ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

ཨ་རིའི་གཞུང་གིས་འབྲུག་ཡུལ་གྱི་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་ཞུས། 


Blinken Bhutan National Day
Blinken Bhutan National Day

༄༅།། ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་འབྲུག་ཡུལ་དུ་རྒྱལ་སྟོན་དུས་ཆེན་ཐེངས་༡༡༦་པ་ཚུགས། ཨ་རིའི་གཞུང་གིས་འབྲུག་ཡུལ་གྱི་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་ཞུས་པའི་གནས་ཚུལ་ཐོན་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ཟླ་༡༢་པའི་ཚེས་༡༧་འདིར་འབྲུག་གཞུང་དམངས་གཉིས་ཀས་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པར་ཨ་མི་རི་ཀས་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ་རྒྱུ་ཡིན། ཨ་རི་དང་འབྲུག་པའི་མི་དམངས་གཉིས་ཀྱིས་འཛམ་གླིང་འདི་བདེ་ཞིང་སྐྱིད་པ་ཞིག་ཏུ་བསྒྱུར་རྒྱུའི་ཐུན་མོང་གི་ཀུན་སློང་བཅངས་ཏེ་མཛའ་མཐུན་གྱི་འབྲེལ་བ་ཞིག་ཚུགས་ཡོད། ཨ་རིའི་གཞུང་ནས་ང་ཚོ་ཕྱོགས་གཉིས་ཀྱི་མང་ཚོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་སྲ་བརྟན། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སོགས་ཀྱིས་མཚོན་པའི་དཀའ་ངལ་ཁག་ལ་མཉམ་འབྲེལ་གདོང་ལེན་བྱ་རྒྱུའི་རེ་ལྟོས་འཆང་ཡོད། ངས་ཨ་རིའི་མི་དམངས་དང་སྲིད་གཞུང་གི་ཚབ་ཞུས་ཏེ་འབྲུག་པའི་མི་དམངས་ལ་རྒྱལ་སྟོན་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་དེ་རིང་གི་རྒྱལ་ཡོངས་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་༡༧་ཉིན་ནི་༡༩༠༧་ལོར་འབྲུག་ཡུལ་གྱི་རྒྱལ་པོ་ཐོག་མ་ཨོ་རྒྱན་དབང་ཕྱུག་གསེར་ཁྲི་མངའ་གསོལ་ཞུས་ནས་ལོ་༡༡༦་འཁོར་བའི་དུས་དྲན་ཡིན་ཞིང་། དུས་རབས་༡༧་པའི་ནང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་ཡུལ་གཅིག་ཏུ་བསྒྲིལ། འབྲུག་ཡུལ་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལག་ལེན་བསྟར། དུས་རབས་༡༩་པའི་སྨད་དུ་བོད་དང་དབྱིན་ཇི་གཉིས་འབྲུག་ཡུལ་ལ་འཛིན་སྐྱོང་ཇི་ལྟར་བྱ་དགོས་མིན་ཐད་ལྟ་ཚུལ་མ་མཐུན། དེ་ནས་བོད་དང་དབྱིན་ཇི་བཙན་གཉིས་ཀྱིས་དམག་འཁྲུག་བརྒྱབ། འབྲུག་ཡུལ་གྱི་སྡེ་དཔོན་མི་དྲག་ཁག་གིས་ཀྱང་ཕན་ཚུན་སྟོབས་ཤུགས་འགྲན་ནས་སྲིད་དབང་བརྩད། འབྲུག་ཡུལ་དབུས་ཕྱོགས་ཀྱི་ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་གཟེངས་སུ་ཐོན། ཁོང་གིས་རྒྱལ་ཡོངས་གཅིག་གྱུར་བྱས་ནས་རྒྱ་གར་ལ་དབང་བསྒྱུར་བྱེད་མཁན་དབྱིན་ཇིའི་གོང་མའི་གཞུང་ལ་འབྲེལ་བ་བཟང་པོ་བཙུགས།།

འབྲུག་ཡུལ།
འབྲུག་ཡུལ།

ཨོ་རྒྱན་དབང་ཕྱུག་འབྲུག་ཡུལ་གྱི་དབང་ཐང་ཆེ་ཤོས་སུ་གྱུར་པའི་རྗེས་སུ་འབྲུག་པའི་ཆོས་སྡེ་ཁག་དང་སྲིད་ཀྱི་སྣེ་མོ་བ་རྣམས་གྲོས་ཁ་བསྡུར། འབྲུག་ཡུལ་ལ་ལོ་༣༠༠་ལྷག་གི་རིང་ལག་ལེན་བསྟར་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མཚམས་བཞག་སྟེ་གཞུང་འཛིན་ལམ་ལུགས་གསར་པ་ཞིག་གི་སྲོལ་གཏད། འབྲུག་ཡུལ་གྱི་སྡེ་དཔོན་མི་དྲག་ཁག་ཨོ་རྒྱན་དབང་ཕྱུག་རྒྱལ་པོར་བསྐོ་རྒྱུར་བློ་ཁ་གཅིག་ཏུ་འཐད། འབྲུག་ཡུལ་དུ་རྒྱལ་པོའི་གཞུང་འཛིན་ལམ་ལུགས་བཙུགས་ཏེ་དབང་ཕྱུག་རྒྱལ་རབས་ཚུགས། རྒྱལ་ཁབ་ཀྱི་དབུ་ཁྲིད་དེར་འབྲུག་རྒྱལ་པོ་ཞེས་གཞུང་འབྲེལ་གྱི་མཚན་གནས་གཏན་ལ་ཕབ། འབྲུག་ཡུལ་གྱི་རྒྱལ་སྟོན་དུས་ཆེན་ཉིན་རྒྱལ་པོ་དང་པོ་ཨོ་རྒྱན་དབང་ཕྱུག་གི་སྐུ་པར་བཤམས་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་ཅིང་། འབྲུག་ཡུལ་གྱི་ས་གནས་ཁག་ཏུ་ཚེས་བཅུའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར་མ་ཡིན་པར་རྒྱལ་སྟོན་དུས་ཆེན་ནི་འབྲུག་རྒྱལ་ཡོངས་སུ་སྲུང་བརྩི་ཞུ་བའི་དུས་ཆེན་ཞིག་ཡིན་པར་མ་ཟད། ཉིན་དེར་འབྲུག་ཡུལ་དུ་གུང་སེང་བཏང་སྟེ་གཞུང་གི་ལས་ཁུངས་ཁག་སྒོ་བརྒྱབ་ནས་དགའ་སྟོན་གྱི་བྱེད་སྒོ་ཁག་ལ་རོལ། རྒྱལ་སྟོན་དུས་ཆེན་ནི་འབྲུག་ཡུལ་གྱི་དུས་ཆེན་ཆེ་ཤོས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཉི་མའི་ཉིན་རྒྱ་གར་གྱི་ཨིན་དྷོ་ཨེ་ཤི་ཡའི་གསར་འགྱུར་ལས་ཁང་གིས་གནས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་གྲ་རྒྱས་དང་འབྲུག་པའི་མི་དམངས་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། རྒྱལ་ཁབ་དེའི་རབ་ཏུ་ཕྱུག་པའི་ཤུལ་བཞག་རིག་གནས་ལ་སྤོབས་པ་བསྐྱེད་པའི་དུས་སྐབས་ཤིག་རེད་ཅེས་གསར་འགྱུར་སྤེལ། ༢༠༠༨་ནས་འབྲུག་ཡུལ་དུ་དམངས་གཙོའི་འོས་བསྡུ་བྱས་ནས་གྲོས་ཚོགས་འཐུས་མི་རྣམས་མང་ཚོགས་ཀྱིས་ཐད་ཀར་བདམས། སྲིད་གཞུང་དེ་མི་དམངས་ཀྱིས་འོས་འདེམས་བྱས་པའི་སྲིད་བློན་ཞིག་ལ་འཛིན་སྐྱོང་བྱེད་དུ་བཅུག་སྟེ་ཆབ་སྲིད་ཀྱི་ལེགས་བཅོས་ཆེན་པོ་བྱས་མོད། འོན་ཀྱང་ད་དུང་ཡང་འབྲུག་རྒྱལ་པོས་སྔར་བཞིན་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དང་རྒྱལ་ཁབ་ཡར་རྒྱས། ཕྱི་ནང་གི་ལས་དོན་ཆེ་ཕྲ་ཀུན་ལ་ཐུགས་འགན་བཞེས་ནས་འབུངས་མི་སེར་རྣམས་བློ་བདེ་བག་ཕེབས་སུ་བཀོད། ད་ལྟའི་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་བཙུན་མོ་རྗེ་བཙུན་པདྨ་རྣམ་གཉིས་ནི་འཛམ་ཡོངས་ཀྱིས་དགའ་མོས་བྱ་ཡུལ་སྟངས་དཔྱལ་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་འབྲུག་ཡུལ་གྱི་རྒྱལ་སྟོན་དུས་ཆེན་ལ་ཕྱིའི་རྒྱལ་ཁབ་ཁག་གི་གནད་ཡོད་སྐུ་མགྲོན་༡༥༠་ལྷག་གདན་འདྲེན་ཞུས། འབྲུག་པའི་གླུ་དང་གར། གཞས་དང་ཞབས་བྲོ་སོགས་འཁྲབ། འབྲུག་པའི་རྩེད་རིགས་ཁག་འགྲན་སྡུར་བྱས་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་དང་འབྲུག་པའི་མི་དམངས་རྣམས་དགའ་སྤྲོས་བརྟས། ཕྱི་ཟླ་༡༢་པའི་ཚེས་༡༨་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དགུང་གྲངས་༩༣་ལ་ཕེབས་པའི་རྒྱལ་པོའི་མེས་མོ་དང་རྒྱལ་ཐོག་བཞི་པ། བཙུན་མོ་རྣམས་ཀྱང་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་མཛད། འབྲུག་རྒྱལ་པོས་མི་དམངས་རྣམས་སྔ་ནུབ་ནས་བསླེབས་ཏེ་རྒྱལ་སྟོན་དུས་ཆེན་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། འབྲུག་པ་ཚོར་རྒྱལ་སྟོན་དུས་ཆེན་ལས་ལྷག་པའི་རང་གི་རྒྱལ་ཁབ་ལ་དགའ་ཞེན་ཡོད་པའི་རྣམ་པ་སྟོན་ཐབས་ཤིག་མེད། ལྷོ་ཨེ་ཤི་ཡར་སྔོན་ཆད་བྱུང་མྱོང་མེད་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་འདུག དེ་རིང་ངས་དགེ་ལེགས་ཕུག་ཏུ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོང་ཁྱེར་ཞིག་འཛུགས་བྱ་རྒྱུའི་གསལ་བསྒྲགས་བྱ་རྒྱུ་ཡིན་ཞེས་བསྒྲགས།།

འབྲུག་རྒྱལ་པོས་མུ་མཐུད་དུ་གསུང་བཤད་གནང་བ་ལྟར་ན། དགེ་ལེགས་ཕུག་གམ། བསམ་གྲུབ་ལྗོངས་མཁར་རྒྱ་གར་གྱི་ཨ་སམ་དང་བྱང་ཤར་མངའ་སྡེ་ཁག་ལ་མཐུད། དེ་ནས་འབར་མ་དང་ཐེ་ལན་ཌི། ཀེམ་བྷོ་ཌི་ཡ་དང་ཝི་ཏེ་ནམ། མ་ལ་ཡེ་ཤི་ཡ་དང་སིངྒ་པུར་སོགས་ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་དཔལ་འབྱོར་འཕེལ་རྒྱས་མྱུར་དུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་མཐུད་དགོས། ང་ཚོས་གོ་སྐབས་དམ་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་ཕན་ལེན་དགོས། མི་འགའ་ཤས་ཀྱིས་བུམ་ཐང་གི་སྦྲང་རྩི་དང་ཤ་མོ། རྫས་ལུད་མ་བརྒྱབ་པའི་རང་བྱུང་ཤིང་འབྲས་སྤུས་ལེགས་རྣམས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་སིངྒ་པུར། ཉི་ཧོང་སོགས་ལ་ཕྱིར་ཚོང་བྱ་དགོས་པའི་གྲོས་འགོ་བཏོན་ཡང་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་མིན་པར་སྣང་། འབྲུག་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་བར་ང་ཚོས་གདམ་ཀ་མ་ནོར་བ་ཞིག་བྱ་དགོས་ཞེས་ནན་བརྗོད་གནང་འདུག

འབྲུག་རྒྱལ་པོའི་གསུང་བཤད་ནང་དུ་འབྲུག་ཡུལ་གྱི་ན་གཞོན་ཚོར་རང་ཡུལ་དུ་ལས་ཀ་དང་མདུན་ལམ་ཡག་པོ་མེད་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དགོས་པའི་དཀའ་ངལ་ཆེ་བ་གླེང་སློང་མཛད་ཡོད་པ་སྟེ། འབྲུག་ཡུལ་གྱི་སྨན་པ་དང་སྨན་ཞབས་པ། བཟོ་བཀོད་པ་དང་དགེ་རྒན། ཁྲིམས་རྩོད་པ་དང་འཕྲུལ་རིག་ལག་རྩལ་བ་བཅས་ཆེད་པ་ཚོས་བཟའ་ཟླ་བུ་ཕྲུག་ཤུལ་དུ་བསྐྱུར་ཏེ་ཕྱི་རྒྱལ་ལ་ལས་ཀ་འཚོལ་དུ་བསྐྱོད་དགོས་ཀྱི་འདུག ང་ཚོའི་རྒྱལ་ཁབ་ལ་མི་འབོར་འབུམ་༧་ཡས་མས་ཤིག་ལས་མེད་པ་ནི་དཀའ་ངལ་ཆེན་པོ་ཞིག་རེད། ང་ཚོས་ཐབས་ལམ་ཡག་པོ་ཞིག་མ་རྙེད་ན་མི་འབོར་སྔར་ལས་ཉུང་དུ་འགྲོ་རྒྱུ་ཉག་གཅིག་རེད། ང་ཚོར་མོ་ཡན་ལས་ཁང་པ་མང་བ་དང་ཅ་ལག་ཉོ་མཁན་ལས་ཚོང་ཁང་མང་། བཟའ་བཏུང་བྱེད་མཁན་ལས་ཟ་ཁང་མང་བའི་མཚམས་སུ་མི་སླེབས་པའི་ངེས་པ་མེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་འབྲུག་པ་རྣམས་ཀྱང་གཏན་ནས་བརྗེད་མེད། ཁྱེད་ཚོ་སེམས་ལ་བཅངས་ནས་དགེ་ལེགས་ཕུག་གི་ལས་གཞི་འདི་གཉེར་གྱི་ཡོད་ཅེས་གསུངས་འདུག

འབྲུག་རྒྱལ་པོ་འཇིགས་མེད་གེ་སེར་རྣམ་རྒྱལ་དབང་ཕྱུག་གིས་དགེ་ལེགས་ཕུག་ཏུ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པ་དེས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༠༠༠་ཁེབས་རྒྱུ་ཡིན་རུང་འབྲུག་ཡུལ་གྱི་ས་ཁྱོན་བརྒྱ་ཆ་༢.༥་ལས་ཟིན་མེད། དགེ་ལེགས་ཕུག་གི་དཔལ་འབྱོར་གྲོང་ཁྱེར་གྱི་ཁེ་ཕན་རྒྱལ་ཡོངས་ལ་འཐོབ་ཐུབ། མི་ཁ་ཤས་ཀྱིས་ཅིའི་ཕྱིར་དགེ་ལེགས་ཕུག་གཅིག་པུར་འཛུགས་སྐྲུན་བྱེད་ཀྱི་ཡོད། འབྲུག་ཡུལ་དུ་རྫོང་ཁག་༢༠་ཡོད་པ་ཐམས་ཅད་ལ་འཛུགས་སྐྲུན་མི་བྱེད་པ་ཅི་རེད། ཐིམ་ཕུག་དང་སྤ་རོ་ལ་འཛུགས་སྐྲུན་བྱེད་མི་ཆོག་གམ་ཞེས་འདྲི་སྲིད། འབྲུག་པའི་གཏམ་དཔེར་ཁ་སྐོམ་ན་ཆུ་ལ་མ་མཆོངས་ཞེས་ཟེར་སྲོལ་ཡོད་པ་ལྟར་ང་ཚོས་ཁེ་གྱོང་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། དགེ་ལེགས་ཕུག་གི་ལས་གཞི་དེར་གཟབ་ནན་བྱས་ནས་འཆར་འགོད་བྱས་ཡོད། ཆབ་སྲིད་ཀྱི་ཐེ་གཏོགས་དང་འདོད་རྔམས། སྐབས་འཚོལ་རིང་ལུགས་དང་ཡུན་ཐུང་གི་བསམ་བློ། མཐར་ལྐོག་ཟ་རུལ་སུངས་སུ་གྱུར་ན་འཆར་གཞི་ཡག་པོ་ཞིག་ཡིན་རུང་མེད་བརླག་ཏུ་གཏོང་གི་ཡོད་པ་རེད་ཅེས་གསུང་བཤད་གནང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG