ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིས་ཐེ་ཝན་གྱི་དམག་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་ངེས་གཏན། 


༄༅།། ཉེ་དུས་ཤིག་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་རྒྱུའི་ཉེན་ཁ་ཇེ་ཆེར་སོང་། དེ་རིང་ཕྱི་ཟླ་༡༠་པའི་ཚེས་༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀའི་དམག་མི་༢༠་ལྷག་གིས་ཐེ་ཝན་གྱི་དམིགས་བསལ་དཔུང་སྡེ་དང་རྒྱུན་ལྡན་གྱི་དམག་ལ་སྦྱོང་བརྡར་སྤྲད་ནས་ལོ་གཅིག་མ་ཟིན་ཙམ་ཞིག་འགྲོ་བཞིན་ཡོད་ཅེས་ངེས་གཏན་བྱུང་། ཨ་རིའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་སོང་བའི་སྟབས་ཀྱིས་ཨ་མི་རི་ཀས་ཐེ་ཝན་གྱི་དམག་ལ་སྦྱོང་བརྡར་སྤྲོད་དགོས་བྱུང་བ་རེད་ཅེས་གནས་ཚུལ་སྤེལ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་རང་གི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་ཅི་ཙམ་འབྱོར་ཡོད་མེད་དང་ཨ་མི་རི་ཀའི་དམག་གིས་ཐེ་ཝན་གྱི་དམིགས་བསལ་དཔུང་སྡེར་དམག་སྦྱོང་སྤྲད་ནས་དུས་ཡུན་ཅི་ཙམ་འགྲོ་བཞིན་ཡོད་མེད་སོགས་ལ་གསལ་བཀྲོལ་ཅི་ཡང་མ་བྱས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་སཱ་པལ་གྱིས་ཨ་མི་རི་ཀས་ཐེ་ཝན་གྱི་དམག་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་ནི་མཚོ་གླིང་དེའི་སྲུང་སྐྱོབ་དོན་དུ་ཡིན། ང་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་དང་རྒྱལ་སྲུང་གི་འབྲེལ་བ་འཛུགས་དགོས་པ་རྒྱ་ནག་གི་སྡིགས་སྐུལ་ལས་བྱུང་བ་ཞིག་རེད། རྒྱ་ནག་གཞུང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རྩ་འཛིན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་ན་ནིང་ཕྱི་ཟླ་༡༡་པ་ནས་ཨ་རིའི་འཕྲལ་སྒྲུབ་དམག་དཔུང་ཐེ་ཝན་ལ་འབྱོར་ནས་མཚོ་གླིང་དེའི་མཚོ་དམག་ལ་སྦྱོང་བརྡར་སྤྲོད་འགོ་ཚུགས་པ་རེད་ཅེས་གནས་ཚུལ་སྤེལ།།

ཉེ་ཆར་ཕྱི་ཟླ་༨་པའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་ཊེཀ་སེ་སི་མངའ་སྤྱིའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱོན་ཁོར་ཎི་ཡན་གྱིས་གནས་ཚུལ་གྱི་འབྱུང་ཁུངས་སོགས་ལུང་འདྲེན་མ་བྱས་པར་ཨ་མི་རི་ཀའི་དམག་མི་༣༠༠༠༠་ཡས་མས་ཤིག་ཐེ་ཝན་ལ་འགྲེམ་འཇོག་བྱེད་ཡོད་ཅེས་བསྒྲགས། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀས་ལྐོག་ཏུ་ཐེ་ཝན་མཚོ་གླིང་ལ་དམག་དཔུང་འགྲེམ་འཇོག་བྱེད་ཀྱི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་དམར་ཤོག་ཚོགས་པའི་གོ་ལའི་དུས་བབ་ཚགས་པར་ལ་ཨ་མི་རི་ཀས་ཅིའི་ཕྱིར་དམག་མི་༢༠་ཡས་མས་ཤིག་ལས་གཏོང་གི་མེད་པ་རེད། གསང་བའི་ཐོག་ཏུ་གཏོང་དགོས་དོན་མེད། ཨ་མི་རི་ཀས་མངོན་སུམ་འཛེམ་མེད་དུ་དམག་མི་༢༤༠་ལྷག་ལ་དམག་ཆས་གཡོགས་ནས་གཏོང་དགོས་པ་དང་ཨ་རིའི་དམག་དཔུང་རྣམས་ཐེ་ཝན་གྱི་ས་གནས་གང་དུ་འགྲེམ་འཇོག་བྱེད་ཡོད་པ་རྣམས་གསལ་པོར་བཤད་དགོས་པ་རེད། དེ་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་གཏོར་རྒོལ་བྱས་ནས་ཨ་རིའི་བཙན་འཛུལ་དམག་རྩ་མེད་གཏོང་ཆོག་གི་རེད་ཅེས་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཞིས་ཅིན་གྱིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཨ་མི་རི་ཀས་ཐེ་ཝན་ལ་མེ་ཤུགས་འཕུར་མདེལ་དང་དམག་འཐབ་གནམ་གྲུ། མཚོ་དམག་གི་ཡོ་བྱད་སོགས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་དེང་རབས་ཅན་གྱི་མཚོན་ཆ་བཙོང་དགོས་པའི་ཁྲིམས་ཡིག་གཏན་འབེབས་བྱུང་ཡོད་ཅིང་། སྔ་ལོ་ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཙན་འགོག་དམག་སྦྱོང་ཞེས་ཐེ་ཝན་དང་ཨ་མི་རི་ཀའི་དམག་དཔུང་གིས་གླིང་ཕྲན་ཞིག་གི་ཐོག་ཏུ་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པའི་བརྙན་ཐུང་ཞིག་འགྲེམ་སྤེལ་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༡་ནས་ཚེས་༤་བར་དུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་༡༥༠་ལྷག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས།
ཕྱི་ཟླ་༡༠་པའི་ཚེས་༡་ནས་ཚེས་༤་བར་དུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་༡༥༠་ལྷག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས།

ཕྱི་ཟླ་༡༠་པའི་ཚེས་༡་ནས་ཚེས་༤་བར་དུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་༡༥༠་ལྷག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་ནས་བཟུང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གིས་བསམ་བཞིན་ཐེ་ཝན་ལ་འཁྲུག་རྩོད་བསླངས་ནས་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག རྒྱ་ནག་གིས་ཐེ་ཝན་ལ་དམག་དོན་དང་ཕྱི་འབྲེལ། དཔལ་འབྱོར་དང་ཚོང་ལས་བཅས་ཀྱི་ཐབས་ལམ་བརྒྱུད་ནས་བཙན་གནོན་བྱེད་ཀྱི་ཡོད་པ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། གཟའ་པ་སངས་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་ཉམས་ཞིབ་པ་ཌན་ནིལ་ཝི་ལིམ་སི་ཞེས་པ་ཞིག་གིས་ཨ་རིའི་རྒྱལ་སྲུང་ཞིབ་འཇུག་སྙན་ཐོར་གཞི་བཅོལ་ནས་རྩོམ་ཡིག་བྲིས་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་སོང་། དེས་ན་ཨ་མི་རི་ཀས་དངོས་སུ་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་གི་བཙན་འཛུལ་འགོག་ཐབས་བྱ་དགོས། རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དང་རྒྱལ་ཁབ་གཞན་ཚོར་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་དུ་འཇུག་འཆར་མི་འདུག ཨ་མི་རི་ཀས་འཛམ་གླིང་གི་ས་ཕྱོགས་གང་སར་ཐེ་ཇུས་བྱས་ནས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རྣམས་མཚམས་འཇོག་བྱ་དགོས། སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀྱིས་ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་དང་ཨབ་གྷ་ཎི་སི་ཐན་སོགས་ཀྱི་ལས་དོན་རྣམས་མཇུག་བསྡུས་ནས་རྒྱ་ནག་ལ་དམིགས་པ་གཏོད་འགོ་ཚུགས་ཡོད་པ་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་བཀོད། རྒྱལ་སྤྱིའི་འབྲེལ་ལམ་དང་འཐབ་ཇུས་ཉམས་ཞིབ་ཁང་གིས་ཨ་རྒྱའི་འགྲན་སྡུར་ནི་དམག་དོན་དང་དམངས་སྲིད། འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཞིག་རེད། དེ་ནི་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོ་གཉིས་གཅིག་པུར་ཁྱབ་ཡོད་པ་ཞིག་མ་རེད་ཅེས་བསྟན།།

དེང་སྐབས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་སྒྱུར་འོག་ཏུ་བསྡུ་ཐུབ་མེད་པ་ནི་ཐེ་ཝན་ཁོ་ན་ཡིན་ཞིང་། རྒྱལ་སྤྱིའི་འབྲེལ་ལམ་དང་འཐབ་ཇུས་ཞིབ་འཇུག་ཁང་གི་སྙན་ཐོ་དེར་རྒྱ་ནག་གི་འགོ་ཁྲིད་ཚོར་དམངས་གཙོའི་ལམ་ལུགས་དར་ཡོད་པའི་ཐེ་ཝན་མཚོ་གླིང་ལ་དབང་སྒྱུར་བྱ་རྒྱུ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་འདུག རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱི་གང་གིས་ཨེ་ཤི་ཡ་དང་དེ་ལས་བརྒལ་ནས་འཛམ་གླིང་གི་ས་གནས་ཁག་ཏུ་དམག་དོན་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་ཚེ། ཁོ་ཚོས་ཞི་དྲག་གཉིས་ཀྱི་སྟོབས་ཤུགས་བཀོལ་ནས་ཕ་རོལ་པོའི་སྟོབས་ཤུགས་གཅོག་ཐབས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཀུན་སློང་ཙམ་མིན་པར་དངོས་སུ་འཐབ་རྒོལ་བྱ་རྒྱུ་ལག་ལེན་བསྟར་དགོས་ཞེས་གླེང་སློང་བྱས་འདུག རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་དམག་འཁྲུག་ནི་རྒྱག་རྒྱག་ཆོག་ཡིན་ཞེས་སྡིགས་སྐུལ་གྱི་རྩོམ་ཡིག་སྤེལ། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝྭན་དང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་ཛུ་རིག་གྲོང་ཁྱེར་དུ་ཐུག་འཕྲད་བྱས་ནས་ཐེ་ཝན་མཚོ་འགག་གི་ཛ་དྲག་ཆེ་རུ་འགྲོ་བཞིན་པར་གྲོས་མོལ་བྱས་ཤིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གིས་འཁྲུག་རྩོད་བསླངས་ནས་རྩིས་ལོག་ཐེབས་རྒྱུ་དང་དམག་འཁྲུག་སློང་རྒྱུའི་ཉེན་ཆེ་ཞེས་ཉེན་བརྡ་བཏང་འདུག ཉིན་དེར་སྲིད་འཛིན་བྷ་ཌན་གྱིས་ཀྱང་བདུན་ཕྲག་འགའ་ཞིག་གི་གོང་དུ་ཞིས་ཅིན་ཕིང་ལ་ཁ་པར་ནང་དུ་གྲོས་མོལ་བྱས་པའི་སྐབས་སུ་ཨ་རྒྱ་གཉིས་ཐེ་ཝན་གྱི་གནད་དོན་ཐོག་ཏུ་གྲོས་མཐུན་བྱུང་ཡོད་པ་རྣམས་བསྐྱར་ཟློས་བྱུང་ཡོད་ཅེས་བསྒྲགས། དེའི་གོ་དོན་ནི་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་དགོས་པ་དང་རྒྱ་ནག་གིས་མཚོ་དམག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་དགོས་པ་དེར་གོ་དགོས།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀས་རྒྱ་ནག་ལ་གྲོས་མོལ་བྱེད་དགོས་པར་མ་ཟད། རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་དམག་དོན་སྲིད་ཇུས་གཏན་ལ་ཕབ། ཟླ་བ་སྔོན་མར་ཨ་མི་རི་ཀ་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་གསུམ་གྱིས་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་གསར་པ་ཞིག་བཙུགས། ཨ་རི་དང་དབྱིན་ཇི་གཉིས་ཀྱིས་ཨོ་གླིང་གི་མཚོ་དམག་ལ་རྡུལ་ཕྲན་གྱི་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་བཙོང་རྒྱུའི་གྲོས་མཐུན་བཞག་པ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེར་དམིགས་པ་ཞིག་རེད། རྒྱ་ནག་གིས་༢༠༠༥་ནས་ཐེ་ཝན་ཞི་བའི་སྒོ་ནས་སྐམ་ས་ཆེན་མོར་གཅིག་གྱུར་བྱེད་མ་ཐུབ་ན་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་ཁྲིམས་ཡིག་གཏན་འབེབས་བྱས་འདུག་ཅེས་བཀོད། རྒྱལ་སྤྱིའི་༢༠༤༩་ལས་གཞི་ཉམས་ཞིབ་ཁང་གིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་གྱི་བདེ་འཇགས་ལ་ཞིབ་འཇུག་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་དམག་དཔུང་ཕོན་ཆེན་ཞིག་ཐེ་ཝན་ལ་སྐྱེལ་འདྲེན་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཞིང་། ༢༠༡༦་ལོའི་རྒྱ་ནག་གི་རྒྱལ་སྲུང་སྐྱེལ་འདྲེན་ཁྲིམས་ཡིག་ནང་དུ་སྒེར་གྱི་སྐྱེལ་འདྲེན་མཐུན་རྐྱེན་རྣམས་དམག་འཁྲུག་གི་དུས་སུ་བཀོལ་སྤྱོད་བྱེད་ཆོག་པ་ཞིག་བཟོ་དགོས་པའི་ཐག་བཅད། ལྷག་པར་དུ་རྒྱ་ནག་གི་གྲུ་གཟིངས་བཟོ་ཚོང་ལས་ཁང་ཁག་གིས་དམག་དཔུང་དང་མཚོན་ཆ། དམག་འཁྲུག་གི་ཡོ་བྱད་རྣམས་སྐྱེལ་འདྲེན་བྱེད་ཐུབ་པ་དང་དམག་དོན་ལ་ཕན་ཐོགས་ཡོད་པའི་མཚོ་ཐོག་གི་སྐྱེལ་འདྲེན་མཐུན་རྐྱེན་སྟོང་ཕྲག་མང་པོ་བཟོ་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG