ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་ན་ཨ་རིས་རྒོལ་ལན་སློག་རྒྱུའི་བསམ་ཞིབ། 


༄༅།། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་བྱུང་ནས་བཟུང་། ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་པའམ། ཡང་ན་ཡུཀ་རེན་གྱི་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ལ་གཏོར་རྒོལ། དེ་མིན་ན་ཡུཀ་རེན་གྱི་མི་མེད་ལུང་སྟོང་ཞིག་གམ། མཐོ་སྒང་ཞིག་ཏུ་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕངས་ནས་འགད་གཏོར་གཏོང་སྲིད་པ་སོགས་ལ་རྒོལ་ལན་ཇི་ལྟར་སློག་དགོས་མིན་ཐད་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༣་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་སྔ་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྟགས་མཚན་ཅི་ཡང་མ་རྙེད། ཉམས་ཞིབ་མཁས་པ་ཚོས་ཨུ་རུ་སུས་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་སྟངས་རིགས་མ་འདྲ་བ་བཞི་ཙམ་འབྱུང་སྲིད་ཅེས་བསྟན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཕུ་ཊིན་ནས་ཡུཀ་རེན་གྱི་ས་ཁུལ་བཞི་ཨུ་རུ་སུའི་མངའ་འོག་བསྡུས་པའི་མཛད་སྒོའི་ཐོག་ཏུ་སླར་ཡང་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཁོང་གིས་ཨུ་རུ་སུའི་མངའ་ཁོངས་གོང་བུ་གཅིག་གྱུར་དང་ཨུ་རུ་སུའི་མི་དམངས་ཀྱི་བདེ་འཇགས་ལ་ཐུག་ན་ང་ཚོར་གང་ཡོད་པ་རྣམས་བཀོལ་སྤྱོད་བྱ་རྒྱུ་ཡིན། འདི་ནི་ངར་སྐད་བསྒྲགས་པ་ཙམ་མིན། ཨ་མི་རི་ཀས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་ཧི་རོ་ཤི་མ་དང་ན་གྷ་ས་ཀི་གྲོང་ཁྱེར་གཉིས་ལ་རྡུལ་ཕྲན་འབར་མདེལ་འཕངས་ནས་གཏོར་རྒོལ་གྱི་ལམ་སྲོལ་གཏད་ཡོད་པ་རེད་ཅེས་བསྒྲགས།།

ཕྱི་ཟླ་༡༠་པའི་ཚེས་༢་ཉིན་ཨེ་བྷི་སི་གསར་འགྱུར་ལས་ཁང་གིས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་དང་དམག་སྤྱི་ཟུར་པ་ཕེ་ཊི་རི་ཡར་བཅར་འདྲི་རིང་པོ་ཞིག་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁོང་གིས་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ན་ཨ་མི་རི་ཀས་ཨུ་རུ་སུའི་དམག་དཔུང་རྩ་མེད་གཏོང་གི་རེད། ཕུ་ཊིན་གྱིས་དམག་སའི་དངོས་ཡོད་གནས་སྟངས་ཟློག་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་དང་ཁོ་པ་འུ་ཐུག་ན་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད། དེ་ལྟར་བྱུང་ན་ཨ་མི་རི་ཀས་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཡུཀ་རེན་གྱི་ས་ཐོག་ཏུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་དཔུང་དང་མཚོན་ཆ། མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་གི་དཔུང་སྡེ་བཅས་པ་རྩ་མེད་གཏོང་ཤས་ཆེ། ངས་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སི་ལི་ཝན་ལ་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་ན་ཨ་མི་རི་ཀས་རྒོལ་ལན་ཇི་ལྟར་སློག་དགོས་མིན་ལམ་སྟོན་ཅི་ཡང་བྱས་མེད། ཕུ་ཊིན་ནས་ཡུཀ་རེན་གྱི་དམག་འཁྲུག་འདི་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་ཅིག་ལ་འགྱུར་གྱི་འདུག་ཅེས་ཉེན་བརྡ་བཏང་བ་རེད། ཡུཀ་རེན་གྱི་དོན་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་བཞག་ཡོད་པས་ཕུ་ཊིན་ལ་ལན་པ་སློག་འདོད་ཡོད་པ་བརྗོད་ཅི་དགོས། ཕུ་ཊིན་གྱིས་དམིགས་ཡུལ་གཙོ་བོ་ཞིག་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱས་ནས་ཡུ་རོབ་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དེ་གཏོར་ཐབས་རེད་ཅེས་བཤད། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ལྐོག་ཏུ་ཨུ་རུ་སུར་རྡུལ་ཕྲན་མཆོན་ཆས་སྡིགས་ར་བསྐུལ་ན་དགེ་མཚན་མེད། རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན།།

ཨེ་བྷི་སི་གསར་འགྱུར་ལས་ཁང་གིས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་དང་དམག་སྤྱི་ཟུར་པ་ཕེ་ཊི་རི་ཡར་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་ན་ཨ་རི་དང་ནུབ་ཆིངས་སྒྲིག་འཛུགས་ཡུཀ་རེན་གྱི་དམག་འཁྲུག་དེར་མཉམ་ཞུགས་བྱ་དགོས་ཐུག་རྒྱུ་རེད་དམ་ཞེས་དྲིས། ཁོང་གིས་ཡུཀ་རེན་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་མིན་པས་ཆིངས་ཡིག་དོན་ཚན་ལྔ་པ་སྟེ། ཚོགས་འཐུས་རྒྱལ་ཁབ་གཅིག་ལ་གཏོར་རྒོལ་བྱུང་ན་ཚོགས་འཐུས་རྒྱལ་ཁབ་ཚང་མར་གཏོར་རྒོལ་ཕོག་དང་ཁྱད་པར་ཅེས་མཉམ་འབྲེལ་སྲུང་སྐྱོབ་སྲིད་ཇུས་དེ་ལག་ལེན་བསྟར་དཀའ། ཡིན་ནའང་ཨ་མི་རི་ཀ་དང་ནུབ་ཆིངས་ཀྱིས་ཨུ་རུ་སུར་རྒོལ་ལན་ཇི་ལྟར་ཀློག་དགོས་མིན་གྲ་སྒྲིག་བྱས་ངེས་རེད། རྡུལ་ཕྲན་གྱི་འོད་རླབས་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཁྱབ་རྒྱུའི་ཉེན་ཁ་ཡོད། དེས་ན་ནུབ་ཆིངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཅིག་གིས་ཆིངས་ཡིག་དོན་ཚན་ལྔ་པ་ལག་ལེན་བསྟར་དགོས་ཞེས་དམག་སྐུལ་བྱུང་ན་ནུབ་ཆིངས་ཀྱིས་ཨུ་རུ་སུར་རྒོལ་ལན་མ་བསློགས་པར་འཇོག་ཐབས་བྲལ། ང་ཚོས་དམག་འཁྲུག་གི་ཛ་དྲག་ཆེ་རུ་གཏོང་མི་ཉན་ཡང་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་ན་དེ་ལ་རྒོལ་ལན་མེད་པར་རྒྱ་ཡན་དུ་ནམ་ཡང་གཏོང་མི་ཉན། བདུན་ཕྲག་སྔོན་མར་ཡུཀ་རེན་གྱི་ས་ཁུལ་བཞི་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་ཀྱང་ཌོན་བྷ་སི་མངའ་ཁུལ་གྱི་ཤར་ཕྱོགས་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པ་དང་ཕུ་ཊིན་གྱི་དམག་སྐུལ་ལ་ལམ་ལྷོངས་མ་བྱུང་། ཨུ་རུ་སུའི་དམག་མི་གསར་པ་ཚོས་ཡུཀ་རེན་ལ་འཕྲལ་དུ་མགོ་སྒུར། མཐར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་གྲོས་མོལ་གྱི་ལམ་ནས་གནད་དོན་ཐམས་ཅད་ཐག་གཅོད་བྱ་དགོས་ཞེས་གྲོས་མགོ་བཏོན་པ་ལྟར་ཕུ་ཊིན་ལམ་ཕྱོགས་དེར་མ་བསྐྱོད་ཀ་མེད་དུ་འགྱུར་ངེས་རེད། ཕུ་ཊིན་གྱིས་ཨུ་ཚུགས་བརྒྱབ་ན་ཨུ་རུ་སུར་ཇུས་ཉེས་འབྱུང་རྒྱུ་སྔར་ལས་ཚབས་ཆེ་རུ་འགྲོ་རྒྱུ་དང་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱེད་བཞིན་པར་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྣང་ཆུང་གཏན་ནས་གཏོང་མི་ཉེན་ཞེས་ནན་བརྗོད་བྱས་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊིན་གྱིས་སི་ཨེན་ཨེན་གསར་འགྱུར་ལས་ཁུངས་ལ་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་མིན་ནི་མི་གཅིག་གི་ཐུག་གཅོད་ལ་རག་ལས་པ་རེད། ཕུ་ཊིན་ལ་གྲོས་ཚོགས་དང་ཆེས་མཐོའི་ཁྲིམས་ཁང་སོགས་སྟངས་འཛིན་བྱེད་ཐུབ་མཁན་ཅི་ཡང་མེད་ཅིང་། ཁོ་པས་ཡུཀ་རེན་ལ་བཙན་འཛུལ་བྱ་དགོས་ཞེས་འགན་འཁྲི་མི་ལེན་པའི་ཐག་གཅོད་ཅིག་བྱས་པ་རེད། ཕུ་ཊིན་གྱིས་སླར་ཡང་འགན་འཁྲི་མི་ལེན་པའི་ཐག་གཅོད་ཅིག་མི་བྱེད་པའི་ངེས་པ་མི་འདུག་ཅེས་བཀྲལ། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་འཐུས་མི་མར་ཀོ་རུ་བྷིའོ་ཡིས་ཕུ་ཊིན་ལ་གདམ་ཀ་གཉིས་ལས་མི་འདུག གཅིག་ནི་ཡུཀ་རེན་གྱི་ས་ཐོག་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དང་གདམ་ཀ་གཞན་པ་དེ་སྔར་བཞིན་དམག་ས་བཟུང་ནས་འཐབ་འཁྲུག་རྒྱུག་རྒྱུ་དེ་རེད། དེར་བརྟེན་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པ་སྐྱེལ་འདྲེན་བྱ་ཡུལ་པོ་ལན་ཌིར་ཨུ་རུ་སུས་གཏོར་རྒོལ་བྱ་རྒྱུའི་ཉེན་ཁ་འདུག ཨུ་རུ་སུས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་པོ་ལན་ཌིར་གཏོར་རྒོལ་བྱས་ན་ནུབ་ཆིངས་ཀྱིས་ངེས་པར་དུ་ཨུ་རུ་སུར་རྒོལ་ལན་སློག་དགོས་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་གསང་བའི་ལས་དོན་ཚོགས་ཆུང་གི་འཐུས་མི་ཁུ་ཝེ་གྷ་ལེས་ང་ཚོས་ཕུ་ཊིན་གྱི་འཇིགས་སྐུལ་ལ་སྣང་ཆུང་མ་བྱས་པར་རྒོལ་ལན་ཇི་ལྟར་སློག་དགོས་མིན་གྲ་སྒྲིག་བྱ་དགོས་ཞེས་བཤད་འདུག

ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཕུ་ཊིན་ལ་ཨུ་རུ་སུའི་མི་རིགས་རིང་ལུགས་པ་དང་གཡས་ཤོག་གི་མཁྲེགས་འཛིན་པ་ཚོས་རྒྱལ་ཡོངས་དམག་སྐུལ་བྱས་ནས་ཡུཀ་རེན་ལ་བཙན་འཛུལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་གནོན་ཤུགས་སྤྲད། དེ་བཞིན་ཨུ་རུ་སུའི་མང་ཚོགས་ཀྱིས་དམག་འཁྲུག་དང་དམག་སྐུལ་ལ་ངོ་རྒོལ་བྱས་ནས་སྐྱེས་པ་འབུམ་ཕྲག་མང་པོ་ཕྱི་རྒྱལ་ལ་བྲོས། འདས་པའི་ཟླ་བ་༧་ལྷག་གི་རིང་ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས། ཕུ་ཊིན་ལ་ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་ཐེབས་ཀྱི་ཡོད་ཀྱང་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་ཐུབ་རྒྱུ་ཁག་པོ་རེད། གདམ་ཀ་དེ་ཨུ་རུ་སུ་རྦད་དེ་ཕམ་ཉེས་སུ་གཏོང་རྒྱུའི་སྣ་འདྲེན་ཞིག་ཡིན་པས་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་མི་ཕོད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་ལ་བཅར་འདྲི་ཞུས་པའི་སྐབས་སུ་ཕུ་ཊིན་གྱིས་རང་ཉིད་གཞན་དང་མ་འདྲ་བའི་ངར་པོ་ཞིག་ཡིན། ཁོ་པ་སུ་གཅིག་ལ་སྐྲག་གི་མེད་པ་དང་མཁྲེགས་པོ་ཡིན་པའི་རྣམ་འགྱུར་ཞིག་སྟོན་འདུག དོན་དངོས་སུ་ཕུ་ཊིན་ཕྱི་ནུར་རྒྱག་ས་མེད་པ་དང་གྲུ་ཁུག་ཏུ་བཅུག་ཡོད་པ་ཧ་ཅང་གསལ་པོ་རེད། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་བཞིན་པར་ང་ཚོས་སྣང་ཆུང་བྱེད་མི་ཉན། ཡིན་ནའང་ཨུ་རུ་སུས་ཡུཀ་རེན་ལ་རྡུལ་ཕྲན་མཆོན་ཆས་གཏོར་རྒོལ་བྱེད་ཐུབ་རྒྱུ་ཧ་ལམ་ཁག་པོ་རེད་ཅེས་བཤད། ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འབྲེལ་མཐུད་པ་ཇཱོན་ཀིར་བྷིར་གསར་འགོད་པ་ཚོས་ཨུ་རུ་སུས་ཡུཀ་རེན་གྱི་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་གཏོར་རྒྱུའི་ཉེན་ཁ་འདུག་གམ་ཞེས་དྲིས། ཁོང་གིས་ཨུ་རུ་སུས་རྡུལ་ཕྲན་གྱི་རིགས་གང་འདྲ་ཞིག་བཀོལ་སྤྱོད་བྱས་ཀྱང་དེ་ལ་རྒོལ་ལན་ཞིག་འབྱུང་རྒྱུ་ཡིན་པར་སྔོན་ནས་བསམ་བློ་ཐོངས་དགོས། ང་ཚོས་ཨུ་སུ་སུའི་གཏམ་སྤྱོད་གཉིས་ཀར་ལྟ་ཞིབ་གཟབ་ནན་བྱེད་བཞིན་ཡོད་ཅེས་ལན་འདེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG