེ་ཊ།
ངོ་དེབ་དང་ཨེན་སི་གྷི་རེམ་གཉིས་ཀྱི་ཚོང་བདག་མེ་ཊ།

ཨ་རིའི་ཇོར་ཇི་ཊོན་སློབ་ཆེན་གྱི་གོ་ལའི་གནད་དོན་ལས་ཨ་རི་དང་རྒྱ་ནག་གཉིས་ཀྱི་གྲོས་མོལ་ལྟེ་གནས་ཀྱི་ཞིབ་འཇུག་པ་རྒན་པ་ཌེན་ནེ་སི་ཝིལ་ཌར་(Dennis Wilder ) གྱིས། རྒྱ་མི་དང་ཨུ་རུ་སུའི་མི། ད་དུང་གཞན་ཁག་ཅིག་བཅས་ཀྱིས་ང་ཚོའི་རྒྱུན་ལྡན་གྱི་ཆབ་སྲིད་ཁོར་ཡུག་གི་གྲོས་མོལ་དང་བགྲོ་གླེང་ལ་གནོད་པ་དང་བར་ཆད་བྱེད་བཞིན་འདུག་ཅེས་བརྗོད་འདུག

དེ་སྔོན་སྤྱི་ལོ་༢༠༠༤་ནས་༢༠༠༥་བར་སྟེ་ཨ་རིའི་སྲིད་འཛིན་བྷུ་ཤུ་ཡི་སྐབས་སུ་རྒྱལ་སྲུང་ལྷན་ཁང་གི་རྒྱ་ནག་ལས་དོན་ཁང་གི་འགན་འཛིན་གནང་མྱོང་བའི་ཞིབ་འཇུག་པ་ཌེན་ནེ་སི་ཝིལ་ཌར་(Dennis Wilder ) ཡིས་མུ་མཐུད་ནས་འགྲེལ་བརྗོད་སྐབས་སུ། ཨ་མི་རི་ཀས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ལ་གྲོས་མཐུན་དེ་འདྲ་ཞིག་འཇོག་དོན་ནི་འོས་ཤོག་འཕེན་མཁན་ཚོར་ཤུགས་རྐྱེན་སྤྲོད་རྒྱུ་དང་ང་ཚོའི་རང་དབང་གི་ཆབ་སྲིད་ལམ་ལུགས་ལ་བར་ཆད་བཟོ་ཆེད་དུ་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་བཞིན་པར་དམངས་གཙོ་རྒྱལ་ཁབ་ཚོས་མཉམ་ལས་བྱེད་དགོས་པའི་གོམ་སྟབས་གསར་བ་ཞིག་ཡིན་པ་རེད།

རྒྱ་ནག་གིས་ལྷོ་ཀོ་རི་ཡར་ཨ་རི་ལ་ངོ་རྒོལ་བྱེད་དགོས་པ་དང་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་དགོས་པའི་གནས་ཚུལ་སྤེལ་བཞིན་པ་རེད། ལྷོ་ཀོ་རི་ཡའི་རྒྱལ་ཁབ་གསང་བའི་ལས་ཁུངས་ཀྱིས་སྤྱི་ཟླ་༡༡་ཚེས་༡༣་ཉིན་ལ་ཧེ་མེན་དང་ཧེ་ཁུན་ཞེས་པའི་རྒྱ་ནག་གི་འབྲེལ་མཐུད་ལས་ཁུངས་གཉིས་ཀྱིས་ཁ་ལོ་བསྒྱུར་བཞིན་པའི་ཀོ་རི་ཡའི་སྐད་ཡིག་གི་གསར་འགྱུར་རྫུན་མའི་དྲ་ཚིགས་༣༨ ་མེད་པར་བཟོས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་སོང་།

ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ཉིན་དེའི་ཕྱི་དྲོར་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་ལྟེ་གནས་ཁང་གིས་ཀྱང་སྙན་ཐོ་ཞིག་ཕྱི་བསྒྲགས་བྱས་ཏེ། གསར་འགྱུར་རྫུན་མ་སྤེལ་མཁན་གསར་འགྱུར་དྲ་ཚིགས་དེ་ཚོས་ཁོ་ཚོའི་གསར་འགྱུར་དེ་ཚོ་ལྷོ་ཀོ་རི་ཡའི་བརྡ་འཕྲིན་གསར་འགྱུར་དྲ་ཚིགས་ཡིན་མདོག་མདོག་དང་ལྷོ་ཀོ་རི་ཡའི་བརྡ་འཕྲིན་གསར་འགྱུར་ཁང་ཁག་ལ་འབྲེལ་བ་ཡོད་མདོག་སྟོན་ནས། དཔེར་ན་གསར་འགྱུར་ཡོང་ཁུངས་ seoulpr.com དང་ Busan Online ་ཡང་ན་ busanonline.com་ལྟ་བུའི་ལྷོ་ཀོ་རི་ཡའི་གསར་འགྱུར་ལས་ཁུངས་ཁག་གི་དྲ་ཚིགས་ཀྱི་ཁ་བྱང་འདྲ་བོ་རྫུན་མ་བཀོད་ཡོད་པ་རེད། གོང་གི་བཟོ་ལས་ཁང་ཧེ་མེན་ཞེས་པ་དེ་ཡིས་རྒྱ་ནག་ནས་ལྷོ་ཀོ་རི་ཡའི་ནང་དུ་ལྷོ་ཀོ་རི་ཡའི་སྐད་དུ་ཡོད་པའི་གནས་ཚུལ་རྫུན་མ་སྤེལ་སའི་དྲ་ཚིགས་དེ་ཚོ་བདག་དམ་བྱེད་བཞིན་པ་བསྟན་འདུག

ཡང་ཧེ་མེན་ཞེས་པའི་རྒྱ་ནག་གི་འབྲེལ་ལམ་ཚོང་ལས་ཁང་དེ་ཡིས་གཉེར་བཞིན་པའི་དྲ་རྫུས་གསར་འགྱུར་དྲ་ཚིགས་ Daegu Journal་ཞེས་པས་སྤྱི་ཟླ་དྲུག་པར་སྤེལ་བའི་རྩོམ་ཡིག་ཅིག་དཔེར་ན་ཉི་ཧོང་གིས་རྡུལ་ཕྲན་ཆུ་སྙིགས་རྒྱ་མཚོར་བཏང་བ་ཡིན་ན་ལྷོ་ཀོ་རི་ཡའི་བཟའ་བཅའ་ལ་གནོད་པ་ཐེབས་རྒྱུ་ཡིན་པའི་གསར་འགྱུར་སྤེལ་བ་དེ་ཡིན་པ་རེད། (གསར་འགྱུར་འདི་བདེན་པ་མིན་ཡང་སྐབས་དེར་ཉི་ཧོང་དང་ལྷོ་ཀོ་རི་ཡར་དཀའ་རྙོག་མང་པོ་བཟོས། )

ཨ་རིའི་རྒྱལ་ཡོངས་དྲ་ལམ་བདེ་འཇགས་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་དུ། གྷུ་གྷལ་བརྡ་འཕྲིན་བཟོ་ལས་ཁང་ལ་བདག་པའི་མཱན་ཌན་ཌེ་(Mandiant)དྲ་རྒྱ་བདེ་འཇགས་ལྟེ་གནས་ཀྱིས་སྤྱི་ཟླ་༧་བར་བཏོན་པའི་སྙན་ཐོ་ཞིག་ལུང་དྲངས་པའི་ནང་དུ། ཧེ་མེན་ཞེས་པའི་ཚོང་ལས་ཁང་དེ་ཡིས་གཉེར་བཞིན་པའི་དྲ་ཚིགས་༧༢་ཡིས་ཨ་མི་རི་ཀར་ངོ་རྒོལ་བྱེད་དགོས་པའི་སྐོར་ལ་་གནས་ཚུལ་སྤེལ་བཞིན་པ་རེད།

གཟའ་མིག་དམར་ཉིན་ལ་ཀོ་རི་ཡ་ཟླ་སྒྲིལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རྒན་པ་ཆོ་ཧན་འབུམ་གྱིས་ཨ་རིའི་རླུང་འཕྲིན་ཁང་གི་ཀོ་རི་ཡའི་སྐད་ཡིག་སྡེ་ཚན་ལ་འགྲེལ་བརྗོད་སྐབས། རྒྱ་ནག་དང་བྱང་ཀོ་རི་ཡས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ལྷོ་ཀོ་རི་ཡའི་མང་ཚོགས་ཀྱི་བསམ་ཚུལ་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་འདུག་ཅེས་བརྗོད་དེ། ཤུགས་རྐྱེན་སྤྲོད་ཐབས་ཀྱི་ལས་འགུལ་དེ་ཡིས་ལྷོ་ཀོ་རི་ཡའི་ཆབ་སྲིད་ལ་ཡང་ཤུགས་རྐྱེན་ཐེབས་ངེས་པ་རེད།

XS
SM
MD
LG