ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ད་ལྟའི་བར་དུ་ཡུཀ་རེན་གྱི་ས་ཐོག་ཏུ་ཨུ་རུ་སུའི་དམག་སྤྱི་བཅུ་ལ་སྲོག་སྐྱོན།


༄༅།། ཕྱི་ཟླ་༥་པའི་ཚེས་༡་དང་ཚེས་༢་ཉིན་དབྱིན་ཇིའི་དུས་བབ་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སྔོན་གཟའ་སྤེན་པའི་དགོང་དྲོར་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཨི་ཛུམ་གྲོང་ཁྱེར་ལ་གཏོར་རྒོལ་བྱས་ནས་ཨུ་རུ་སུའི་དམག་སྤྱི་ཞིག་བསད་ཡོད་པའི་གནས་ཚུལ་སྤེལ། ཡུཀ་རེན་གྱི་གཏོར་རྒོལ་དེའི་དམིགས་འབེན་གཙོ་བོ་ནི་ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཝེ་ལ་རི་ཇཱི་ར་སི་མོབ་ཡིན་མོད། འོན་ཀྱང་ཡུཀ་རེན་གྱི་གཏོར་རྒོལ་མ་བྱུང་སྔོན་དེར་ཨུ་རུ་སུའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ས་གནས་དེ་ནས་ཕྱིར་ལོག་བྱས་ཚར་འདུག་ཅེས་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཁག་དང་ཨ་རིའི་གཞུང་འབྲེལ་མི་སྣ་གཉིས་ཀྱིས་ནེའུ་ཡོཀ་དུས་བབ་ཚགས་པར་ལ་ངེས་གཏན་བྱས་འདུག ད་སྔ་ཨུ་རུ་སུའི་གཞུང་གིས་དམག་སྤྱི་ཨན་ཌི་རེ་སི་མོ་ནོབ་ལ་སྲོག་སྐྱོན་ཕོག་པ་ངེས་གཏན་བྱས་མེད་ཀྱང་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་དམག་སྤྱི་སི་མོ་ནོབ་ཀྱི་མཉམ་དུ་ཨུ་རུ་སུའི་དམག་མི་༢༠༠་ལྷག་ལ་སྲོག་སྐྱོན་བྱུང་འདུག་ཅེས་བསྒྲགས། གལ་སྲིད་དམག་སྤྱི་སི་མོ་ནོབ་ལ་སྲོག་སྐྱོན་བྱུང་བ་བདེན་པ་ཡིན་ཚེ། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་སྤྱི་༡༠་དང་མདའ་དཔོན་༣༦་བསད། ཨུ་རུ་སུའི་དམག་དཔོན་༣༠༠་ལྷག་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། དེ་རིང་གཟའ་ཟླ་བའི་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་མཁའ་འབབ་དམག་དཔུང་ཚུད་པའི་དམག་དཔུང་དྲག་གྲས་རྣམས་ཡུཀ་རེན་གྱི་དམག་ས་ཁག་ཏུ་རྩ་མེད་ཕྱིན་ཏེ་འཐབ་རྒོལ་གྱི་ནུས་པ་ཉམས། ཨུ་རུ་སུའི་དམག་དཔུང་དྲག་གྲས་ཀྱི་སྟོབས་ཤུགས་སླར་གསོ་བྱ་རྒྱུ་དེར་ལོ་མང་ཞིག་འགོར་ས་རེད་ཅེས་བསྟན། ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨུ་རུ་སུའི་དམག་གིས་དཔུང་འཇུག་ནུས་པ་ཐོན་པ་ཞིག་བྱེད་མ་ཐུབ་པར་དམག་སྤྱི་ཚོ་མདུན་སར་བརྒྱུགས་ནས་བཀོད་འདོམས་བྱེད་དགོས་ཐུག་གི་ཡོད་པས་དམག་སྤྱི་ཚོར་སྲོག་སྐྱོན་འཕོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཨུ་རུ་སུའི་ཆེས་མཐོའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཇཱི་ར་སི་མོབ་ཡུཀ་རེན་ཤར་ཕྱོགས་ཀྱི་དམག་ས་ཁག་ཏུ་གཟིགས་ཞིབ་ཏུ་བསྐྱོད། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཟིགས་ཞིབ་ཏུ་ཡོང་ཡོད་པ་ཤེས་རྟོགས་བྱུང་སྟེ་གཏོར་རྒོལ་བྱས་ཀྱང་ཁོ་པ་ཕྱིན་ཚར་འདུག ཕུ་ཊིན་དང་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ཤོ་གུ དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཇཱི་ར་སི་མོབ་གསུམ་ནི་ཡུཀ་རེན་ལ་བཙན་འཛུལ་གྱི་བཀོད་ཇུས་གཤོམ་མཁན་གཏེ་དཔོན་གསུམ་རེད་ཅེས་བཤད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བཙན་འཛུལ་བྱུང་བའི་རྗེས་སུ་ཨུ་རུ་སུའི་དམག་མི་༢༣༠༠༠་ལྷག་ལ་བསད་པ་དང་ལྕགས་ཁྲབ་འཁོར་ལོ་༡༠༠༠་ལྷག དམག་འཐབ་གནམ་གྲུ་༢༠༠་ཡས་མས་ཤིག་དང་མཚོན་ལྡན་རླངས་འཁོར་༢༥༠༠་ཙམ་རྩ་གཏོར་བཏང་ཡོད། ད་དུང་ཡང་ཨུ་རུ་སུར་མཚོན་ཆ་གསོག་འཇོག་བྱེད་ཡོད་པ་མང་དག་ཅིག་འདུག འོན་ཀྱང་ཐེངས་འདིའི་འཐབ་འཁྲུག་གིས་ཨུ་རུ་སུའི་དམག་གི་སྟོབས་ཤུགས་རྒྱ་ཆེན་པོ་ཞིག་བཅག་ཡོད། གཅིག་བྱས་ནས་ཕྱི་ཟླ་༥་པའི་ཚེས་༩་ཡི་ཨུ་རུ་སུའི་རྒྱལ་ཁའི་དུས་ཆེན་ཉིན་སྔར་བཞིན་ལྕགས་ཁྲབ་འཁོར་ལོ་མང་དག་ཅིག་རྔམ་སྟོན་བྱེད་ཐུབ་རྒྱུ་ཁག་པོ་ཡིན་སྲིད་ཅེས་བཤད། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་རང་དམག་ལ་བསད་རྨས་ཚབས་ཆེན་ཕོག་སོང་། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བ་ནི་རྒྱལ་ཁབ་ལ་གྱོང་གུད་ཆེན་པོ་ཞིག་རེད་ཅེས་བཤད་ཀྱང་དམག་མི་ཅི་ཙམ་བསད་རྨས་བྱུང་བའི་གྲངས་འབོར་གསལ་པོ་ཞིག་མ་བསྒྲགས། ཟླ་སྔོན་མར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཉུང་མཐར་ཡང་ཨུ་རུ་སུའི་དམག་མི་༧༠༠༠་ནས་༡༥༠༠༠་ཙམ་བསད་འདུག་ཅེས་གནས་ཚུལ་སྤེལ། དེ་བཞིན་ཨ་རིའི་གཞུང་གིས་ཉུང་མཐར་ཡང་ཨུ་རུ་སུའི་དམག་མི་༧༠༠༠་ནས་༡༤༠༠༠་ཡས་མས་ཤིག་བསད་འདུག་ཅེས་ཚོད་དཔག་གི་གཞི་གྲངས་ཤིག་བཀོད།།

ཕྱི་ཟླ་༥་པའི་ཚེས་༡་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཡུ་རོབ་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་སི་ཊབ་རི་ཌི་སིས་ཨུ་རུ་སུའི་དམག་ལ་འཇོན་ཐང་མེད་པ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། དེང་རབས་ཀྱི་དམག་འཁྲུག་གི་བྱུང་རབས་ནང་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་སྤྱི་རྣམས་དང་མཐོ་རིམ་དམག་དཔོན་ཚོར་སྲོག་སྐྱོན་འཕོག་གི་ཡོད་པ་འདི་འདྲ་ནི་བྱུང་མྱོང་མེད། ཨུ་རུ་སུའི་དམག་སྤྱི་ཚོར་སྲོག་སྐྱོན་འཕོག་གི་ཡོད་པ་དེར་ཉེ་བའི་དམག་དོན་ལོ་རྒྱུས་སུ་གཤིབ་སྡུར་བྱ་ས་ཞིག་མི་འདུག ཟླ་བ་གཉིས་ལྷག་གི་རིང་ཨུ་རུ་སུའི་དམག་སྤྱི་བཅུ་གྲངས་ཤིག་བསད་འདུག ཨ་མི་རི་ཀས་ཨི་རཀ་དང་ཨབ་གྷ་ཎི་སི་ཐན་གཉིས་ལ་ལོ་༢༠་ཐམ་པར་དམག་འཁྲུག་བརྒྱབ་པའི་རིང་དམག་སྤྱི་གཅིག་ལའང་སྲོག་སྐྱོན་ཕོག་མེད། ཨུ་རུ་སུའི་དམག་སྤྱི་ཚོར་སྲོག་སྐྱོན་འཕོག་གི་ཡོད་པ་གཅིག་པུ་མ་རེད། ཨུ་རུ་སུའི་འཐབ་ཇུས་ཞིབ་ཚགས་མེད་པ་དང་དམག་འཁྲུག་ལ་རྒྱ་གནོན་གྱི་མཐུན་རྐྱེན་མེད་པར་ཕམ་ཉེས་ཆེན་པོ་འབྱུང་གི་འདུག དཔེར་ན་ཨུ་རུ་སུའི་མཚོ་དམག་གི་གཙུག་རྒྱན་ལྟ་བུའི་དམག་གྲུ་ཞིག་ལ་གཏོར་རྒོལ་ཕོག་ནས་མཚོ་ནང་དུ་ཐིམ་པ་ནི་འཐབ་ཇུས་ཡག་པོ་ཞིག་མེད་པའི་རྟགས་མཚན་རེད། ད་སྔ་ཨུ་རུ་སུའི་དམག་གིས་འཐབ་འཁྲུག་ནུས་པ་ཐོན་པ་ཞིག་རྒྱག་ཐུབ་ཀྱི་མི་འདུག ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཁྱིམ་མཚེས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ལ་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པ་དང་དམག་འཁྲུག་གི་ནག་ཉེས་བསགས། གྲོང་ཁྱེར་རྣམས་རྨེག་མེད་དུ་བཅོམ་སྟེ་བུད་མེད་ལ་བཙན་གཡེམ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པ་རེད་ཅེས་ཁ་རྡུང་བཏང་འདུག

ད་ཐེངས་ཀྱི་དམག་འཁྲུག་སྐབས་སུ་ཡུཀ་རེན་གྱི་དམག་མི་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་ཀྱི་གྲངས་ཀ་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་ཀྱང་སྲིད་འཛིན་ཛེ་ལན་སི་ཀིས་བདུན་ཕྲག་སྔོན་མར་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཡུཀ་རེན་གྱི་དམག་མི་༢༥༠༠་ནས་༣༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག ཡུཀ་རེན་གྱི་གྲོང་ཁྱེར་ཕལ་མོ་ཆེར་གཏོར་རྒོལ་བྱུང་བ་དང་མི་གྲངས་ས་ཡ་༥་དང་ཕྱེད་ཀ་ཙམ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་བྲོས། ཡུཀ་རེན་གྱི་བཟོ་གྲྭ་ཁག་ལ་ཨུ་རུ་སུའི་གནམ་དམག་དང་མེ་སྒྱོགས། འཕུར་མདེལ་བཅས་ཀྱིས་གཏོར་རྒོལ་བྱས་ནས་མཚོན་ཆ་གསར་བཟོ་བྱེད་ཐུབ་ཀྱི་མེད་ཀྱང་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་མཚོན་ལྡན་རླངས་འཁོར། འཕུར་མདེལ་རླངས་འཁོར་སོགས་ལ་ཡུཀ་རེན་གྱི་ལག་རྩལ་བ་ཚོས་བཟོ་བཅོས་བརྒྱབ་ནས་ཨུ་རུ་སུར་ཕར་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ད་དུང་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲད་ནས་ཨུ་རུ་སུའི་ས་ཐོག་ཏུ་ཕར་རྒོལ་བྱེད་ཐུབ་པའི་ནུས་པ་ཆེ་རུ་སོང་། ཉེ་ཆར་ཨུ་རུ་སུའི་མཐའ་མཚམས་ཀྱི་སྣུམ་མཛོད་ཁག་དང་མཚོན་ཆའི་གོ་མཛོད་སོགས་ལ་གཏོར་རྒོལ་ཕོག ཡིན་ནའང་ཡུཀ་རེན་གྱི་གཞུང་གིས་ཨུ་རུ་སུའི་ས་ཐོག་ཏུ་ཕར་རྒོལ་བྱེད་ཀྱི་ཡོད་པ་ངོས་ལེན་མ་བྱུང་། ཕྱི་ཟླ་༤་པའི་ཚེས་༢༨་ཉིན་ཡུཀ་རེན་གྱི་དམག་གིས་ས་མཚམས་བརྒལ་ནས་གཏོར་རྒོལ་བྱས་ཏེ་ལོ་༡༩་ལ་སོན་པའི་ཨུ་རུ་སུའི་དམག་མི་ཀོ་ཤེ་ལཱེབ་ཟེར་བ་ཞིག་ལ་སྲོག་སྐྱོན་བྱུང་། འདི་ནི་ཨ་རུ་སུའི་དམག་མི་ཞིག་ལ་རང་ཡུལ་དུ་སྲོག་སྐྱོན་བྱུང་བ་ཐོག་མ་ཡིན་པར་མ་ཟད། ཀོ་ཤེ་ལཱེབ་ཀྱི་གྲོགས་པོ་ཀུ་ལི་ཀོབ་ཟེར་བ་ཞིག་གིས་མོ་སི་ཀོ་དུས་བབ་ཚགས་པར་གྱི་གསར་འགོད་པར་ཡུཀ་རེན་གྱིས་ས་མཚམས་བརྒལ་ནས་ཚུར་རྒོལ་བྱེད་ཀྱི་ཡོད་པ་འདྲ། ངའི་གྲོགས་པོ་འདས་པོ་དེས་གྲོགས་མོར་དེ་ལྟར་བཤད་འདུག ཁོ་པས་ཕྱི་ཟླ་༤་པའི་ཚེས་༡༨་ཉིན་གྲོགས་མོར་འཕྲིན་ཐུང་ཞིག་བསྐུར་ཡོད་པ་དེའི་ནང་དུ་ང་ཚོར་འབར་མདེལ་གྱིས་གཏོར་རྒོལ་འཕོག་ས་རེད་ཅེས་འཁོད་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་འདུག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་སྒོ་འགྲམ་བར་དུ་རྒྱ་བསྐྱེད་ནས་ང་ཚོའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་འདུག་ཅེས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས། ཡིན་ནའང་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཨུ་རུ་སུའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐག་བཅད། ཧྥིན་ལན་ཌི་དང་སུད་ཌེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཕྱི་ཟླ་༥་པའི་ཟླ་དཀྱིལ་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་འབུལ་འཆར་ཡོད་པའི་གནས་ཚུལ་ཐོན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཡུ་རོབ་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་སི་ཊབ་ཌི་སིས་ཨུ་རུ་སུར་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་འབའ་ཞིག་མ་རེད། ཉི་ཧོང་གིས་ཀྱང་ཨུ་རུ་སུར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཁ་གཏད་གཅོག་གི་ཡོད་པ་རེད། ད་ལོའི་ཕྱི་ཟླ་༡༡་པར་ཨིན་རྡུ་ནེ་ཤི་ཡར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་འགོ་ཁྲི་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེར་ཕུ་ཊིན་གདན་འདྲེན་ཞུས་པ་ཐབས་རྡུགས་རེད། ཕུ་ཊིན་གྱིས་ཨིན་རྡུ་ནེ་ཤི་ཡའི་སྲིད་འཛིན་ཝི་ཌོ་ཌོའི་མགྲོན་ཤོག་ལ་དང་ལེན་བྱས་འདུག ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཕུ་ཊིན་གྱི་མཉམ་དུ་སྡིངས་ཆ་གཅིག་དང་ཚོགས་ཁང་གཅིག་གིན་ནང་དུ་ལྷན་འཛོམ་བྱེད་ཐུབ་ཐབས་མེད་པས་ཚོགས་འདུ་དེར་མཉམ་ཞུགས་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG