ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རྒྱའི་རྒྱལ་སྲུང་བློན་ཆེན་ཟུང་གིས་ལག་པ་བཏང་ཡང་གྲོས་མོལ་མ་བྱུང་།  


ཨ་རིའི་རྒྱལ་སྲུང་ཆེ་ཨོ་སི་ཊོན་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་
ཨ་རིའི་རྒྱལ་སྲུང་ཆེ་ཨོ་སི་ཊོན་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་

༄༅།། ཕྱི་ཟླ་༦་པའི་ཚེས་༢་ནས་༤་བར་དུ་སིངྒ་པུར་དུ་ཚོགས་པའི་ཤང་རི་ལ་བདེ་འཇགས་ཚོགས་འདུའི་ཐོག་ཏུ་ཨ་རིའི་རྒྱལ་སྲུང་ཆེ་ཨོ་སི་ཊོན་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་ཡང་གྲོས་མོལ་མ་བྱུང་། ཕྱི་ཟླ་༦་པའི་ཚེས་༥་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུས་རྒྱ་ནག་དང་ཨ་རི་གཉིས་ཀྱིས་དམག་འཁྲུག་བརྒྱབ་ན་འཛམ་གླིང་ཡོངས་ཀྱིས་སྡུག་རུས་བྱེད་མི་ཐུབ་པ་ཞིག་ཏུ་འགྱུར་ཤས་ཆེ། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ནི་སྔོན་ཆད་བྱུང་མྱོང་མེད་པའི་སྡུག་ཏུ་འགྲོ་བཞིན་འདུག ཨ་རྒྱའི་འབྲེལ་བ་མུ་མཐུད་ནས་སྡུག་ཏུ་འགྲོ་སྲིད་ན་ཨ་མི་རི་ཀས་ལྷག་བསམ་རྣམ་དག་གིས་འབྲེལ་བ་ཡར་རྒྱས་གཏོང་དགོས། ནུབ་ཆིངས་ལྟ་བུའི་དམག་དོན་སྒྲིག་འཛུགས་ཤིག་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་འཛུགས་ཐབས་དང་འཁྲུག་རྩོད་སློང་གི་འདུག་ཅེས་འུར་སྒྲོགས་བྱས་ནས་ས་གནས་དེའི་རྒྱལ་ཁབ་ཁག་སྒྲིག་འཛུགས་དེའི་ཁོངས་སུ་བསྡུ་ཐབས་བྱེད་ཀྱི་འདུག་ཅེས་ཨ་མི་རི་ཀར་སྐྱོན་བརྗོད་བྱས་འདུག

ཉེ་ཆར་ཕྱི་ཟླ་༣་ནང་དུ་ལི་ཧྲང་ཧྥུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་བསྐོས། ཁོང་གིས་རྒྱ་ནག་ལ་དམག་འཁྲུག་སློང་འདོད་མེད་པ་དང་འཛམ་གླིང་འདིར་རྒྱ་ནག་དང་ཨ་མི་རི་ཀ་མཉམ་གནས་བྱ་ཡུལ་ཁོར་ཡུག་རྒྱ་ཆེན་པོ་འདུག་ཟེར། ཨ་མི་རི་ཀའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཊོན་ནས་སིངྒ་པུར་གྱི་ཚོགས་འདུའི་ཞོར་དུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་དངོས་སུ་ཐུག་འཕྲད་གྲོས་མོལ་བྱ་དགོས་ཞེས་གྲོས་གཞི་བཏོན། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཨ་རིའི་རྒྱལ་སྲུང་དྲུང་ཆེར་དངོས་སུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུར་མ་འཐད། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་དགོང་མོའི་གསོལ་སྟོན་ཐོག་ཏུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་ལག་པ་བཏང་བ་ཡིན། ཡིན་ནའང་ལག་པ་བཏང་བ་ཞིག་གིས་ཕྱོགས་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་ཟུང་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་ཚབ་དོད་མི་འཕེར། ང་ཚོས་ས་གནས་ཀྱི་ཞི་བདེ་བརྟན་ལྷིང་སྲ་བརྟན་གཏོང་བར་ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་ཀྱི་འབྲེལ་ལམ་དེ་སྒོ་ཕྱེ་ནས་འཇོག་དགོས་པ་གནད་འགག་ཆེན་པོ་ཡིན། ང་ཚོས་ཅི་ཙམ་གྲོས་མོལ་མང་བ་བྱས་ན་དེ་ཙམ་གྱིས་རྩིས་ལོག་དང་གོ་ལོག་མི་ཐེབས་པའི་དགེ་མཚན་ཆེ་ཞེས་བཀྲལ།།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཨེ་ཤི་ཡའི་འཐབ་ཇུས་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་ཇཱེམ་སི་ཀ་རབ་ཊྲི་(James Crabtree)་ཡིས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་གྲོས་མོལ་བྱ་དགོས་མིན་ལ་ལྟ་ཚུལ་ཐ་དད་རེད། ཨ་མི་རི་ཀས་འབྲེལ་བ་ཡག་པོ་མེད་པ་དང་ཛ་དྲག་གི་དུས་སུ་གྲོས་མོལ་བྱ་དགོས་པའི་ལྟ་ཚུལ་བཟུང་འདུག རྒྱ་ནག་གིས་འབྲེལ་བ་ཡག་པོ་ཡོད་པའི་དུས་སུ་ཕན་ཚུན་གྲོས་མོལ་བྱ་དགོས་པ་དང་འབྲེལ་བ་སྡུག་ཏུ་ཕྱིན་ན་མ་དགའ་བའི་རྣམ་འགྱུར་བསྟན་ནས་གྲོས་མོལ་གྱི་འབྲེལ་ལམ་གཅོད་དགོས་པའི་ལྟ་ཚུལ་འཛིན་གྱི་འདུག་ཅེས་རྩོམ་ཡིག་བྲིས། རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཨ་མི་རི་ཀར་གྲང་དམག་གསར་པ་ཞིག་སློང་འདོད་མེད། གཞན་ལ་ཐུབ་ཚོད་དང་བཙན་དྲག་བཀོལ་རྒྱུ་ཚོད་འཛིན་བྱ་དགོས། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚང་མས་ཐུན་མོང་གི་འཐབ་ཇུས་ཤིག་བཟུང་ནས་བཙན་དྲག་དང་ཐུབ་ཚོད་ལ་འགོག་རྒོལ་བྱ་དགོས་འབྱུང་གི་ཡོད་པ་རེད་ཅེས་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད་དང་བཙན་དྲག་བཀོལ་གྱི་ཡོད་པར་སྐྱོན་བརྗོད་བྱས་འདུག

ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བཅུའི་རྒྱལ་སྲུང་བློན་ཆེན་
ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བཅུའི་རྒྱལ་སྲུང་བློན་ཆེན་

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་སླར་ཡང་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་དངོས་གཞི་མ་ཡིན་པར་སིངྒ་པུར་གྱི་བདེ་འཇགས་ཚོགས་འདུའི་ཞོར་དུ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བཅུའི་རྒྱལ་སྲུང་བློན་ཆེན་ཚོར་ཐུག་འཕྲད་གྲོས་མོལ་བྱས་པར་མ་ཟད། ཕྱི་ཟླ་༦་པའི་ཚེས་༣་ཉིན་ཨ་རི་དང་ཁེ་ན་ཌའི་དམག་གྲུ་ཁག་ཅིག་ཐེ་ཝན་མཚོ་འགག་བརྒྱུད་ནས་དཔུང་སྐྱོད་བྱས་པར་རྒྱ་ནག་གི་དམག་གྲུ་ཞིག་ཨ་རིའི་དམག་གྲུ་དེའི་མདུན་དུ་བརྒྱུགས་ནས་མཚོ་ལམ་འཕྲེད་དུ་བཅད། རྒྱ་ནག་གི་དམག་དོན་མི་སྣ་ཚོས་ཨ་རི་དང་ཁེ་ན་ཌས་འཁྲུག་རྩོད་སློང་གི་འདུག་ཅེས་སྐྱོན་བཙུགས། ཨ་རིའི་མཚོ་དམག་གི་འགོ་ཁྲིད་ཚོས་རྒྱ་ནག་གིས་འཁྲུག་རྩོད་བསླངས་སོང་ཞེས་ཉེས་སྐྱོན་ཕར་ལོགས་སུ་བཀལ། ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོ། ཨ་མི་རི་ཀས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱ་རྒྱུ་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་། སིངྒ་པུར་གྱི་ཚོགས་འདུའི་སྔ་ཉིན་དེར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་འགོ་ཁྲིད་ཚོར་དྲག་ཆར་རླུང་འཚུབ་དང་ཆེས་ཐབས་རྡུགས་ཤིག་འབྱུང་རྒྱུའི་བསམ་བློ་ཐོངས་ཞེས་གཏམ་བཤད་བྱས་འདུག

ཕྱི་ཟླ་༥་པའི་ཚེས་༣༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཐོག་ཏུ་ཞིས་ཅིན་ཕིང་གིས་དྲག་ཆར་རླུང་འཚུབ་ལྡང་རྒྱུར་གྲ་སྒྲིག་བྱ་དགོས། རྒྱ་ནག་ལ་ཕྱི་ནང་གི་ཉེན་ཁ་ཆེན་པོ་ཕྲད་དེ་ཆེས་ཐབས་རྡུགས་ཀྱི་གནས་ཚུལ་ཞིག་འབྱུང་རྒྱུའི་བསམ་བློ་ཐོངས། དེང་སྐབས་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ཤུགས་ཆེན་པོ་དང་ངོ་བོ་རྙོག་འཛིང་ཅན་ཞིག་ཏུ་གྱུར། དྲག་ཆར་རླུང་རྩུབ་ལ་གདོང་ལེན་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས། ང་ཚོས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་དེང་རབས་ཅན་དུ་བསྒྱུར་ནས་འཐབ་འཁྲུག་གི་དུས་སུ་ལག་ལེན་བསྟར་ཐུབ་པ་ཞིག་བྱ་དགོས་ཞེས་བཤད། འོན་ཀྱང་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་སྔོན་ཆད་བྱུང་མྱོང་མེད་པའི་ཕྱི་ནང་གི་ཉེན་ཁ་ཅི་ཞིག་འཕྲད་ཀྱི་ཡོད་མེད་གསལ་བཀྲོལ་མ་བྱུང་། ཉམས་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་གོ་དགོས་པའི་ཚོད་དཔག་བྱས་འདུག གཅིག་བྱས་ན་ཞིས་ཅིན་ཕིང་གི་གཏམ་བཤད་དེ་སིངྒ་པུར་གྱི་བདེ་འཇགས་ཚོགས་ཆེན་ལ་དམིགས་ནས་བཤད་པ་ཞིག་ཡིན་སྲིད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་
ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་

སིངྒ་པུར་གྱི་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨཱོ་ཨི་སུན་གྱིས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་ཀྱང་ཨོ་སི་ཊོན་དང་ལི་ཧྲན་ཧྥུ་གཉིས་བདེ་འཇགས་ཚོགས་འདུར་ཞུགས། ཨ་རྒྱའི་རྒྱལ་སྲུང་བློན་ཆེན་གཉིས་ཀ་འཐབ་འཁྲུག་ལ་མཇུག་འབྲས་ངན་པ་ཞིག་སྨིན་རྒྱུ་ཡིན་པ་བློ་ཁ་གཅིག་མཐུན་རེད། དེས་ན་འཐབ་འཁྲུག་ལ་གཡོལ་བར་ངེས་པར་དུ་ལས་དོན་ཞིག་བསྒྲུབ་དགོས་ཀྱི་འདུག རྒྱ་ནག་གིས་ཨ་རིར་དམག་དོན་འབྲེལ་བ་བཅད། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥུས་ཨ་རིའི་རྒྱལ་སྲུང་དྲུང་ཆེར་གྲོས་མོལ་མ་བྱས་པ་ནི་ཨ་མི་རི་ཀས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་ཕྱིར་འཐེན་དང་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཤུགས་ཆུང་དུ་གཏོང་ཐབས་ཤིག་རེད། ཡིན་ནའང་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རྒྱ་ནག་གི་དགོས་འདུན་དེ་སྒྲུབ་ཐུབ་རྒྱུ་ཤིན་ཏུ་དཀའ། ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་རྒྱ་ནག་ལ་ལྟ་ཚུལ་ཡག་པོ་ཞིག་གཏན་ནས་འཛིན་གྱི་མི་འདུག་ཅེས་བསྟན།།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་

ཕྱི་ཟླ་༦་པའི་ཚེས་༥་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དམག་དོན་མི་སྣ་ཟུར་པ་དང་ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཀྲུའུ་པའོ་ཡིས་སིངྒ་པུར་གྱི་ཚོགས་འདུའི་ཐོག་ཏུ་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུས་སྐད་ཆ་འཇམ་པོ་བཤད་པ་དེ་ལ་བལྟས་ཚེ། ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་གྲོས་མོལ་བྱེད་ཐུབ་རྒྱུའི་རྟགས་མཚན་ཞིག་མངོན། ༢༠༡༨་ལོར་དམག་སྤྱི་ལི་ཧྲན་ཧྥུས་ཨུ་རུ་སུ་ནས་རྒྱ་ནག་གི་དམག་ལ་མཁོ་བའི་མཚན་ཆ་ནང་འདྲེན་བྱས་པས་ཨ་མི་རི་ཀས་ཉེས་ཆད་བཅད་པ་རེད། ཁོ་པ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་བསྐོས་ནས་ཟླ་བ་༣་ཙམ་ལས་ཕྱིན་མེད་ཅིང་། ཨ་མི་རི་ཀས་ཉེས་ཆད་བཅད་ཡོད་པའི་མི་ཞིག་ཨ་རིར་བསྐྱོད་ནས་གྲོས་མོལ་བྱེད་མི་ཐུབ་པ་དང་ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྒྱ་ནག་ལའང་འབོད་ཐུབ་རྒྱུ་ཁག་པོ་རེད། ཨ་མི་རི་ཀས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་ཉེས་ཆད་བཅད་ཡོད་པ་ཕྱིར་འཐེན་མ་བྱས་པར་གྲོས་མོལ་ཇི་ལྟར་བྱ་དགོས་པ་རེད་ཅེས་སྨྲས། ཨ་མི་རི་ཀས་ཐེ་ཝན་མཚོ་འགག་ཏུ་སྐོར་གཡེང་དམག་དཔུང་རེས་མོ་བྱས་ནས་གཏོང་རྒྱུ་མང་དུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཟུར་པ་ཚུའི་ཐེན་ཁེས་ཨ་མི་རི་ཀས་རྒྱ་ནག་གི་ཉེ་འཁྲིས་སུ་དམག་དཔུང་གཏོང་རྒྱུ་མཚམས་བཞག་ནས་རྒྱལ་སྲུང་བློན་ཆེན་རིམ་པའི་གྲོས་མོལ་འཕྲོ་སྐྱོང་བྱ་དགོས། ཨ་རྒྱ་གཉིས་ཀྱི་དམག་གི་འབྲེལ་ལམ་རྦད་དེ་ཆད་མེད་ཀྱང་ཕྱོགས་གཉིས་ཀར་འཁྲུག་རྩོད་འགོག་པའི་ཆབ་སྲིད་ཀྱི་འདུན་པ་ཡོད་མེད་ཐེ་ཚོམ་རེད། ཅིའི་ཕྱིར་ཨ་རི་མཐའ་ཡས་རྒྱ་མཚོ་བརྒལ་ནས་ང་ཚོའི་སྒོ་འགྲམ་བར་དུ་ཡོང་གི་ཡོད་པ་རེད། ཨ་རི་རྒྱ་ནག་གི་མངའ་ཁོངས་དང་རྒྱ་ནག་གི་མཚོ་ཁོངས་སུ་ཡོང་རྒྱུ་ཐལ་དྲགས་ཀྱི་འདུག གལ་སྲིད་ཨ་རི་ལྷག་བསམ་རྣམ་དང་ཀུན་སློང་བཟང་པོ་ཡིན་ན་དེ་ལྟར་བྱེད་དགོས་དོན་མེད། ང་ཚོར་སྐད་ཆ་བཤད་སའི་བརྒྱུད་ལམ་ཡག་པོ་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། གཟའ་སྤེན་པའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེས་སིངྒ་པུར་གྱི་ཚོགས་འདུའི་ཐོག་ཏུ་ཨ་རྒྱ་གཉིས་ཀྱིས་གྲོས་མོལ་བྱ་དགོས། གྲོས་མོལ་དེ་ངོ་སོ་སྟེར་གྱི་ཡོད་པ་ཞིག་མིན་པར་དགོས་ངེས་ཤིག་རེད་ཅེས་ནན་བརྗོད་བྱས་འདུག

XS
SM
MD
LG