ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཨོ་གླིང་གིས་རྒྱ་ནག་གི་སློབ་ཕྲུག་སོགས་ཀྱི་ཐོངས་མཆན་ཕྱིར་བསྡུ། 


༄༅།། གཟའ་འཁོར་འདིར་ཨ་མི་རི་ཀས་རང་གི་སློབ་ཆེན་ཁག་ཏུ་རྒྱ་ནག་ནས་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་དུ་ཡོང་མཁན་སློབ་ཕྲུག་དང་རྒྱ་ནག་གི་ཉམས་ཞིབ་སློབ་ཕྲུག་བཅས་མི་༡༠༠༠་ལྷག་ལ་ཐོངས་མཆན་སྤྲད་ཟིན་པ་རྣམས་ཕྱིར་བསྡུ་བྱས་ཤིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨོ་གླིང་གཞུང་གིས་ཀྱང་རྒྱ་ནག་གི་མཁས་པ་ཁྲེན་ཧོང་དང་ལི་ཅན་ཅུན་གཉིས་ལ་ཨོ་གླིང་གི་སློབ་ཆེན་ཁག་ཏུ་སློབ་ཁྲིད་བྱེད་ཆོག་པའི་ཐོངས་མཆན་སྤྲད་ཡོད་པ་རྣམས་ཕྱིར་བསྡུ་བྱས་ཏེ་ཨ་མི་རི་ཀ་དང་ཨོ་གླིང་གཉིས་ཀས་རྒྱ་ནག་གི་སློབ་ཕྲུག་དང་ཞིབ་འཇུག་པ་ཚོར་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀས་ཐོངས་མཆན་ཕྱིར་བསྡུ་བྱས་པའི་རྒྱ་ནག་གི་སློབ་ཕྲུག་དང་ཉམས་ཞིབ་པ། མཁས་པ་དེ་རྣམས་རྒྱ་ནག་གི་དམག་དོན་ཉམས་ཞིབ་ཁང་དང་རྒྱ་ནག་གི་གསང་བའི་ལས་ཁུངས། རྒྱ་ནག་དམར་ཤོག་ཚོགས་པ་བཅས་ལ་འབྲེལ་བ་ཡོད་པ་སྟེ། ཁོ་ཚོ་ཨ་རི་དང་ཨོ་གླིང་ལ་སློབ་སྦྱོང་དང་ཉམས་ཞིབ། སློབ་ཁྲིད་བྱེད་དུ་ཡོང་ནས་རྒྱ་ནག་དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་རྣམས་དྲིལ་བསྒྲགས། ཨ་རི་དང་ཨོ་གླིང་སོགས་ཀྱི་ཚན་རིག་དང་འཕྲུལ་རིག སྨན་སྦྱོར་དང་དམག་དོན། དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་གསང་བའི་རིག་གནས་རྣམས་རྐུ་འཁྱེར་བྱས་ནས་རྒྱ་ནག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག ལྷག་པར་དུ་རྒྱ་ནག་གི་ཤེས་ཡོན་ཅན་དང་ཚོང་པ་སོགས་ཀྱི་གྲས་སུ་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཐད་ཀར་འབྲེལ་བ་ཡོད་པའམ། ཡང་ན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དངུལ་སྒོར་བླངས་ནས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་རྒྱུ་མཚན་བགྲངས།།

རྒྱ་ནག་གི་ཤེས་ཡོན་ཅན་དང་མཁས་པ། སློབ་ཕྲུག་སོགས་ལ་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་བྱེད་ཆོག་པའི་སློབ་ཡོན་ཐོབ་པ་དང་ཕྱི་རྒྱལ་གྱི་སློབ་ཆེན་ཁག་ལ་ཚུད་ཀྱང་ཐོངས་མཆན་ཕྱིར་བསྡུ་བྱས་ནས་རྒྱ་ནག་གི་སློབ་ཕྲུག་དེ་ཚོ་གསང་ཉུལ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་འགན་སྒྲུབ་མཁན་ཡིན་པའི་ནག་ཉེས་ཕོག་སྟེ་ཕྱི་རྒྱལ་ལ་སློབ་སྦྱོང་དང་སློབ་ཁྲིད་བྱེད་དུ་བསྐྱོད་ཆོག་པའི་གོ་སྐབས་མེད་པར་འགྱུར་སྲིད་པའི་འཇིགས་སྣང་ཡོང་གི་ཡོད་འདུག སི་ཌི་ཎི་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་ཁང་གི་སློབ་དཔོན་ཀོ་དབྱིང་ཅེ་ཡིས་གསར་འགོད་པར་བཤད་པ་ལྟར་ན། དེང་སྐབས་ཨོ་གླིང་གི་སློབ་ཆེན་ཁག་ཏུ་ཡོད་པའི་རྒྱ་ནག་གི་སློབ་དཔོན་རྣམས་དང་ཨོ་གླིང་གི་ས་ཐོག་ཏུ་གནས་འཁོད་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་གཅིག་གྱུར་གྱིས་སྐྲག་སྣང་ཞིག་ཡོང་གི་འདུག ཨོ་གླིང་དབུས་གཞུང་གི་འབྲེལ་ཡོད་ཚན་པ་ཁག་གིས་ཁུང་ཙིའི་སློབ་གླིང་ཁག་དང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་མཁས་པ་སྟོང་ནང་འགུགས་ཞེས་པའི་ལས་གཞི་ཞིག་གཉེར་གྱི་ཡོད་པར་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་ནས་བཟུང་། ཨོ་གླིང་གི་ས་ཐོག་ཏུ་ཡོད་པའི་རྒྱ་ནག་གི་ཤེས་ཡོན་ཅན་དང་མཁས་པ་ཚོས་སེམས་ཁྲལ་བྱ་རྒྱུ་འགོ་ཚུགས་སོང་ཞེས་བཤད། རྒྱ་ནག་གི་མཁས་པ་སྟོང་ནང་འགུགས་ཞེས་པའི་ལས་གཞི་ནི་ཨ་མི་རི་ཀ་དང་ཨོ་གླིང་། ཡུ་རོབ་རྒྱལ་ཁབ་ཁག་སོགས་ཕྱི་རྒྱལ་གྱི་སློབ་ཆེན་རྩེ་ཕུད་ཁག་གི་ཚན་རིག་དང་འཕྲུལ་རིག སྨན་སྦྱོར་དང་རྫས་སྦྱོར་སོགས་ཀྱི་སློབ་དཔོན་མཁས་པ་རྣམས་རྒྱ་ནག་གི་སློབ་ཆེན་ཁག་ལ་གདན་འདྲེན་ཞུས་ནས་གླ་ཕོགས་ཆེན་པོ་སྤྲོད་རྒྱུ། ཁོ་ཚོར་རང་གི་མཚན་ཐོག་ཏུ་རྒྱ་ནག་གི་སློབ་ཆེན་ཁག་ཏུ་ཡན་ལག་ཞིབ་འཇུག་ཁང་འཛུགས་ཆོག་པའི་ཐོབ་ཐང་སྤྲོད་རྒྱུ། རྒྱ་ནག་གི་སློབ་དཔོན་མཁས་པ་རྣམས་ཀྱང་ཕྱི་རྒྱལ་ལ་བསྐྱོད་མི་དགོས་པ། ཕྱི་རྒྱལ་གྱི་སློབ་དཔོན་མཁས་པ་ཚོའི་རྣམ་དཔྱོད་ཀྱི་རྩལ་རྣམས་རྒྱ་ནག་ལ་བསྡུ་ཐབས་ཀྱི་ལས་གཞི་ཞིག་ཡིན་འདུག

དེང་སྐབས་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་སློབ་ཕྲུག་༣༦༩༠༠༠་ཡས་མས་ཤིག་གིས་སློབ་སྦྱོང་བྱེད་ཀྱི་ཡོད་ཀྱང་ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་ནག་གི་སློབ་ཕྲུག་མང་དག་ཅིག་གི་སློབ་སྦྱོང་ལ་བར་ཆད་བྱུང་། ལོ་རབས་༧༠་མཇུག་དེར་ཏིན་ཞའོ་ཕིང་གིས་རྒྱ་ནག་གི་སློབ་ཕྲུག་ཚོ་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སློབ་སྦྱོང་དུ་གཏོང་རྒྱུ་འགོ་བཙུགས་པའི་རྗེས་སུ་རྒྱ་ནག་གིས་ལོ་ལྟར་སློབ་ཕྲུག་འབུམ་ཕྲག་མང་པོ་རྒྱལ་སྤྱིའི་ཤེས་ཡོན་གྱི་ལྟེ་གནས་ཁག་ལ་སློབ་སྦྱོང་བྱེད་དུ་གཏོང་གི་ཡོད་ཅིང་། ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་སློབ་ཕྲུག་འབུམ་གསུམ་དང་ཕྱེད་ཀ་ལྷག་གིས་སློབ་སྦྱོང་བྱེད་ཀྱི་ཡོད་པའི་གྲངས་འབོར་ལ་བསྡུར་ཚེ། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་སློབ་ཕྲུག་དང་ཉམས་ཞིབ་པ་༡༠༠༠་ལྷག་གི་ཐོངས་མཆན་ཕྱིར་བསྡུ་བྱས་པ་བརྒྱ་ཆ་མང་པོ་ཞིག་མིན། ཨ་རིའི་གཞུང་གིས་ཐོངས་མཆན་ཕྱིར་བསྡུ་བྱས་པའི་རྒྱ་ནག་གི་སློབ་ཕྲུག་དང་ཉམས་ཞིབ་པ་རྣམས་རྒྱ་ནག་གི་དམག་དོན་ཉམས་ཞིབ་ཁང་ལ་འབྲེལ་བ་འདུག་ཅེས་བཀྲལ། ད་ལོའི་ཕྱི་ཟླ་༥་པའི་ཟླ་མཇུག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་གསང་ཉུལ་དང་དམག་དོན་ཉམས་ཞིབ་ཁང་དེ་དག་ལ་འབྲེལ་བ་ཡོད་པའི་སློབ་ཕྲུག་དང་ཉམས་ཞིབ་པ་རྣམས་ཨ་མི་རི་ཀ་ནས་ཕྱིར་ཕུད་བྱེད་པའམ། ཡང་ན་ཁོ་ཚོར་ཐོངས་མཆན་སྤྲད་ཡོད་པ་རྣམས་ཕྱིར་བསྡུ་བྱ་དགོས་ཞེས་བཀའ་ཁྱབ་བསྒྲགས། ཕྱི་ཟླ་༦་པའི་ཚེས་༡་ནས་ཨ་རིའི་གཞུང་གིས་སྲིད་འཛིན་གྱི་བཀའ་རྒྱ་ལག་ལེན་བསྟར་མགོ་བརྩམས། གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེས་རྒྱ་ནག་གཞུང་གིས་རང་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས། དམག་དོན་དང་ཕྱི་འབྲེལ་བཅས་ཀྱི་ལས་དོན་མཐའ་དག་ལ་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ནུབ་ཕྱོགས་ཀྱི་རང་དབང་དང་དམངས་གཙོ། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་དགག་པ་བརྒྱབ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་རྣམས་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་སྤེལ། འཛམ་གླིང་འདིར་རྒྱ་ནག་དམར་ཤོག་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་དེ་དར་ཁྱབ་གཏོང་ཐབས་བྱེད་ཀྱི་འདུག དེས་ན་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་སློབ་ཕྲུག་དང་ཉམས་ཞིབ་པ་ཁག་ཅིག་གི་ཐོངས་མཆན་ཕྱིར་བསྡུ་བྱས་པ་ཡིན། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་དམག་དོན་ཉམས་ཞིབ་ཁང་། རྒྱ་ནག་གི་གསང་བའི་ལས་ཁུངས་སོགས་ཀྱི་ལས་འགན་མེད་པ་དང་འབྲེལ་བ་མེད་པའི་རྒྱ་ནག་གི་སློབ་སྦྱོང་ཚོ་ཨ་མི་རི་ཀར་སློབ་སྦྱོང་ལ་ཡོང་ན་སྔར་བཞིན་དགའ་བསུ་ཡོད་ཅེས་བསྒྲགས།།

ཨ་མི་རི་ཀ་དང་ཨོ་གླིང་གཉིས་ཀས་རྒྱ་ནག་གི་སློབ་ཕྲུག་དང་ཉམས་ཞིབ་པ། མཁས་པ་སོགས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱེད་ཀྱི་ཡོད་པ་ནི་འགྱུར་ལྡོག་ཆེན་པོ་ཞིག་ཡིན་ཞིང་། ད་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་ཆེན་དེ་ཚོས་རྒྱ་ནག་གི་སློབ་ཕྲུག་དང་ཉམས་ཞིབ་པ། སློབ་ཁྲིད་བྱེད་མཁན་སློབ་དཔོན་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་འགན་སྒྲུབ་མཁན་ཡིན་མིན། ཁོ་ཚོ་རྒྱ་ནག་གི་གསང་བའི་ལས་ཁུངས་དང་དམག་དོན་ཉམས་ཞིབ་ཁང་ལ་འབྲེལ་བ་ཡོད་མེད་སོགས་ལ་དོགས་ཟོན་བྱ་དགོས་པ་ཞིག་ལ་གྱུར་འདུག་ཅེས་ཉམས་ཞིབ་པ་མང་དག་ཅིག་གིས་གླེང་སློང་བྱེད་འགོ་ཚུགས། དེ་སྔ་ཧོང་ཀོང་དུ་བཅའ་སྡོད་ཨོ་གླིང་རྒྱལ་ཁབ་ཀྱི་དོན་གཅོད་ཟུར་པ་ཇཱོ་སི་ལིན་ཆཱེས་བཤད་པ་ལྟར་ན། མ་འོངས་པར་ཨོ་གླིང་རྒྱལ་ཁབ་ཀྱི་ཞིབ་འཇུག་ཁང་དེ་དག་གི་རྒྱ་མི་མཁས་པ་ཚོས་ཞིབ་འཇུག་གི་དཔྱད་རྩོམ་འབྲི་དུས་བརྗོད་བྱ་བདམས་གསེས་བྱེད་ཕྱོགས་ལ་དོགས་ཟོན་བྱ་སྲིད་པའི་ཉེན་ཁ་ཆེ། མཁས་པ་ཚོས་རང་གི་ཞིབ་འཇུག་གི་གླེང་གཞི་ཁག་ཅིག་ལ་འཛེམ་ཟོན་བྱེད་ན་རང་དབང་གི་ཞིབ་འཇུག་ལམ་སྲོལ་རྒྱུན་འཁྱོངས་བྱེད་དཀའ། ད་ལྟའི་གནས་སྟངས་འོག་ཏུ་རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། ཨོ་གླིང་རྒྱལ་ཡོངས་སློབ་ཆེན་གྱི་འཐབ་ཇུས་དང་རྒྱལ་སྲུང་ཞིབ་འཇུག་རིག་པའི་སློབ་དཔོན་ཇཱོན་བྷ་ལེཀ་སི་ལན་ཌིས་རྒྱ་ནག་གིས་གཏམ་བརྗོད་རང་དབང་ཟེར་ནས་རང་གི་ལས་དོན་སྒྲུབ་ཐབས་བྱེད་ཀྱི་ཡོད་པས་ཨོ་གླིང་རྒྱལ་ཁབ་ལ་ཕམ་གྱོང་ཅི་ཡང་མི་འབྱུང་། ང་ཚོའི་སྤྱི་ཚོགས་ནི་རང་དབང་དང་དམངས་གཙོ་ཡིན་པས་དེ་ལ་སྦ་གསང་བྱ་དགོས་པ་དང་ལྐོག་ཇུས་གཤོམ་དགོས་དོན་མེད། ང་ཚོའི་ལམ་ལུགས་ལའང་མངོན་ལྐོག་མེད་པས་རྒྱལ་ཁབ་ཁག་ཅིག་གིས་དེའི་གོ་སྐབས་བཟུང་ནས་རང་དོན་བསྒྱུབ་རྒྱུའི་ཁས་སང་ལེན་གྱི་ཡོད་པ་རེད། རྒྱ་ནག་གི་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་ནི་ཚད་ལས་བརྒལ་བ་ཞིག་ཡིན་པས་རྒྱ་ནག་གི་མཁས་པ་དེ་དག་གི་ཐོངས་མཆན་ཕྱིར་བསྡུ་བྱས་པ་འོས་ཤིང་འཚམས་པ་ཞིག་རེད། ཨོ་གླིང་གཞུང་གིས་རྒྱ་ནག་གི་ཐེ་གཏོགས་ལ་ལན་པ་ནན་པོ་སློག་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་བ་ཆད་ཀྱི་མ་རེད་ཅེས་དགག་པ་བརྒྱབ།།

རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་ཨོ་གླིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་གར་སོགས་ཀྱི་སློབ་ཆེན་ཁག་ཏུ་ཁུང་ཙིའི་སློབ་གླིང་བཙུགས་ནས་རྒྱལ་ཁབ་དེ་དག་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་ལ་ཐེ་གཏོགས་དང་བཀག་སྡོམ། ཁུང་ཙིའི་སློབ་གླིང་བཙུགས་ཡོད་པའི་ཕྱི་རྒྱལ་ཁབ་ཀྱི་སློབ་ཆེན་ཁག་ཏུ་རྒྱ་ནག་དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་རྣམས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་ཁོ་ན་མིན་ཞིང་། རྒྱ་ནག་དང་ཨོ་གླིང་། ཐེ་ཝན་སོགས་ཀྱི་སློབ་ཆེན་༣༠་ལྷག་ལ་རྒྱ་ནག་ཉམས་ཞིབ་སྡེ་ཚན་བཙུགས་ཡོད་པ་རྣམས་ཀྱང་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར་འདུག རྒྱ་ནག་ཞིབ་འཇུག་སྡེ་ཚན་ཁག་གི་རྒྱ་ནག་གི་ཤེས་ཡོན་ཅན་དང་སློབ་དཔོན་ཚོས་ཕྱི་རྒྱལ་གྱི་སློབ་ཆེན་ཁག་གི་ཉམས་ཞིབ་སྡེ་ཚན་ཁག་ཏུ་སློབ་ཁྲིད་ཇི་ལྟར་བྱེད་ཀྱི་ཡོད་མེད། ཁོ་ཚོས་རྒྱ་ནག་དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་རྣམས་ཁྱབ་སྤེལ་བྱེད་ཀྱི་ཡོད་མེད་སོགས་ལ་བརྟག་དཔྱད་བྱ་སྲིད་པའི་ཉེན་ཀ་འབྱུང་སྲིད། ཨོ་གླིང་གི་ཨེ་ཌི་ལེ་ཌི་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་སློབ་དཔོན་གའོ་མཱོ་བྷོ་ཡིས་བཤད་པ་ལྟར་ན། ༡༩༡༩་ལོར་རྒྱ་ནག་ལ་ལྔ་བཞིའི་ལས་འགུལ་ལངས་ནས་བཟུང་སྟེ་རྒྱ་ནག་གི་ཤེས་ཡོན་ཅན་རྣམས་ནུབ་ཕྱོགས་ཀྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཏེ། ང་ཁྱོད་ཀྱི་ལྟ་བར་དགའ་མོས་མེད། འོན་ཀྱང་ཁྱོད་ལ་རང་གི་ལྟ་བ་བཤད་ཆོག་པའི་ཐོབ་ཐང་ཡོད་པར་ངས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར་པའི་ལྟ་གྲུབ་ཀྱིས་བློ་སེམས་བཀུག་པ་རེད། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་རྒྱ་ནག་གི་ན་གཞོན་ཚོས་ནུབ་ཕྱོགས་ཀྱི་དམངས་གཙོ་དང་ཚན་རིག་གི་ལྟ་གྲུབ་གཙིགས་སུ་བཟུང་ནས་འཐབ་རྩོད་བྱས། འོན་ཀྱང་ད་ལྟ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་རང་གིས་རང་ལ་ཞིབ་བཤེར་བྱ་དགོས་པའི་ཚད་དེར་སླེབས་པ་ནི་སེམས་སྐྱོ་དགོས་པ་ཞིག་རེད་ཅེས་བཤད། ཡིན་ནའང་ད་ལྟ་རྒྱ་ནག་དང་ཨ་མི་རི་ཀ རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ། རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ། རྒྱ་དཀར་ནག ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་རྒྱ་ནག་གི་འབྲེལ་བ་རྣམས་ཕྱོགས་གང་ཐད་དུ་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་འདིར་རྒྱ་ནག་གི་སློབ་ཕྲུག་དང་ཤེས་ཡོན་ཅན་ཚོར་དོགས་ཟོན་དང་དབྱེ་འབྱེད། ཁོ་ཚོའི་ཤེས་ཡོན་སློབ་སྦྱོང་དང་ཞིབ་འཇུག སློབ་ཁྲིད་བཅས་ཀྱི་ལས་དོན་ཁག་ལ་བར་ཆད་འབྱུང་རྒྱུ་རེ་ཞིག་འགོག་དཀའ་བ་ཞིག་ཏུ་གྱུར་འདུག

XS
SM
MD
LG