ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་རིའི་གཞུང་གིས་ཡུཀ་རེན་ལ་དམག་གྲོན་རོགས་རམ་མང་དུ་གཏོང་རྒྱུ།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡུཀ་རེན་ལ་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཛེ་ལཱན་སི་ཀི་དང་ཕྱི་སྲིད་བློན་ཆེན་སོགས་ལ་ཐུག་འཕྲད་གྲོས་མོལ་འགོ་ཚུགས། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༢་ཀྱི་དམག་དོན་འགྲོ་གྲོན་རོགས་རམ་མང་གཏོང་རྒྱུའི་ཐག་བཅད། ཟླ་ཤས་གོང་ནས་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ས་མཚམས་སུ་དམག་འབུམ་གཅིག་ཡས་མས་ཤིག་བཀྲམ་ནས་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ། ཕྱི་ཟླ་༡་པོའི་ཚེས་༡༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཞིག་གིས་ཡུཀ་རེན་ལ་དམག་དོན་འགྲོ་གྲོན་རོགས་རམ་མང་དུ་བཏང་སྟེ་རང་སྲུང་གི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཕྱི་ཟླ་༡༢་པའི་ཟླ་མཇུག་ཏུ་ཡུཀ་རེན་ལ་དམག་གྲོན་རོགས་རམ་མང་དུ་གཏོང་རྒྱུའི་ཆོག་མཆན་བཀོད། ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོ་ཐུག་འཕྲད་གྲོས་མོལ་མ་བྱས་གོང་དུ་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་རེད། ང་ཚོས་ཡུཀ་རེན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་དང་དམག་དོན་རོགས་རམ་སྤྲོད་རྒྱུའི་ཆོད་སེམས་བཙུགས་ཡོད་ཅེས་བཤད། ཡིན་ནའང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་ལས་སྣེ་དེས་ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་ཡོ་ཆས་རྣམ་གྲངས་ཅི་ཙམ་རོགས་རམ་སྤྲོད་འཆར་ཡོད་མེད་རྣམས་གསལ་བཀྲོལ་མ་བྱུང་། ཁ་སང་གཟའ་མིག་དམར་ཉིན་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཆོག་ཆོག་བྱས་ནས་བསྡད་འདུག་ཅེས་གསལ་བསྒྲགས་སྤེལ། ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཚེ། ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས། དམག་དོན་དང་ཆབ་སྲིད་སོགས་ཕྱོགས་གང་ཐད་དུ་སྔོན་ཆད་བྱུང་མྱོང་མེད་པའི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་ལས་སྣེ་ཚོར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་མང་དུ་གཏོང་རྒྱུའི་འཆར་གཞི་འདུག ད་ལྟ་ཡུཀ་རེན་གྱི་ས་མཚམས་སུ་ཨུ་རུ་སུའི་དམག་འབུམ་༡་ཡས་མས་ཤིག་བཀྲམ་ཡོད་པ་དང་འཕྲལ་དུ་དམག་དཔུང་ཁ་སྣོན་གཏོང་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པའི་རྟགས་མཚན་འདུག་ཅེས་ཞིབ་ཏུ་སྤྲོས། གཟའ་ཕུར་བུའི་ཉིན་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་འཁྱུག་ཙམ་རིང་ལ་འཇར་མན་ཎིར་ཕེབས་ཏེ་འཇར་མན་དང་དབྱིན་ཇི། ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ཚོར་ཐུག་འཕྲད་བྱ་རྒྱུ་དང་གཟའ་པ་སངས་ཉིན་ཇཱི་ཎི་ཝྭ་གྲོང་ཁྱེར་དུ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝྭ་རོབ་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅིང་། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇེན་ས་ཀིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མཚམས་སུ་བསླེབས་འདུག ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་གནད་དོན་དེ་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་སེལ་ཐབས་ཡོད་པ་གསལ་སྟོན་བྱ་རྒྱུའི་ཆེད་དུ་ཡུཀ་རེན་ལ་ཕེབས་པ་རེད་ཅེས་བཀྲལ། ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ངོ་མར་བཙན་འཛུལ་བྱེད་འདོད་ཡོད་པ་ཡིན་ནམ། ཡང་ན་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་མཐའ་མཚམས་བར་དུ་རྒྱ་སྐྱེད་གཏོང་རྒྱུ་འགོག་ཐབས་དང་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་འགོག་ཐབས། ཨ་མི་རི་ཀ་སོགས་ཀྱིས་ཨུ་རུ་སུའི་བདེ་འཇགས་ལ་འགན་ལེན་བྱེད་དུ་འཇུག་རྒྱུའི་ཐབས་ཇུས་ཤིག་ཡིན་མིན་ཚོད་དཔག་མ་ཐུབ་པར་ལུས། ཨུ་རུ་སུའི་གཞུང་གིས་ང་ཚོའི་དམག་དཔུང་རང་གི་ས་ཐོག་ཏུ་ཡོད་པ་དང་ས་མཚམས་ནས་ཕྱིར་འཐེན་བྱ་རྒྱུ་མིན་ཞེས་ལན་བཏབ།།

བདུན་ཕྲག་སྔོན་མར་ཨ་རི་དང་ཨུ་རུ་སུ། ཨུ་རུ་སུ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས། ཨུ་རུ་སུ་དང་ཡུ་རོབ་ཀྱི་བདེ་འཇགས་དང་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོས་གྲོས་མོལ་རིམ་པ་ཞིག་བྱས་ཀྱང་གནད་དོན་ཐག་གཅོད་མ་ཐུབ། གཟའ་འཁོར་སྔོན་མའི་གྲོས་མོལ་ཁག་གི་རྗེས་སུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་སོང་། ཨ་མི་རི་ཀའི་གཞུང་གིས་ཨུ་རུ་སུས་དམག་འཁྲུག་སློང་བར་ལན་ཁག་དཀྲི་ས་ཞིག་འཚོལ་གྱི་འདུག་ཅེས་བཤད་ཀྱང་ཨུ་རུ་སུས་དེ་ལ་ངོས་ལེན་མ་ཞུས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་ཕྱོགས་གཅིག་ནས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ནས་ཞི་བའི་སྒོ་ནས་གནད་དོན་ཐག་གཅོད་འབྱུང་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པར་མ་ཟད། ཁོང་གིས་ཕྱོགས་གཞན་ཞིག་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་དངོས་སུ་བཙན་འཛུལ་བྱེད་ན་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག དེ་བཞིན་ཨ་རི་དང་ཟླ་གྲོགས་རྒྱལ་ཁབ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཨུ་རུ་སུ་ལ་ཞི་བའི་ཐབས་ལམ་ཞིག་གདམ་དུ་ཇི་ལྟར་འཇུག་དགོས་མིན་གྲོས་མོལ་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཡུཀ་རེན་ལ་ཕེབས་ནས་ཨུ་རུ་སུའི་བཙན་འཛུལ་གྱི་ཛ་དྲག་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་ཐོན། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝྭ་རོབ་ལ་ཁ་པར་ནང་དུ་དམག་འཁྲུག་གི་ཛ་དྲག་ཞི་འཇམ་གཏོང་དགོས་པའི་གྲོས་མོལ་བྱས་མོད། འོན་ཀྱང་ཨ་མི་རི་ཀས་ཡུཀ་རེན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱབ་སྐྱོར་བྱ་རྒྱུ་དེར་འགྱུར་བ་མེད་ཅེས་བསྐྱར་དུ་བཟློས། ལཱ་ཝྭ་རོབ་ཀྱིས་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་མིན་པ་དང་ཨུ་རུ་སུའི་མཐའ་མཚམས་བར་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་གཏོང་རྒྱུ་མིན་པའི་ཁས་ལེན་རྣམས་ཡིག་ཐོག་ཏུ་སྤྲོད་དགོས་ཞེས་བསྐྱར་དུ་བརྗོད།།

ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་ཤིག་ཡོད་པར་འགྱུར་བ་གཏོང་ཐབས་མེད། རྒྱལ་ཁབ་གང་ཞིག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་འདོད་ཡོད་པ་དང་ཆ་རྐྱེན་ཚང་ན་ཞུགས་ཆོག དེའི་ཁོངས་སུ་ཡུཀ་རེན་ཡང་ཚུད་ཡོད་ཅེས་བརྡ་ལན་གསལ་པོ་བརྒྱབ། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་གྱེན་ལོག་པའི་དབང་སྒྱུར་འོག་ཏུ་ཚུད་པའི་ས་ཁུལ་ཁག་ལ་གསང་བའི་མི་སྣ་བཏང་སྟེ་ཟིང་འཁྲུག་སློང་རྒྱུ་དང་ཟིང་འཁྲུག་གི་ལན་ཁག་རྣམས་ཡུཀ་རེན་ལ་དཀྲིས་ནས་བཙན་འཛུལ་བྱ་རྒྱུའི་ཇུས་འགོད་བྱེད་ཀྱི་འདུག་ཅེས་བསྟན། ཕྱི་སྲིད་དྲུང་ཆེ་མ་ཕེབས་གོང་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་ཡུཀ་རེན་ལ་ཕེབས་ནས་ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་ཡོད་ཅེས་བསྒྲགས། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གསར་པ་ཡུཀ་རེན་ལ་ཕེབས་ནས་ཨུ་རུ་སུའི་དམག་གི་རྒྱ་སྐྱེད་ཧམ་སེམས་ལ་སྐྱོན་བརྗོད། ཁོང་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་དཔལ་འབྱོར་དང་ཆབ་སྲིད། འཐབ་ཇུས་སོགས་ཀྱི་ཐོག་ཏུ་མཇུག་འབྲས་ཧ་ཅང་ཚབས་ཆེན་ཞིག་མྱོང་དགོས་ཐུག་ངེས་ཡིན་ཞེས་ཉེན་བརྡ་བཏང་ཞིང་། ཨ་མི་རི་ཀ་དང་དབྱིན་ཇི། ཏུར་ཀི་སོགས་ཀྱིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་གཏོང་སྤྱད་མེ་ཤུགས་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རོགས་རམ་སྤྲོད་རྒྱུའི་ཁས་བླངས་ཀྱང་འཇར་མན་གཞུང་ལ་ཨུ་རུ་སུར་ཐད་ཀར་ཁ་གཏད་གཅོག་འདོད་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་མ་ཐོན།།

འཇར་མན་ཎི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུ་ལ་ཚོང་འབྲེལ་བཙུགས། ལྷག་པར་དུ་ཡུ་རོབ་རྒྱལ་ཁབ་ཁག་གིས་རང་བྱུང་སོལ་རླངས་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་པས་མཐའ་གཅིག་ཏུ་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་དཀའ། དེར་བརྟེན་ཨུ་རུ་སུའི་གཞུང་གིས་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ལངས་ཕྱོགས་གཅིག་གྱུར་ཅིག་འཛིན་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱས་ནས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རྒྱལ་ཁབ་༢༧་ཀྱི་སྒྲིག་འཛུགས་དེའི་ནང་ཁུལ་དུ་ཨུ་རུ་སུའི་གཞུང་གིས་འགལ་ཟླ་བསླངས། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་བར་དུ་དབྱེན་སྦྱོར། ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱི་མཐུན་ལམ་ལ་གཏོར་བཤིག་གཏོང་གི་འདུག ཨ་མི་རི་ཀས་ཀྱང་འགོ་ཁྲིད་ཀྱི་ནུས་པ་ཆེན་པོ་ཞིག་འདོན་གྱི་མི་འདུག་ཅེས་སྐྱོན་བཙུགས། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་རུའི་དམག་གི་ཉེན་ཁ་བྱུང་ན་ཡུ་རོབ་ལ་ཉེན་ཁ་འཕྲད་རྒྱུ་རེད། ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་འཕྲད་མི་སྲིད། འཇར་མན་ཎི་དང་ཧྥ་རན་སི་སོགས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་རང་གི་ཁེ་ཕན་གཙིགས་སུ་འཛིན་གྱི་ཡོད་པ་ནི་ཁྱད་མཚར་ཞིག་རེད་ཅེས་འཁང་ར་བཤད། ༢༠༡༤་ལོར་ཨུ་རུ་སུའི་ཕྱོགས་གཏོགས་ཡུཀ་རེན་གྱི་སྲིད་འཛིན་ཡ་ནུ་ཁོ་ཝྭི་ཆི་ལ་མི་དམངས་ཀྱིས་ངོ་རྒོལ་བྱས་ནས་སྲིད་གཞུང་མགོ་རྟིང་བསློགས། ཨུ་རུ་སུའི་དམག་གིས་འཕྲལ་དུ་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་འཕྲོག དེ་ནས་བཟུང་སྟེ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཤར་ཕྱོགས་ས་ཁུལ་ཁག་གི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་ཟིང་འཁྲུག་བསླངས། འདས་པའི་ལོ་༨་ཀྱི་རིང་དུ་ཌན་བྷ་སི་བཟོ་ལས་ས་ཁུལ་དུ་ཡུཀ་རེན་གྱི་གཞུང་དམག་དང་གྱེན་ལོག་པ་ཚོས་འཐབ་འཁྲུག་བརྒྱབ་ནས་མི་༡༤༠༠༠་ལྷག་ལ་སྲོག་སྐྱོན་ཕོག ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཨེ་སི་ཊོ་ཎི་ཡ་དང་ལ་ཊི་ཝྭི་ཡ། ལི་ཐུ་ཝྭེ་ཎི་ཡ་དང་བྷལ་གྷེ་རི་ཡ། རོ་མ་ཎི་ཡ་དང་ཏུར་ཀི་བཅས་ལའང་ཉེན་ཁ་འཕྲད་ཀྱི་ཡོད་པ་རེད།།

XS
SM
MD
LG