ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༠

ཨུ་རུ་སུས་བསྐོས་པའི་ཡུཀ་རེན་གྱི་ས་གནས་ཁག་གི་འགོ་ཁྲིད་ཚོར་འཇབ་རྒོལ།


UKRAINE-RUSSIA-CONFLICT
UKRAINE-RUSSIA-CONFLICT

ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་ས་གནས་ཁག་ལ་རང་བཙན་གསལ་བསྒྲགས་བྱེད་དུ་བཅུག་སྟེ་ཕུ་ཊིན་གྱི་ཨ་ཕྲུ་ཚོ་ས་གནས་དེ་དག་གི་འགོ་ཁྲིད་ལ་བསྐོས། ད་ལྟ་ཡུཀ་རེན་གྱི་འཇབ་རྒོལ་བ་ཚོས་ཨུ་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ལས་སྣེ་ཚོར་གཏོར་རྒོལ་དང་སྡིགས་ར་བསྐུལ་ནས་བདེ་འཇགས་མེད་པར་གྱུར།

༄༅།། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ས་གནས་ཁག་ཅིག་བཙན་གྱིས་བཟུང་། ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་ས་གནས་ཁག་ལ་རང་བཙན་གསལ་བསྒྲགས་བྱེད་དུ་བཅུག་སྟེ་ཕུ་ཊིན་གྱི་ཨ་ཕྲུ་ཚོ་ས་གནས་དེ་དག་གི་འགོ་ཁྲིད་ལ་བསྐོས། ༢༠༡༤་ལོ་ནས་ཕུ་ཊིན་གྱིས་རང་གི་ཨ་ཕྲུག་ཚོ་བརྒྱུད་ནས་ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ལ་དབང་ལུང་བསྒྱུར། ད་ལྟ་ཡུཀ་རེན་གྱི་འཇབ་རྒོལ་བ་ཚོས་ཨུ་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ལས་སྣེ་ཚོར་གཏོར་རྒོལ་དང་སྡིགས་ར་བསྐུལ་ནས་བདེ་འཇགས་མེད་པར་གྱུར། ཕྱི་ཟླ་༩་པའི་ཚེས་༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེཀ་ཛིཀ་དང་ལུ་ཧན་ཛིཀ་གཉིས་ལ་ཨུ་རུ་སུས་རྒྱབ་སྐྱོར་བྱས་ནས་ཁ་བྲལ་ལོགས་སུ་ཐོན། ས་གནས་དེ་དག་གི་དམག་དོན་དང་ཆབ་སྲིད་ཀྱི་འགོ་ཁྲིད་མང་དག་ཅིག་ཡུཀ་རེན་གྱི་མི་རིགས་ཡིན་ཞིང་། དཔེར་ན་ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དང་ལུ་ཧན་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་གཉིས་ཀྱི་བར་བརྒལ་སྲིད་གཞུང་གི་འགོ་ཁྲིད་དེ་དག་ཡུཀ་རེན་བ་ཡིན་འདུག ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ས་གནས་ཤིག་བཙན་བཟུང་བྱས་པའི་རྗེས་སུ་ས་གནས་དེའི་མི་མང་གིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་འཕོ་འགྱུར་བཏང་སྟེ་དེ་དག་གི་ཚབ་ཏུ་ཨུ་རུ་སུའི་ཕྱོགས་གཏོགས་པ་རྣམས་འགོ་ཁྲིད་ལ་བསྐོས། ཕུ་ཊིན་གྱིས་བསྐོ་བཞག་བྱས་པའི་ཡུཀ་རེན་བ་འགོ་ཁྲིད་དེ་ཚོར་ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ངོས་ལེན་མ་ཐོབ། ཁོ་ཚོར་ལྐོག་ཏུ་འཇབ་རྒོལ་ཕོག་སྟེ་ཚེ་སྲོག་ལ་ཉེན་ཁ་འཕྲད་རྒྱུ་ཤུགས་ཆེ་རུ་སོང་། ལོ་འདིའི་ཕྱི་ཟླ་༣་པ་ནས་ད་ལྟའི་བར་དུ་ཨུ་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ཡུཀ་རེན་གྱི་གྱེན་ལོག་ས་གནས་ཁག་གི་འགོ་ཁྲིད་༡༩་ལ་འཇབ་རྒོལ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

དེང་སྐབས་ཧོ་ལན་ཌིའི་རྒྱལ་ས་ཨམ་སི་ཊ་ཌམ་གྲོང་ཁྱེར་དུ་རྩོམ་སྒྲིག་དང་དཔར་འགྲེམ་བྱེད་ཀྱི་ཡོད་པའི་མོ་སི་ཀོ་དུས་བབ་ཚགས་པར་གྱིས་ཨུ་རུ་སུའི་རྒྱུག་ཁྱི་ཡུཀ་རེན་བ་དེ་དག་ལ་རྒོལ་རྡུང་འཕོག་གི་ཡོད་པ་ངེས་གཏན་བྱས་འདུག ཉེ་ཆར་ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཆགས་པའི་ཁར་སན་ས་གནས་ཀྱི་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱ་རྒྱུ་འགོ་ཚུགས་ནས་བཟུང་། ཨུ་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ས་གནས་དེའི་འགོ་ཁྲིད་ཚོར་འཇབ་རྒོལ་མང་ཤོས་འཕོག་གི་ཡོད་པར་མ་ཟད། ཁར་སན་མངའ་ཁུལ་གྱི་འགོ་ཁྲིད་གཞོན་པ་ཨ་ལིཀ་སེ་ཀོ་ཝ་ལེབ་ཟེར་བ་ཞིག་ལ་མེ་མདའ་བརྒྱབ་ནས་ཧོ་ལཱ་པ་རི་སི་ཐན་གྲོང་རྡལ་གྱི་རང་ཁྱིམ་དུ་བསད། ཁོ་པའི་གྲོགས་མོའི་སྐེ་ལ་གྲི་བཙུགས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག ཀོ་ཝ་ལེབ་ནི་ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་ཡིན་པ་དང་ཉེ་ཆར་ཕྱི་ཟླ་༦་པའི་ནང་དུ་ཨུ་རུ་སུར་མཉམ་འབྲེལ་བྱས་ནས་སྲི་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བསྒྲགས། ཕྱི་ཟླ་༨་པའི་ཟླ་མཇུག་དེར་ཀོ་ཝ་ལེབ་བསད་ཀྱང་ཡུཀ་རེན་གྱི་འཇབ་རྒོལ་བ་ཚོའི་དམིགས་འབེན་ངོ་མ་ནི་ཨུ་རུ་སུས་བསྐོས་པའི་ཁར་སན་མངའ་ཁུལ་གྱི་འགོ་ཁྲིད་གཙོ་བོ་ཝ་ལ་ཌི་མིར་སལ་དྷོ་ཡིན་པར་སྣང་། སལ་དྷོ་ལ་དུག་ཕོག་སྟེ་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་སྨན་ཁང་ཞིག་ཏུ་ཁྱེར་ཏེ་སྨན་བཅོས་བྱས་ནས་བསྐྱབས། དེ་ནས་ཁོ་པ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་སྨན་ཁང་ཞིག་ཏུ་ཁྱེར་ནས་མུ་མཐུད་དུ་སྨན་བཅོས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ལོ་འདིའི་ཕྱི་ཟླ་༧་པར་སལ་དྷོའི་རླངས་འཁོར་འོག་ཏུ་འབར་རྫས་སྦས་ནས་གསོད་ཐབས་བྱས་ཀྱང་དུས་ཐོག་ཏུ་རླངས་འཁོར་ཞབས་ལ་འབར་རྫས་སྦས་ཡོད་པ་ཤེས་རྟོགས་བྱུང་སྟེ་ཉེན་ཁ་མ་བྱུང་། སལ་དྷོ་ལ་དུག་ཕོག་པའི་ཉིན་དེར་ཨུ་རུ་སུའི་ཕྱོགས་གཏོགས་ཁར་སན་མངའ་ཁུལ་གྱི་མཐོ་རིམ་འགོ་ཁྲིད་གཞན་པ་ཝི་ཏ་ལི་གྷུ་ར་ཞེས་པ་ཞིག་ལ་ཁང་པའི་ཕྱི་ལོགས་སུ་མེ་མདའ་བརྒྱབ་ནས་རྨས། ཕྱིས་སུ་ཁོ་པ་སྨན་ཁང་དུ་ཤི་བ་དང་ཁར་སན་མངའ་ཁུལ་གྱི་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་ཉེན་རྟོག་པའི་འགོ་ཁྲིད་གཞོན་པ་ཨི་གྷོར་ཊེ་ལི་ཇཱིན་གྱི་རླངས་འཁོར་ལ་འབར་མདེལ་གྱིས་གཏོར་རྒོལ་བྱས་ཀྱང་གསོད་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཁར་སན་མངའ་ཁུལ་ནི་ཨུ་རུ་སུའི་བཙན་འཛུལ་དབང་བསྒྱུར་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་ས་གནས་དང་པོ་དེ་ཡིན་པས་ཕུ་ཊིན་གྱིས་ས་གནས་དེར་མང་མོས་འོས་བསྡུ་བྱས་ནས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་འཆར་འགོད་བྱས་མོད། འོན་ཀྱང་བདུན་ཕྲག་སྔོན་མ་ནས་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ཏེ་ཁར་སན་མངའ་ཁུལ་ལ་མང་མོས་འོས་བསྡུ་བྱ་རྒྱུ་འགྱངས། ཨུ་རུ་སུའི་ཕྱོགས་གཏོགས་ཁར་སན་མངའ་ཁུལ་གྱི་འགོ་ཁྲིད་གཞོན་པ་ས་ཊ་རེ་མའོ་སོབ་ཀྱིས་ང་ཚོས་རང་གི་ས་གནས་འདིར་བདེ་འཇགས་དང་ཞི་བདེ་བརྟན་ལྷིང་མེད་པར་གཞིགས་ནས་མང་མོས་འོས་བསྡུ་བྱ་རྒྱུ་ཕར་འགྱངས་བྱས་པ་ཡིན། མང་མོས་འོས་བསྡུ་མ་བྱས་གོང་དུ་མི་དམངས་ལ་བདེ་འཇགས་ཡོད་པ་དང་འཚོ་བའི་དཀའ་ངལ་ཡོད་པ་རྣམས་སེལ་ཐབས་བྱ་དགོས་ཞེས་ཨུ་རུ་སུའི་ཊ་སི་གསར་འགྱུར་ལས་ཁང་ལ་བཤད། ས་ཊ་རེ་མའོ་སོབ་རང་ཡུལ་ཁར་སན་གྲོང་དུ་འདུག་མ་ཕོད་པར་ཨུ་རུ་སུར་བྲོས། ཁོ་པས་ཨུ་རུ་སུའི་ཝོ་རོ་ནེ་ཤི་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་བརྙན་འཕྲིན་བླངས་ཏེ་གསར་འགྱུར་ལས་ཁང་ལ་སྤྲད་པ་རེད་ཟེར་གྱི་ཡོད་ཀྱང་དོ་བདག་གིས་ཁོ་བོ་བྲོས་མེད། ད་དུང་ཡང་ཁར་སན་མངའ་ཁུལ་དུ་བསྡད་ནས་ལས་དོན་སྒྲུབ་ཀྱི་ཡོད་ཅེས་བཀྲལ། ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་ས་གནས་གཞན་ཁག་གི་འགོ་ཁྲིད་ཚོ་ལའང་གཏོར་རྒོལ་དང་དམར་གསོད། གསོད་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཡུཀ་རེན་ཤར་ཕྱོགས་སུ་ཆགས་པའི་ཛ་པོ་རི་ཤི་མངའ་ཁུལ་གྱི་བྷེར་ཌི་ཡན་སི་ཀི་གྲོང་ཁྱེར་གྱི་ཉེན་རྟོག་པའི་འགོ་ཁྲིད་གཞོན་པ་ཨ་ལིཀ་ཛན་ཌར་ཀོ་ལེ་སི་ཎི་ཀོབ་ཕྱི་ཟླ་༨་པའི་ཚེས་༢༦་ཉིན་ལམ་ཟུར་དུ་འབར་མདེལ་བཀད་ནས་ཤི། ཛ་པོ་རི་ཤི་ཡ་མངའ་ཁུལ་གྱི་མཱི་ཀེལ་ལིབ་ཀ་གྲོང་གསེབ་ཀྱི་འགོ་ཁྲིད་དེར་ཨུ་རུ་སུའི་ཕྱོགས་གཏོགས་པ་ཡེབ་གྷེ་ཎི་ཡུ་ཤ་ཀོབ་བསྐོས་ཡོད་པའང་ལམ་ཟུར་དུ་འབར་མདེལ་བཀད་ནས་ཤི། མེ་ལི་ཏོ་པོལ་གྲོང་ཁྱེར་གྱི་དྲིལ་བསྒྲགས་ཚན་པའི་འགོ་ཁྲིད་ཨ་ལེག་ཤོ་སི་ཏག་གི་རླངས་འཁོར་ནང་དུ་འབར་མདེལ་སྦས་ནས་རྨས་སྐྱོན་ཚབས་ཆེན་ཕོག ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཚོང་བ་དང་ཨུ་རུ་སུའི་རྒྱུག་ཁྱི་ཚོ་ངེས་པར་དུ་འཛིན་བཟུང་བྱས་ནས་ཁྲིམས་གཅོད་བྱ་དགོས་པའི་གསལ་བསྒྲགས་སྤེལ། ཡུཀ་རེན་གྱི་དམག་གིས་དང་བླངས་པ་དང་མི་དམངས་དཀྱུས་མ་ཚོར་དམིགས་བསལ་གྱི་སྦྱོང་བརྡར་སྤྲད་ནས་བཙན་འཛུལ་བར་འགོག་རྒོལ་བྱེད་དུ་བཅུག འདས་པའི་ཟླ་བ་༦་གི་རིང་ཡུཀ་རེན་གྱི་མི་དམངས་དཀྱུས་མ་ཚོས་ངོ་རྒོལ་ཁྲོམ་སྐོར་དང་སྦྱར་ཡིག་སྦྱར། རྒྱ་ལམ་གྱི་ལམ་རྟགས་སྟེང་དུ་ཨུ་རུ་སུའི་དམག་ཆས་གཡོགས་ནས་ངོ་རྒོལ་གྱི་ལས་འགུལ་ལ་ཞུགས། ཉེ་དུས་ཤིག་ནས་ཡུཀ་རེན་གྱི་མི་དམངས་དཀྱུས་མ་ཚོའི་ནང་ཁུལ་དུ་འཇབ་རྒོལ་རུ་ཁག་བཙུགས་ཏེ་གཏོར་རྒོལ་དང་ལྐོག་གསོད། ཨུ་རུ་སུའི་གཞུང་གིས་བསྐོས་པའི་ས་གནས་ཀྱི་འགོ་ཁྲིད་ཚོ་ཚར་གཅོད་བྱ་རྒྱུ་མགོ་བརྩམས། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་མིང་འབོད་དངོས་སུ་མ་བྱས་པ་ཞིག་གིས་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་གྱི་གསར་འགོད་པར་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ས་ཀི་གནམ་ཐང་གི་ཨུ་རུ་སུའི་དམག་གི་གནམ་གྲུ་དེ་ཚོར་ས་གནས་དེའི་ཡུཀ་རེན་བ་འཇབ་དམག་གིས་གཏོར་རྒོལ་བྱས་པ་རེད་ཅེས་བཤད།།

ཕྱི་ཟླ་༩་པའི་ཚེས་༨་ཉིན་དབྱིན་ཇིའི་ཉིན་རེའི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མཚོ་ནག་མངའ་ཁུལ་གྱི་བྷེར་ཌི་ཡན་སི་ཀི་ས་གནས་དེའི་འགོ་ཁྲིད་ཨར་ཊི་ཡོམ་བྷར་ཌིན་ལ་འབར་མདེལ་གྱི་གཏོར་རྒོལ་ཕོག་སྟེ་རྐང་པ་གཉིས་ཀ་བཅད། སྨན་ཁང་གི་ལས་སྣེ་ཞིག་དང་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཞིག་གིས་བྷར་ཌིན་ལ་རྨས་སྐྱོན་ཕོག་ནས་ཟུངས་ཁྲག་མང་པོ་བཞུར་འདུག་ཀྱང་སྲོག་ལ་ཉེན་ཁ་ཨེ་ཡོད་སྙམ་ཞེས་བཤད། དྲྭ་ལམ་དུ་བརྙན་འཕྲིན་ཞིག་ཁྱབ་ཡོད་པ་དེའི་ནང་དུ་ཨར་ཊི་ཡོམ་བྷར་ཌིན་གྱི་རླངས་འཁོར་མེར་འཚིགས་ཏེ་དུད་སྤྲིན་འཕྱུར། རླངས་འཁོར་དེ་ལམ་ཟུར་དུ་སྦས་ཡོད་པའི་འབར་མདེལ་ཐོག་ཏུ་སོང་སྟེ་འགད་ཐོར་བྱུང་བའི་རྟགས་མཚན་མངོན། ཁོ་པ་ཨུ་རུ་སུའི་བཙན་བཟུང་ས་ཁུལ་ཁག་ཏུ་འཇབ་རྒོལ་ཇི་སྙེད་ཅིག་འབྱུང་གི་ཡོད་པ་དེ་དག་གི་གྲས་ཀྱི་མོ་སི་ཀོའི་རྒྱུག་ཁྱི་ཆེས་གསར་ཤོས་དེ་ཡིན་ཞིང་། དབྱིན་ཇིའི་ཉིན་རེའི་སྐར་འཕྲིན་ཚགས་པར་གྱིས་ཛ་པོ་རི་ཤི་ཡ་ས་གནས་ཀྱི་ཨུ་རུ་སུའི་དམག་དོན་མི་སྣ་ཚོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨར་ཊི་ཡོམ་བྷར་ཌིན་སྨན་ཁང་དུ་སྲོག་སྐྱོབ་མ་ཐུབ་པར་ཤི་ཡོད་ཅིང་། ཡུཀ་རེན་གྱི་གཞུང་གིས་གཏོར་རྒོལ་དེར་བསྔགས་བརྗོད་དང་ས་གནས་ཀྱི་རྒྱལ་གཅེས་རིང་ལུགས་པ་ཚོས་ཨུ་རུ་སུའི་ཕྱོགས་གཏོགས་པ་ཚོར་འཇབ་རྒོལ་བྱས་པ་རེད་ཅེས་འགྲེལ་བཤད་བརྒྱབ། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཝ་ལ་ཌི་མིར་རོ་གྷོབ་ཀྱིས་འཇབ་རྒོལ་དེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཞིག་རེད་ཅེས་ཁ་རྡུང་བཏང་འདུག དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་ཨ་ཕྲུག་བརྙན་འཕྲིན་ལེ་ཚན་དཔྱད་ཞིབ་པ་ཝ་ལ་ཌི་མིར་ལོ་སོབ་ཡོབ་ཀྱི་གདོང་ལ་སྔོ་ཐིག་ཕོག་པ་དང་རྨ་བཟོས། གསར་འགོད་པ་ཚོས་ལོ་སོབ་ཡོབ་ཀྱི་གདོང་ལ་སྔོ་ཐིག་ཕོག་སྟེ་རྨ་བཟོས་དོན་ཅི་རེད་ཅེས་དྲིས། ཁོ་པས་གསར་འགོད་པ་ཚོར་དེ་ལ་སྐྱོན་ཅང་མེད། དེ་ནི་ཁྱོད་ལ་ཇུས་གཏོགས་ཡོད་པ་ཞིག་མ་རེད། ཁྱོད་ཀྱིས་རང་གི་ཀློག་པ་པོ་ཚོར་ལོ་སོབ་ཡོབ་ཀྱི་བརྙན་འཕྲིན་ལེ་ཚན་ལ་བལྟ་དགོས་པའི་གསར་འགྱུར་ཕྲིས་ཞེས་ལན་བཏབ། ཕྱི་ཉིན་གྱི་ལས་རིམ་སྐབས་སུ་ལོ་སོབ་ཡོབ་ཀྱི་གདོང་ལ་སྐག་ཚོན་མཐུག་པོ་བྱུགས་ཏེ་སྔོ་ཐིག་དང་རྨས་རྗེས་རྣམས་མི་མཐོང་བར་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG