ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

ཡུཀ་རེན་གྱི་སྲིད་འཛིན་གྱིས་ཉི་ཧོང་གྲོས་ཚོགས་ལ་གསུང་བཤད་གནང་འཆར། 


༄༅།། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱ་དགོས་ཞེས་བཀའ་བཏང་སྟེ་དམག་འཁྲུག་བསླངས་ནས་བཟུང་། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཡུཀ་རེན་ལ་དངོས་སུ་ཕེབས་ནས་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་བྱེད་པའམ། ཡང་ན་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱིས་སྲིད་འཛིན་ཛེ་ལན་སི་ཀི་གདན་འདྲེན་ཞུས་ནས་དྲྭ་ལམ་དུ་གསུང་བཤད་གནང་དུ་བཅུག་ནས་ཡུཀ་རེན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་གྱི་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སང་ཉིན་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ལ་གསུང་བཤད་གནང་རྒྱུ་དང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་ངོ་རྒོལ་གྱི་རྣམ་འགྱུར་སྟོན་རྒྱུའི་གནས་ཚུལ་ཐོན་འདུག འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གིས་རྒྱལ་ཁབ་གཞན་ལ་ཕོག་ཐུག་མི་གཏོང་བ་དང་ཞི་འགྲིག་གི་འབྲེལ་བ་འཛིན་རྒྱུ་གཙིགས་སུ་བཟུང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཆེ་རུ་སོང་སྟེ་བཙན་དྲག་བཀོལ་གྱི་ཡོད་པ་དང་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བཞིན་པ་བཅས་ཀྱིས་ཉི་ཧོང་གི་ལངས་ཕྱོགས་ལ་འགྱུར་བ་ཐེབས། ཉི་ཧོང་གིས་ཨུ་རུ་སུའི་བཙན་འཛུལ་ལ་ལངས་ཕྱོགས་མཁྲེགས་པོ་ཞིག་མ་བཟུང་ན་འཛམ་གླིང་ཤར་ཕྱོགས་སུ་མིག་དཔེ་ངན་པ་ཞིག་ཏུ་འགྱུར་སྲིད་པའི་དོགས་སྣང་གིས་ཉི་ཧོང་གཞུང་ནས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱིས་ཨུ་རུ་སུར་ཉེས་ཆད་བཅད། སྲིད་འཛིན་ཛེ་ལན་སི་ཀིས་དུས་ཡུན་སྐར་མ་བཅུའི་རིང་ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས་ལ་གསུང་བཤད་གནང་གི་ཡོད་ཀྱང་གསུང་བཤད་དེར་མཚོན་དོན་ཟབ་མོ་ཞིག་ཡོད་པའི་གནས་ཚུལ་ཐོན།།

་ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས།
་ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས།

སྔོན་ཆད་ཨ་རིའི་སྲིད་འཛིན་འཇོར་ཇཱི་ཨོལ་ཁར་བྷུ་ཤི་དང་ཧྥི་ལི་ཕིན་གྱི་སྲིད་འཛིན་ཨ་རོ་ཡོ་སོགས་ཉི་ཧོང་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་རྒྱལ་ཁབ་དེའི་གྲོས་ཚོགས་གོང་འོག་ཚང་འཛོམས་ལ་གསུང་བཤད་གནང་མྱོང་ཡོད་པ་རེད། སྲིད་འཛིན་ཛེ་ལན་སི་ཀིས་དྲྭ་ལམ་དུ་ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས་ལ་གསུང་བཤད་གནང་གི་ཡོད་པ་ནི་ཕྱིའི་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ཀྱིས་ཉི་ཧོང་གི་གྲོས་ཚོགས་ལ་དྲྭ་ལམ་དུ་གསུང་བཤད་གནང་བ་ཐེངས་དང་པོར་འགྱུར་གྱི་ཡོད་པར་མ་ཟད། ཟླ་བ་གཅིག་ཡས་མས་ཤིག་གི་རིང་དུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨ་རིའི་གྲོས་ཚོགས་དང་ཡུ་རོབ་གྲོས་ཚོགས། དབྱིན་ཇིའི་གྲོས་ཚོགས་དང་འཇར་མན་གྲོས་ཚོགས། ཁེ་ན་ཌའི་གྲོས་ཚོགས་དང་ཨི་སི་རལ་གྱི་གྲོས་ཚོགས་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་ལ་གསུང་བཤད་གནང་ཞིང་། དེ་རིང་གཟའ་མིག་དམར་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་རྒྱལ་ཡོངས་གྲོས་ཚོགས་ལ་གསུང་བཤད་གནང་དུ་འཇུག་གི་ཡོད་པར་ངོ་རྒོལ་བྱས་ནས་ཨུ་རུ་སུ་དང་ཉི་ཧོང་གི་ཞི་བའི་གྲོས་མོལ་མཚམས་འཇོག ཁུ་རཱིལ་གླིང་ཚོམ་གྱི་མངའ་ཁུལ་དུ་ཉི་ཧོང་དང་ཨུ་རུ་སུ་གཉིས་ཀྱིས་དཔལ་འབྱོར་མཉམ་འབྲེལ་གྱི་ལས་གཞི་གཉེར་གྱི་ཡོད་པ་རྣམས་མཚམས་འཇོག་བྱས་འདུག ད་ལྟ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་༧༧་ཕྱིན་ཀྱང་ཉི་ཧོང་དང་ཨུ་རུ་སུ་གཉིས་ཀྱིས་དམག་འཁྲུག་དངོས་སུ་མཚམས་འཇོག་གི་ཆིངས་ཡིག་ཅིག་བཞག་མེད་པ་སྟེ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨུ་རུ་སུའི་དམར་དམག་གིས་བཙན་འཕྲོག་བྱས་ནས་ཉི་ཧོང་བྱང་ཕྱོགས་ཀྱི་ཧོ་ཁ་ཡེ་ཌོ་གླིང་ཚོམ་མམ། ཨུ་རུ་སུས་ཁུ་རཱིལ་གླིང་ཚོམ་དུ་འབོད་པའི་གླིང་ཕྲན་འགའ་ཞིག་གི་བདག་དབང་ཐོག་ཏུ་ཕྱོགས་གཉིས་རྩོད་པ་ཡོད་པ་ཐག་ཆོད་མེད་པ་རེད།།

ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨ་རིའི་གྲོས་ཚོགས་ལ་གསུང་བཤད་གནང་།
ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨ་རིའི་གྲོས་ཚོགས་ལ་གསུང་བཤད་གནང་།

གཟའ་མིག་དམར་ཉིན་ཨུ་རུ་སུའི་ཕྱི་སྲིད་བློན་ལྷན་ཁང་གིས་ད་ལྟའི་གནས་སྟངས་འོག་ཏུ་ཨུ་རུ་སུའི་གཞུང་གིས་ཉི་ཧོང་དང་ཞི་བའི་ཆིངས་ཡིག་ཅིག་འཇོག་རྒྱུའི་གྲོས་མོལ་རྒྱུན་འཁྱོངས་བྱེད་འདོད་མེད། ཉི་ཧོང་གིས་མངོན་སུམ་འཛེམ་མེད་ཀྱིས་ཨུ་རུ་སུ་ལ་སྡང་ཟུག་གི་ལངས་ཕྱོགས་ཤིག་བཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་གཏོང་གི་འདུག ཉི་ཧོང་གི་སྤྱི་དམངས་རྣམས་ཨུ་རུ་སུར་ཐོངས་མཆན་མེད་པར་ཡོང་མི་ཆོག་ཅེས་བསྒྲགས། ཉི་ཧོང་གི་སྲིད་བློན་ཀི་ཤི་དྷས་ཨུ་རུ་སུ་ཞི་བའི་ཆིངས་ཡིག་ཅིག་འཇོག་རྒྱུའི་གྲོས་མོལ་ཁོངས་ནས་ཕྱིར་འཐེན་བྱས་པ་དྲང་བདེན་ཞིག་མིན་པ་དང་ཉི་ཧོང་གིས་དེ་ལ་ནམ་ཡང་མོས་མཐུན་བྱེད་མི་ཐུབ། ང་ཚོ་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་དགོས་དོན་ནི་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་པ་འབའ་ཞིག་ནས་བྱུང་ཡོད། ཨུ་རུ་སུའི་གཞུང་གིས་ཉི་ཧོང་ལ་ལན་པ་སློག་པར་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་གཏོང་གི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཉི་ཧོང་གིས་སེམས་ཐག་རྦད་བཅད་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཨུ་རུ་སུར་ཉེས་ཆད་མུ་མཐུད་དུ་གཅོད་རྒྱུ་ཡིན་ཞེས་ངོ་རྒོལ་བྱས་ཤིང་། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ངོ་རྒོལ་ཆེད་དུ་བདུན་ཕྲག་སྔོན་མར་ཉི་ཧོང་གཞུང་གིས་ཨུ་རུ་སུར་དམིགས་བསལ་ཁྲལ་ཆག་ཚོང་འབྲེལ་གྱི་གནས་ཐོབ་སྤྲད་ཡོད་པ་ཕྱིར་བསྡུ། ཉི་ཧོང་གི་ས་ཐོག་ཏུ་ཨུ་རུ་སུའི་ཕྱུག་བདག་ཚོར་མཁར་དངོས་སོགས་ཡོད་པ་རྣམས་འགོག་ཉར། ཉི་ཧོང་གིས་དངོས་ཟོག་ཁག་ཅིག་ཨུ་རུ་སུར་ཕྱིར་ཚོང་བྱ་རྒྱུ་མཚམས་འཇོག་བྱས་ནས་ཉེས་ཆད་བཅད། སྲིད་བློན་ཀི་ཤི་དྷས་ཉི་ཧོང་གིས་རྒྱལ་སྤྱིའི་རོགས་ཚོགས་ཁག་ལ་མཉམ་འབྲེལ་བྱས་ནས་ཡུཀ་རེན་ལ་བཟའ་ཆས་དང་སྨན་སོགས་རོགས་སྐྱོར་སྤྲོད་རྒྱུ་ཡིན། ཡུཀ་རེན་གྱི་བཙན་བྱོལ་བ་རྣམས་ཉི་ཧོང་ལ་ཡོང་དུ་འཇུག་རྒྱུ་དང་ཉི་ཧོང་མི་དམངས་ཀྱིས་དེ་ལ་རྒྱབ་སྐྱོར་བྱ་དགོས་ཞེས་ནན་གྱིས་བསྐུལ།།

སྔ་ལོ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཀྲོཀ་ཁིའོ་དང་མོ་སི་ཀོ་གཉིས་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད། ཨུ་རུ་སུ་དང་ཉི་ཧོང་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་མེད་པ་ནི་ཁྱད་མཚར་ཞིག་རེད་ཅེས་བཤད། ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་གིས་ཨུ་རུ་སུའི་སྐྱེ་བོ་སྒེར་པ་༧༦་དང་དངུལ་ཁང་བདུན། ཨུ་རུ་སུའི་བཟོ་ཚོང་ལས་ཁང་༡༢་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་པ་དེ་དག་གི་ཁོངས་སུ་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཁག་དང་མཚོན་ཆ་ཕྱིར་ཚོང་ལས་ཁུངས་བཅས་ཚུད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཕྱོགས་གཅིག་ནས་ཉི་ཧོང་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་ལ་གཏམ་བཤད་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ནས་ཨུ་རུ་སུའི་བཙན་འཛུལ་འགོག་ཐབས་སུ་འབད། ཁོང་གིས་ཕྱོགས་གཞན་ཞིག་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་གདོང་ཐུག་ནས་གྲོས་མོལ་བྱས་ཏེ་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་བྱ་དགོས་ཞེས་གྲོས་མགོ་བཏོན། ཡུཀ་རེན་གྱི་བརྙན་འཕྲིན་ལས་ཁང་གིས་བཅར་འདྲི་ཞུས་པའི་སྐབས་དེར་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་དང་ཡུཀ་རེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་ཚེ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་མི་ཆོག་ཟེར་གྱི་ཡོད་པར་བསམ་ཞིབ་བྱེད་ཆོག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཇི་ལྟར་འཇུག་དགོས་མིན་ཐག་མ་ཆོད་པར་ལུས་འདུག ཡུཀ་རེན་ལ་བདེ་འཇགས་འགན་ལེན་དགོས་པ་དང་ཨུ་རུ་སུར་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་པ་དང་ཨ་རིས་འགོ་ཁྲིད་པའི་དམག་དོན་སྒྲིག་འཛུགས་དེ་ཨུ་རུ་སུའི་མཐའ་མཚམས་བར་དུ་རྒྱ་སྐྱེད་འགྲོ་རུ་འཇུག་འདོད་མེད་པ་རེད། དེས་ན་ང་ཚོ་ཕྱོགས་ཚང་མས་གུ་བཤངས་བྱ་དགོས་ཞེས་བཤད།།

དེ་རིང་གི་ཨ་རི་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་གྲོས་མོལ་བྱ་དགོས་ཞེས་འབོད་སྐུལ་ལན་མང་ཞུས་པ་ཡིན། ཡིན་ནའང་ཨུ་རུ་སུར་དམག་འཁྲུག་མཚམས་བཞག་ནས་གྲོས་མོལ་བྱེད་འདོད་ཡོད་མེད་གསལ་པོ་མི་འདུག་ཅེས་བསྟན། ཨུ་རུ་སུའི་གཞུང་གིས་ཏུར་ཀིའི་སྲིད་འཛིན་ཨེ་དྷོ་གྷན་བརྒྱུད་ནས་ཡུཀ་རེན་ནམ་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་མིན་པའི་ཆིངས་ཡིག་འཇོག་དགོས། ཡུཀ་རེན་གྱི་མཚོན་ཆའི་བཟོ་གྲྭ་རྣམས་སྒོ་བརྒྱབ་སྟེ་དམག་དཔུང་ཉུང་དུ་གཏོང་དགོས། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་དང་དེང་སྐབས་ཨུ་རུ་སུའི་རྒྱབ་སྐྱོར་འོག་ཡོད་པའི་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་གཉིས་ཀྱི་བདག་དབང་རྣམས་ཨུ་རུ་སུ་ལ་ཡོད་པ་ངོས་ལེན་བྱ་དགོས། ཡུཀ་རེན་གྱིས་གོང་གི་ཆ་རྐྱེན་དེ་ཚོར་ངོས་ལེན་བྱེད་ན་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ཆོག་ཅེས་སྔོན་འགྲོའི་ཆ་རྐྱེན་བཏོན། སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུ་ལ་གྲོས་མོལ་བྱེད་ཆོག འོན་ཀྱང་ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་གྱི་རྩ་དོན་ལ་གུ་བཤངས་དང་གྲོས་མོལ་བྱ་རྒྱུ་མེད་ཅེས་ལན་བཏབ། དུས་ཡུན་ཟླ་བ་གཅིག་གི་དམག་འཁྲུག་གི་རིང་དེར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་མཐའ་བསྐོར་ནས་དཔུང་འཇུག་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་གྱི་དམག་གིས་འགོག་རྒོལ་དྲག་པོ་བྱས་ནས་མདུན་བཀག ཡུཀ་རེན་གྱི་དམག་འཁྲུག་གི་འགྲོ་གྲོན་དང་མཚོན་ཆ། མདེའུ་དང་བཟའ་ཆས། སྨན་དང་རྡོ་སྣུམ་སོགས་ཀྱི་དམག་འཁྲུག་གི་མཁོ་ཆ་ཕལ་མོ་ཆེ་ཨ་རི་སོགས་ནུབ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ཞིང་། ད་ལྟའི་བར་དུ་ཡུཀ་རེན་བ་ས་ཡ་༣་དང་ཕྱེད་ཀ་ཡས་མས་ཤིག་རྒྱལ་ཁབ་གཞན་ལ་བཙན་བྱོལ་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG