ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༡༧

ཨ་རྒྱ་གཉིས་ཀྱི་ཚོང་དོན་ལས་སྣེ་བར་ཐུག་འཕྲད་གྲོས་མོལ་བྱུང་འདུག


ཨ་རྒྱ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སླར་གསོ་ཡོང་ཐབས་བྱེད་བཞིན་པ་དང་བསྟུན་ནས། སྤྱི་ཟླ་༥ པའི་ཚེས་༢༥ ཉིན་རྒྱ་ནག་གི་ཚོང་དོན་སྡེ་ཚན་གྱི་འགན་འཛིན་ཝང་ཝེན་ཐའོ་ཨ་རིའི་ནང་སྐོང་འཚོགས་བྱས་ཡོད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་ལས་སྣེ་ལྷན་འཛོམས་ཀྱི་ཚོགས་འདུའི་ཐོག་མཉམ་བཞུགས་བྱས་ཡོད་པ་དང་ཆབས་ཅིག ཝ་ཤིན་ཊོན་ནས་ཨ་རིའི་ཚོང་དོན་སྡེ་ཚན་གྱི་འགན་འཛིན་ལྕམ་ཇཱི་ན་རེ་མཱང་ཏོ་Gina Raimondo ལགས་དང་ཨ་རིའི་ཚོང་དོན་སྐུ་ཚབ་ལྕམ་ཏའེ་ཆིས་ལགས་རྣམ་གཉིས་དང་ཐུག་འཕྲད་གྲོས་མོལ་བྱས་འདུག

ཐུག་འཕྲད་རྗེས་ཙམ་ལ་ཨ་རྒྱ་ཕྱོགས་གཉིས་ཀྱི་ཚོང་དོན་སྡེ་ཚན་ནས་ད་རེས་ཕན་ཚུན་བར་ཁ་ཏིང་མེད་པར་བསམ་པ་རྣམ་དག་དང་དོན་དངོས་གཞི་བཞག་གི་ཐོག་ནས་སོ་སོའི་སེམས་ཁུར་ཡོད་པའི་གནད་དོན་ཁག་གི་སྐོར་གྲོས་མོལ་བྱུང་སོང་ཞེས་གཞུང་འབྲེལ་གྱི་གསལ་བསྒྲགས་སྤེལ་འདུག ཐེངས་འདིའི་ཐུག་འཕྲད་གྲོས་མོལ་དེ་ནི་བྷ་ཌན་མཆོག་སྲིད་འཛིན་གོ་གནས་བཞེས་ནས་བཟུང་སྟེ་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རྒྱ་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་གཉིས་ཐུག་འཕྲད་བྱས་པ་ཐོག་མ་ཆགས་ཡོད་སྟབས། མི་མང་པོ་ཞིག་གིས་དེ་ནི་ད་ལོའི་སྤྱི་ཟླ་༢ པའི་ནང་ཨ་རྒྱ་གཉིས་བར་གསང་མྱུལ་ལྒང་བུའི་དོན་རྐྱེན་བྱུང་སྟེ་མཐོ་རིམ་བར་གྱི་འབྲེལ་ལམ་ཆད་ཡོད་པ་དེ་བཞིན་བསྐྱར་གསོ་ཡོང་ཐུབ་པའི་བཀྱོག་མཚམས་ཤིག་ལ་བརྩི་བཞིན་ཡོད་འདུག

ཨ་རིའི་ཚོང་དོན་དཔོན་པོས་རྒྱ་ནག་གིས་ཨ་རིའི་ཁེ་ལས་ཚོར་དམ་དྲག་བྱེད་བཞིན་པར་བློ་འཚབ་ཡོད་ཅེས་བརྗོད།

ཐུག་འཕྲད་གྲོས་མོལ་རྗེས་ལ་ཨ་རིའི་ཚོང་དོན་སྡེ་ཚན་གྱིས་སྤེལ་བའི་གསལ་བསྒྲགས་ལས། ད་རེས་ཕྱོགས་གཉིས་བར་ཚོང་དོན་དང་མ་རྩ་འཛུགས་འཇོག་དང་འབྲེལ་བའི་གནད་དོན་སོགས་ཀྱི་སྐོར་ཁ་རེ་ཁ་ཐུག་དང་ལྷག་བསམ་རྣམ་དག་ཐོག་ནས་གྲོས་མོལ་བྱུང་ཡོད་པར་མ་ཟད། ཨ་རིའི་ཚོང་དོན་སྡེ་ཚན་གྱི་འགན་འཛིན་ལྕམ་ཇཱི་ན་རེ་མཱང་ཏོ་Gina Raimondo ལགས་ནས་ཉེ་ལམ་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་བཟོ་ཚོང་ཁང་ཚོ་ལ་རྒྱ་ནག་གཞུང་གིས་དམ་དྲག་དང་རྡུང་རྡེག་ཐེངས་འགའ་བཏང་ཡོད་པའི་ཐད་སེམས་ཁུར་དང་བློ་འཚབ་ཆེན་པོ་ཡོད་ཅེས་ནན་བརྗོད་གནང་འདུག

ད་ལོའི་སྤྱི་ཟླ་༣ པར་པེ་ཅིང་དུ་ཡོད་པའི་ཨ་རིའི་མིན་ཙི་ཚོགས་པ་Mintz Group ཞེས་པའི་བཟོ་ཚོང་ཁང་གི་ཡན་ལག་ལས་ཁུངས་ལ་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཏེ་ལས་ཁུངས་དེའི་ལས་མི་ལྔ་བཀག་ཉར་བྱས་འདུག དེ་བཞིན་དུ་སྤྱི་ཟླ་༤ པར་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཧྲང་ཧེར་ཡོད་པའི་ཨ་རིའི་པེ་ཨན་Bain བཟོ་ཚོང་ཁང་གི་ཡན་ལག་ལས་ཁུངས་ལ་གློ་བུར་དུ་ཞིབ་བཤེར་བྱས་ཏེ་ལས་ཁུངས་དེའི་ཁ་པར་དང་གློག་ཀླད་འགའ་ཤས་ཁྱེར་ཡོད་པ་རེད། གཞན་ཡང་སྤྱི་ཟླ་༥ པའི་ཟླ་མགོར། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་པེ་ཅིན། སུའུ་ཀྲུའུ། ཧྲེང་ཀྲེན་དུ་ཡོད་པའི་ཨ་རིའི་Capvision ཞེས་པའི་བཟོ་ཚོང་ཁང་གི་ཡན་ལག་ལས་ཁུངས་དག་ལ་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཡོད་པར་མ་ཟད། ལས་ཁུངས་དེ་དག་གིས་གསང་མྱུལ་བྱེད་མི་ཆོག་པའི་སྒྲིག་གཞི་ཁག་ལག་ལེན་ནན་མོ་བསྟར་གྱི་མི་འདུག་ཅེས་སྐྱོན་འཛུགས་བྱས་འདུག

དེར་བརྟེན་ཨ་རིའི་ཚོང་དོན་སྡེ་ཚན་གྱིས་སྤེལ་བའི་གསལ་བསྒྲགས་ལས། ཐུག་འཕྲད་གྲོས་མོལ་དེ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྒྱུན་གནས་ཐུབ་ཆེད་ཕྱོགས་གཉིས་ནས་འབད་བརྩོན་བྱེད་བཞིན་པའི་ཆ་ཤས་རེད་ཅེས་དང་། ཨ་རིའི་ཚོང་དོན་སྡེ་ཚན་གྱི་འགན་འཛིན་ལྕམ་ཇཱི་ན་རེ་མཱང་ཏོ་ལགས་ནས་༢༠༢༢ ལོའི་སྤྱི་ཟླ་༡༡ པའི་ནང་པཱ་ལི་གླིང་ཕྲན་ཐོག་ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་མཇལ་མོལ་བྱུང་བའི་རྨང་གཞིའི་ཐོག་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་རྒྱུ་ལ་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས་འདུག

རྒྱ་ནག་གིས་ཀྱང་ཐུག་འཕྲད་གྲོས་མོལ་རྗེས་ལ་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གསལ་བསྒྲགས་ལས། རྒྱ་ནག་ཚོང་དོན་དཔོན་པོ་ཝང་ཝེན་ཐའོ་ཡིས་ཐུག་འཕྲད་གྲོས་མོལ་སྐབས་སུ། གཙོ་བོ་ཨ་རིས་རྒྱ་ནག་ཐོག་འཛིན་པའི་ཚོང་ལས་ཀྱི་སྲིད་ཇུས་དང་། གློག་འདྲེན་ཕྱེད་གཟུགས་དང་ཕྱིར་གཏོང་དོ་དམ་སྐོར་གྱི་སྲིད་ཇུས། རྒྱ་ནག་ཏུ་མ་རྩ་འཛུགས་འཇོག་སྐོར་ཞིབ་བཤེར་བྱེད་པའི་སྲིད་ཇུས་སོགས་ཀྱི་སྐོར་རྒྱ་ནག་གིས་དོ་སྣང་ཆེན་པོ་ཡོད་ཅེས་བརྗོད་འདུག དེ་ནས་ཚེས་༢༦ ཉིན་རྒྱ་ནག་ཚོང་དོན་དཔོན་པོ་ཝང་ཝེན་ཐའོ་ཡིས་ཨ་རིའི་ཚོང་དོན་སྐུ་ཚབ་ལྕམ་ཏའེ་ཆིས་ལགས་དང་ཐུག་འཕྲད་ཀྱིས་ཕྱོགས་གཉིས་བར་ཨ་རྒྱ་གཉིས་ཀྱི་ཚོང་དོན་འབྲེལ་ལམ་དེ་བཞིན་གལ་ཆེ་ཡིན་ལུགས་སྐོར་ནས་བགྲོ་གླེང་བྱུང་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་ཐུབ་སྲིད་དམ།

ཝང་ཝེན་ཐའོ་ཨ་རི་ལ་སླེབས་ཞོར་ཨ་རིའི་ཚོང་དོན་སྐོར་གྱི་ལས་སྣེ་ལྕམ་ཇཱི་ན་རེ་མཱང་ཏོ་དང་ཏའེ་ཆིང་རྣམ་གཉིས་ལ་ཐུག་འཕྲད་བྱས་པ་དེ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཅན་དེ་བཞིན་ཅུང་ཟད་ཞི་ལྷོད་ཡོང་འགོ་ཚུགས་བའི་རྟགས་མཚན་ཞིག་རེད། ཝང་ཝེན་ཐའོ་ཨ་རི་ལ་མ་སླེབས་གོང་ཙམ་ལ། ཚེས་༢༡ ཉིན་བཟོ་ལས་འབྱོར་ལས་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་མཇུག་སྡོམ་སྐབས་སུ། གསར་འགོད་པས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་བཀའ་འདྲི་ཞུ་དུས། སྲིད་འཛིན་བྷ་ཌན་མཆོག་གིས་གསང་མྱུལ་ལྒང་བུའི་དོན་རྐྱེན་ལས་ཨ་རྒྱ་གཉིས་ཀྱི་མཐོ་རིམ་བར་གྱི་འབྲེལ་ལམ་འགག་བཅུག་ཡོད་པ་དེ་གང་མགྱོགས་ཞི་ལྷོད་འགྲོ་རྒྱུ་ཁྱེད་ཀྱིས་མཐོང་ཐུབ་ཀྱི་རེད་ཅེས་ལན་འདེབས་གནང་འདུག ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཞི་ལྷོད་འགྲོ་བཞིན་པའི་རྟགས་མཚན་གཞན་ཞིག་ནི། ཨ་རིར་གནས་སྡོད་རྒྱ་མི་གཞུང་ཚབ་གསར་པ་ཤེར་ཧྥུང་ཚེས་༢༣ ཉིན་ཨ་རི་ལ་འབྱོར་ནས་ད་ཕན་ཟླ་བ་བཞི་ལྷག་རིང་ལ་སྟོང་པ་ལུས་ཡོད་པའི་ལས་གནས་ཁ་སྐོང་བྱས་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཞི་ལྷོད་ཡོང་རྒྱུར་འགོག་རྐྱེན་སྣ་ཚོགས་འཕྲད་བཞིན་པ།

སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཞི་ལྷོད་ཡོང་རྒྱུ་རེད་ཅེས་གསུངས་མ་ཐག རྒྱ་ནག་དྲ་རྒྱའི་དོ་དམ་ལས་ཁུངས་ཀྱིས་ཚེས་༢༡ ཉིན་གྱི་དགོང་དྲོར། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་མིང་ཐོག་ནས་ཨ་རིའི་Micron བཟོ་ཚོང་ཁང་གི་ཐོན་རྫས་ཡོད་ཚད་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག དེ་དང་ཕྱོགས་མཚུངས་སྲིད་འཛིན་བྷ་ཌན་མཆོག་གིས་ཀྱང་གང་མགྱོགས་རྒྱ་ནག་གི་འཕྲུལ་རིག་ཁྱབ་ཁུངས་ནང་ཨ་རི་བ་ཚོས་མ་རྩ་འཛུགས་འཇོག་བྱ་མི་ཆོག་པའི་བཀོད་ཁྱབ་ཅིག་ལ་མཚན་རྟགས་བསྐྱོན་རྒྱུ་རེད་འདུག ཨ་རིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱིས་ཚེས་༡༨ ཉིན་ཝང་ཝེན་ཐའོ་ཨ་རི་ལ་འགྲོ་རྒྱུ་རེད་ཅེས་གསལ་བསྒྲགས་སྤེལ་ནས་ཆུ་ཚོད་གཉིས་ལས་མ་འགོར་བར། ཨ་རིའི་ཚོང་དོན་སྐུ་ཚབ་ཏའེ་ཆིས་ལགས་ནས་ཨ་རི་དང་ཐེ་ཝན་གཉིས་བར་དུས་རབས་༢༡ པའི་ཚོང་དོན་གྲོས་གླེང་རིམ་པ་དང་པོ་དེ་ལེགས་གྲུབ་བྱུང་སོང་ཞེས་ཕྱིར་བསྒྲགས་གནང་ཡོད། རྒྱ་ནག་གིས་དེ་ལ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཨ་རིས་རྒྱ་ནག་གཅིག་གི་རྩ་དོན་དང་རྒྱབ་འགལ་བྱས་སོང་ཞེས་སྐྱོན་བརྗོད་བྱས་ཡོད།

སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་རྒྱ་ནག་ལ་ཁ་གཏད་གཅག་དགོས་པའི་ནན་སྐུལ།

ཨ་རིའི་གྲོས་ཚོགས་གོང་མའི་ནང་ད་ལྟ་རྒྱ་ནག་དང་འགྲན་རྩོད་སྐོར་གྱི་ཁྲིམས་འཆར་ཞིག་འགྲོ་བཞིན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ནང་གསར་འཛུགས་བྱས་པའི་རྒྱ་ནག་སྐོར་གྱི་དམིགས་གསལ་ལས་དོན་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་མཱ་ཁེ་གྷ་ལ་གྷེར་Mike Gallagher ལགས་ནས་Politico ཞེས་པའི་གསར་ཁང་གི་བཅར་འདྲི་དང་ལེན་གནང་དུས། བྷ་ཌན་འཛིན་སྐྱོང་གིས་རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་ལམ་དེ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་པ་ལྟ་བུ་ཞིག་མཐོང་གི་འདུག དེ་ནི་ཉམས་མྱོང་ལ་གཞི་བཅོལ་མེད་པའི་འཁྲུལ་སྣང་ཙམ་རེད། དེ་ནོར་འཁྲུལ་རེད་ཅེས་གསུངས་འདུག གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་མཱ་ཁེ་མ་ཁོལ་Michael McCaul ལགས་ནས་ཀྱང་རེས་གཟའ་ལྷག་པའི་ཉིན་ཕྱི་སྲིད་དྲུང་ཆེ་པུ་ལིང་ཁེན་ལ་ཡི་གེ་ཞིག་བསྐུར་གནང་བའི་ནང་། བྷ་ཌན་འཛིན་སྐྱོང་གིས་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་རིགས་ལ་མགོ་སྒུར་མི་རུང་བ་དང་དེ་ལ་རྣམ་འགྱུར་མཁྲེགས་ཙམ་ལས་ཉམ་ཆུང་ནུས་མེད་ཀྱི་སྣང་བ་ཟུར་ཙམ་ཡང་བསྟན་མི་རུང་ཞེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

XS
SM
MD
LG