ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

 ཨ་རིའི་བཟོ་ཚོང་ལས་ཁང་སོཊ་ལ་རྒྱ་ནག་དམར་ཤོག་ཚོགས་པ་སིམ་འཛུལ། 


༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་དང་ཕྱི་འབྲེལ་དོན་གཅོད་ཁང་། ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཁག དབྱིན་ཇིའི་ཕྱི་འབྲེལ་དོན་གཅོད་ཁང་དང་རྒྱལ་སྲུང་། སྨན་སྦྱོར་བཟོ་ཚོང་ལས་ཁང་སོགས་ལ་སིམ་འཛུལ་བྱས་ནས་སློབ་སྟོན་པ་དང་དཔལ་འབྱོར་འདུ་འགོད་པ། སྐད་སྒྱུར་དང་དྲུང་ཡིག་སོགས་ཀྱི་ལས་ཀ་བྱེད་པའི་གྲས་སུ་སླེབས་ཡོད་པའི་གནས་ཚུལ་ཐོན། ད་དུང་རྒྱ་ནག་དམར་ཤོག་ཚོགས་པས་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་བཟའ་མི་ཚོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ནི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་བསྒྲགས། ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་བྷོ་དབྱིང་གནམ་གྲུ་བཟོ་ཚོང་ཁང་དང་ཁཱོལ་ཁམ་སྐུད་མེད་བརྡ་འཕྲིན་འཕྲུལ་རིག་ཁང་། ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་དང་ཨ་རིའི་ནེའུ་ཡོག་སློབ་གྲྭ་ཆེན་པོ་སོགས་ལ་རྒྱ་ནག་གི་ས་ཐོག་ཏུ་ཡན་ལག་བཟོ་གྲྭ་ཁག་དང་སློབ་གྲྭ་ཡོད་པ་དེ་དག་གི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་བརྒྱ་ཕྲག་འགའ་ཞིག་ལ་ལས་ཀ་ཐོབ་འདུག དེ་བཞིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་རྒྱ་མོ་ལས་བྱེད་པ་གསུམ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ཞིང་། དབྱིན་ཇི་དང་འཇར་མན་ཎི། སུད་སི་དང་རྒྱ་གར། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཨི་ཊ་ལི་དང་ལྷོ་ཨ་ཧྥི་རི་ཀ་བཅས་རྒྱ་ནག་གི་ས་ཐོག་ཏུ་བཅའ་སྡོད་ཕྱིའི་རྒྱལ་ཁབ་ཁག་བཅུ་གྲངས་ཤིག་གི་དོན་གཅོད་ལས་ཁང་ཁག་གི་ལས་བྱེད་པའི་གྲས་སུའང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་སླེབས་འདུག ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ཡིག་ཆ་ཞིག་ཕྱི་ལ་འཁྱར་པ་དེར་གནས་ཚུལ་དེ་རྣམས་གསལ་འཁོད་བྱུང་ཡོད་པའི་གནས་ཚུལ་ཐོན།།

ཨ་རིའི་གྲོས་ཚོགས་གོང་མའི་རྒྱལ་ནང་བདེ་འཇགས་ཚོགས་ཆུང་གི་ཚོགས་མི་སྟེ། ཨ་མི་རི་ཀའི་མཱི་སོ་རི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོ་ཤི་ཧོ་ལེས་ཁ་སང་གཟའ་ཉི་མར་གསར་འགོད་པ་ཚོར་ཨ་མི་རི་ཀའི་གཞུང་གི་ལས་ཁུངས་ཁག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་འཇོག་ཐབས་མེད། ཨ་མི་རི་ཀའི་སྤྱི་སྒེར་གྱི་ལས་ཁུངས་ཁག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་སིལ་འཛུལ་བྱུང་བའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཚེ། ཨ་མི་རི་ཀའི་གཞུང་དང་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་གཉིད་སད་དགོས་པའི་ཅོང་བརྡ་བཏང་བ་ཞིག་རེད། ཨ་མི་རི་ཀས་རྒྱ་ནག་དམར་ཚོགས་པའི་ཚོགས་མི་ཚོར་དགའ་བསུ་ཞུ་བཞིན་པར་དོགས་ཟོན་བྱ་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཨ་མི་རི་ཀའི་ལས་ཁུངས་ཁག་དང་བཟོ་ཚོང་ལས་ཁང་ཁག་ལ་སིམ་འཛུལ་བྱས་ནས་གྲུབ་འབྲས་ཐོན་ཡོད་པ་ར་སྤྲོད་བྱུང་བ་རེད་ཅེས་བཤད། རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ཡིག་ཆ་ཕྱི་ལ་འཁྱར་པ་དེར་ཨ་རི་དང་དབྱིན་ཇི་སོགས་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་སྒེར་གྱི་ལས་ཁུངས་ཁག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་སིམ་འཛུལ་བྱེད་ཐུབ་ཡོད་ཅེས་བཀོད། ཡིན་ནའང་ཚོགས་མི་དེ་རྣམས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གསང་ཉུལ་རེད་ཅེས་གསལ་ཁ་ཐོན་མེད། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དེ་རྣམས་གསང་ཉུལ་ཡིན་པའི་དོགས་ཟོན་བྱས་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཐོངས་མཆན་སྤྲོད་རྒྱུ་དམ་དུ་བཏང་ཞིང་། ཨ་མི་རི་ཀས་རྒྱ་ནག་གི་སྤྱི་དམངས་ཚོར་ལོ་བཅུའི་རིང་ཕར་འགྲོ་ཚུར་འོང་ལན་མང་བྱེད་ཆོག་པའི་ཐོངས་མཆན་སྤྲོད་ཀྱི་ཡོད་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་བཅས་ལ་ཟླ་བ་གཅིག་གི་ཐེངས་གཅིག་འཛུལ་ཞུགས་བྱེད་ཆོག་པའི་ཐོངས་མཆན་ལས་སྤྲོད་རྒྱུ་མིན་པའི་ཐག་བཅད།།

ཨོ་གླིང་རྒྱལ་ཁབ་ཀྱི་དྲྭ་རྒྱ་༢་༠་ཞེས་པ་མཉམ་འབྲེལ་གསར་འཛུགས་པ་རོ་བྷིན་སན་གྱིས་༢༠༡༦་ལོར་རྒྱ་ནག་གི་གསང་བའི་ཐོ་གཞུང་འདི་དར་འཕྲིན་དྲྭ་ལམ་གྱི་གསང་ཡིག་བརྒྱུད་ནས་ཕྱི་ལ་བསྐུར་པ་རེད། ང་ཚོས་འདི་ལ་ཞིབ་འཇུག་གཟབ་ནན་བྱས་ནས་གཞི་གྲངས་ངོ་མ་ཡིན་པའི་ར་སྤྲོད་བྱེད་ཐུབ། ཡིག་ཆ་འདི་རྣམས་ཧྲང་ཧེ་གྲོང་ཁྱེར་དུ་གནས་འཁོད་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཁག་ཅིག་གིས་དངོས་སུ་ལས་ཁུངས་དེའི་དྲྭ་ལམ་ནས་ཕབ་ལེན་བྱས་ཏེ་ཕྱི་ལོགས་སུ་མཁོ་སྤྲོད་བྱས་པ་རེད། ཁོ་ཚོ་ལས་ཁུངས་དེའི་ནང་དུ་ཡོད་པས་དྲྭ་ལམ་ལ་སིམ་འཛུལ་བྱས་ནས་རྒྱ་གཞུང་གི་གཞི་གྲངས་ཡིག་ཆ་རྐུ་ལེན་བྱས་པ་ཞིག་མ་རེད། ང་ཚོས་ཟླ་བ་གཅིག་དང་ཕྱེད་ཀའི་སྔོན་དེར་ཡིག་ཆ་འདི་རྒྱ་ནག་ལ་ཞིབ་འཇུག་བྱེད་མཁན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ལྷན་ཚོགས་ལ་བཀྲམ་པ་ཡིན་ཞེས་བཤད། གཞི་གྲངས་དེར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོའི་མིང་དང་མི་རིགས། སྐྱེས་ཡུལ་དང་ཤེས་ཚད། ངོ་སྤྲོད་ལག་འཁྱེར་གྱི་ཨང་གྲངས་དང་ཁ་པར་ཨང་གྲངས། ཁ་བྱང་སོགས་བཀོད་ཡོད་པ་དང་ཨོ་གླིང་གི་དྲྭ་རྒྱ་༢་༠་མཉམ་འབྲེལ་གསར་འཛུགས་པ་རོ་བྷིན་གྱིས་ཧང་ཧྲེ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་རྒྱ་མོ་ལས་བྱེད་པ་གསུམ་རྒྱ་ནག་དམར་ཚོགས་པའི་ཚོགས་མི་ཡིན་པ་ངོ་ཐག་བཅད། རྒྱ་མོ་གསུམ་པོ་དེའི་མི་རིགས་ནི་རྒྱ་ནག་པ་དང་སློབ་ཆེན་གྱི་ཤེས་ཚད་ལྡན་པ། ཁོ་ཚོ་ཧྲང་ཧེ་ཕྱི་འབྲེལ་སྲི་ཞུ་སྒྲིག་འཛུགས་ཀྱི་ཚོགས་མི་རེད། ཧྲང་ཧེ་ཕྱི་འབྲེལ་སྲི་ཞུ་སྒྲིག་འཛུགས་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཧྲང་ཧེ་གྲོང་ཁྱེར་དུ་སྒྲིག་འཛུགས་དེ་འདྲ་༣༡་བཙུགས་ཡོད་པའི་གྲས་ཤིག་རེད། ཧྲང་ཧེ་ཕྱི་འབྲེལ་སྲི་ཞུ་སྒྲིག་འཛུགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་གི་དོན་གཅོད་ལས་ཁང་ཁག་ལ་ལས་བྱེད་པ་དང་སྐད་སྒྱུར། དྲུང་ཡིག་དང་དགེ་རྒན། གསར་འགོད་འབྲེལ་མཐུད་པ་སོགས་ཀྱི་ལས་བྱེད་པ་འཚོལ་སྒྲུབ་ཀྱིས་སྲི་ཞུ་སྒྲུབ་ཀྱི་འདུག་ཅེས་བཤད། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་མིའི་བདེ་འཇགས་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་སིམ་འཛུལ་ཀྱི་ཡིག་ཆའི་སྐོར་ལ་འགྲེལ་བཤད་གསལ་པོ་ཞིག་རྒྱག་གི་མིན། རྒྱ་ནག་དམར་ཤོག་ཚོགས་པས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཐབས་བྱས་ནས་སིམ་འཛུལ་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ད་ལོའི་ཕྱི་ཟླ་༧་པར་ཨ་རིའི་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་བརྒྱབ་ནས་བཟུང་། ཨ་མི་རི་ཀའི་སློབ་ཆེན་ཁག་ཏུ་རྒྱ་ནག་དམར་ཤོག་ཚོགས་པར་ལས་དོན་སྒྲུབ་མཁན་མི་གྲངས་༩༢༠༠༠༠༠༠་ཡོད་པ་རྩད་གཅོད་ཐུབ་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཡན་ལག་༧༩༠༠༠་ཚུགས་ཡོད་པའི་གནས་ཚུལ་ཐོན།།

དཔེར་ན་ཨ་མི་རི་ཀའི་བྷོ་དབྱིང་གནམ་གྲུ་བཟོ་ཚོང་ཁང་ལ་རྒྱ་ནག་ཏུ་ཡན་ལག་༡༧་ཡོད་པ་དེ་དག་གི་ནང་དུ་དམར་ཤོག་ཚོགས་པའི་ཚོགས་མི་༢༥༢་ཡོད་ཅིང་། ཚོགས་མི་༡༦་རྒྱ་ནག་གི་ཧོང་ཆའོ་ས་གནས་སུ་བྷོ་དབྱིང་གནམ་གྲུ་བཟོ་ཚོང་ཁང་ལ་བཟོ་བཅོས་ཀྱི་ཡན་ལག་ལས་གྲྭ་ཞིག་ཡོད་པ་དེར་ཡོད་འདུག དེ་ལ་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པས་བཟོ་བཅོས་ལས་དྲྭ་དང་པོ་ཞེས་འབོད། བཟོ་བཅོས་ལས་གྲྭ་གཉིས་པར་རྒྱ་དམར་ཚོགས་པའི་ཚོགས་མི་༢༢་དང་བཟོ་བཅོས་ལས་གྲྭ་གསུམ་པར་ཚོགས་མི་༡༣་ཡོད། བཟོ་བཅོས་ལས་གྲྭ་བཞི་པར་ཚོགས་མི་༡༤་ཡོད། ཕུ་ཏུང་ས་གནས་ཀྱི་བྷོ་དབྱིང་གནམ་གྲུ་བཟོ་བཅོས་ཁང་ལ་ཡན་ལག་ལས་གྲྭ་༤་ཡོད་པ་དང་དེ་དག་གི་ནང་དུ་ཁྱོན་བསྡོམས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་༤༩་ཡོད། ཕུ་ཏུང་བཟོ་བཅོས་ལག་ཡན་ལས་གྲྭ་གཉིས་ཀྱི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་༣༣་ཡོད། ལས་གྲྭ་དེ་དག་དངོས་ཟོག་སྐྱེལ་འདྲེན་གྱི་གནམ་གྲུ་བཟོ་བཅོས་ལས་རིགས་ལ་འབྲེལ་བ་ཡོད་ཅེས་བཀོད། རྒྱ་ནག་གི་ཤར་ཕྱོགས་མཁའ་ལམ་ལས་ཁུངས་ཀྱི་བྷོ་དབྱིང་གནམ་གྲུ་བཟོ་བཅོས་ལས་གྲྭར་དམར་ཤོག་ཚོགས་པའི་ཚོགས་མི་༢༣་ཡོད་པའི་གནས་ཚུལ་ཐོན། བྷོ་དབྱིང་བཟོ་ཚོང་ཁང་གིས་ང་ཚོ་རང་གི་བདེ་འཇགས་སྲུང་སྐྱོབ་འཐུས་ཤོར་འགྲོ་སྲིད་པའི་བློ་འཚབ་མེད། བྷོ་དབྱིང་བཟོ་ཚོང་ཁང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཞིག་ཡིན་པས་ང་ཚོས་རང་གི་གཞི་གྲངས་དང་སྲི་ཞུ་བསྒྲུབ་ཡུལ་མི་མང་བཅས་ཀྱི་བདེ་འཇགས་ལ་ཧ་ཅང་དོ་ནན་བྱེད་ཀྱི་ཡོད་ཅེས་ལན་བཏབ། ཨ་མི་རི་ཀའི་ཁཱོལ་ཁམ་སྐུད་མེད་བརྡ་འཕྲིན་འཕྲུལ་རིག་ཁང་ལ་ཧྲང་ཧེ་གྲོང་ཁྱེར་དུ་ཡན་ལག་ལས་ཁུངས་ཤིག་ཡོད་པ་དེའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་༡༣༣་སིམ་འཛུལ། ༢༠༡༨་ལོར་ཁཱོལ་ཁམ་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་དམག་ལ་བདེ་འཇགས་ཀྱི་གློག་ཀླད་བཟོ་སྐྲུན་བྱ་རྒྱུའི་གན་རྒྱ་བཞག ཏོག་དབྱིབས་ནད་དུག་གི་འགོག་ཁབ་བཟོ་གྲྭ་ཨ་རིའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་ཧྲང་ཧེ་ཡན་ལག་ཁང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་༦༩་སིམ་འཛུལ་བྱས་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་ནེའུ་ཡོཀ་སློབ་གྲྭ་ཆེན་མོར་རྒྱ་ནག་གི་ཧྲང་ཧྲེ་གྲོང་ཁྱེར་དུ་ཚུགས་པའི་ཤར་ཕྱོགས་དགེ་ཐོན་སློབ་གྲྭར་ཡན་ལག་ཅིག་ཡོད་པ་དེའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་༧༡་ཡོད་པ་ཐེར་འདོན་བྱུང་འདུག

ཨ་མི་རི་ཀའི་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་རེ་ཊི་ཁེ་ལི་ཧྥིས་རྒྱ་ནག་གི་གསང་ཉུལ་ཚོས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོ་ལའང་ཤུགས་རྐྱེན་ཐེབས་ཀྱི་འདུག འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དམངས་གཙོ་དང་རང་དབང་གི་ལམ་ལུགས་ལ་བྱུང་མྱོང་མེད་པའི་ཉེན་ཁ་ཞིག་རེད་ཅེས་བསྟན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཀྱང་ཨ་མི་རི་ཀའི་སློབ་ཆེན་ཁག་ལ་རྒྱ་ནག་གིས་དངུལ་སྒོར་སྤྲད་ནས་བསླུ་བྲིད་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱས་ཤིང་། ཨ་མི་རི་ཀའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སི་ཝལ་ཝེལ་ལ་རྒྱ་ནག་གི་གསང་ཉུལ་ཧྥང་ཧྥང་ཟེར་བ་ཞིག་གིས་དཔལ་འབྱོར་འདུ་འགོད་ཀྱི་རོགས་རམ་བྱས་པའི་གནས་ཚུལ་ཐོན། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་བུ་ཧན་ཊར་བྷ་ཌན་གྱིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཡོད་པ་དང་དཔྱ་ཁྲལ་མ་འཇལ་བ། ཁྲིམས་འགལ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱས་ཡོད་མེད་ཀྱི་དོགས་གཞིའི་འོག་ཏུ་ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གིས་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་ཨ་མི་རི་ཀའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་ལས་ཚབ་འགན་འཛིན་ཟུར་པས་རྒྱ་ནག་ལ་བློ་དཀར་གཞུང་དྲང་གི་མི་དེ་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་ཨ་མི་རི་ཀའི་སློབ་ཆེན་ཁག་དང་བཟོ་ཚོང་ལས་ཁང་ཁག་ལ་སིམ་འཛུལ་བྱེད་དུ་བཅུག་པ་རེད། ང་ཚོའི་མཛའ་བརྩེ་ལྡན་པའི་ཨ་རིའི་སྤྱི་དམངས་རྒྱ་ནག་པ་ཚོས་ལོ་མང་སྔོན་ནས་རྒྱ་ནག་དམར་ཤོག་གི་ཐབས་ཇུས་ངན་པ་དེ་ཚོར་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་རུང་ཨ་མི་རི་ཀའི་སྲིད་དོན་པ་ཚོས་ཉེན་བརྡ་དེ་ཚོར་སྣང་མེད་བཏང་བ་ནི་ཐབས་རྡུགས་རེད་ཅེས་ཁ་རྡུང་བཏང་འདུག

XS
SM
MD
LG