ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཡུཀ་རེན་གྱི་དམག་འཁྲུག་གིས་ཧྥིན་སུད་གཉིས་ནུབ་ཆིངས་ཁོངས་སུ་ཞུཊ་ཉེན། 


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་མི་ཆོག ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་འཆར་ཡོད་པ་འགོག་གི་ཡོད་ཅེས་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས། ད་ལྟ་ཨུ་རུ་སུའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་བཞིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིས་རང་གི་ས་ཐོག་ཏུ་ཨ་རིའི་རྡུལ་ཕྲན་མཚོན་ཆ་བཙུགས་ན་དགག་བྱ་མེད། པོ་ལན་ཌིའི་ས་ཐོག་ཏུ་ཨ་རིའི་དམག་དཔུང་མང་ཙམ་འགྲེམ་འཇོག་བྱེད་ན་དགའ་བསུ་ཡོད་ཅེས་བསྒྲགས། འདི་ནི་ཕུ་ཊིན་ལ་ནམ་ཡང་འབྱུང་དུ་འཇུག་འདོད་མེད་པ་ཞིག་ཡིན་རུང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ། ད་ལྟའི་བར་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མ་ཞུགས་པར་ཟུར་དུ་བར་གནས་བྱེད་བཞིན་པའི་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་མིན་མང་མོས་འོས་འདེམས་བྱེད་སྲིད་པའི་གནས་ཚུལ་ཐོན་ཞིང་། ཕྱི་ཟླ་༤་པའི་ཚེས་༤་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མར་ཧྥིན་ལན་ཌིའི་སྲིད་བློན་སེ་ན་མ་རིན་གྱིས་ལོ་འདིའི་དཔྱིད་མཇུག་ཏུ་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན། ཨུ་རུ་སུ་སྔར་བཞིན་ཡིད་རྟོན་རུང་བའི་ཁྱིམ་མཚེས་ཤིག་མ་རེད། ཧྥིན་ལན་ཌི་དང་ཨུ་རུ་སུའི་འབྲེལ་བ་ནི་ནམ་ཡང་སླར་གསོ་ཐུབ་ཐབས་མེད་པ་ཞིག་ལ་གྱུར་སོང་། སྔོན་ཆད་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་བསམ་ཞིབ་ཙམ་ཡང་བྱས་མྱོང་མེད། ད་ལྟ་གང་ཅིའི་ཐད་དུ་འགྱུར་བ་ཕྱིན་སོང་ཞེས་བཀྲལ།།

ནུབ་ཆིངས་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ཧྥིན་ལན་ཌིའི་སྲིད་འཛིན་གཉིས། ༢༠༢༡།༡༠།༢༥
ནུབ་ཆིངས་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ཧྥིན་ལན་ཌིའི་སྲིད་འཛིན་གཉིས། ༢༠༢༡།༡༠།༢༥

ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་ཡུ་རོབ་སྡེ་ཚན་གྱི་འགན་འཛིན་གཉིས་པ་སར་གྷེ་བྷེ་ལ་ཡེབ་ཀྱིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཆབ་སྲིད་དང་དམག་དོན་གྱི་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་ངེས་ཡིན། ཡུ་རོབ་བྱང་ཕྱོགས་ཀྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་དགོས་ན་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་འཛུགས་སྒྲིག་ཁོངས་སུ་ཞུགས་མི་ཆོག་ཅེས་སྡིགས་ར་བསྐུལ། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་ཕྱི་ཉིན་ཏེ། ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝས་ནུབ་ཆིངས་ནི་དམག་དོན་གྱི་མཉམ་འབྲེལ་སྒྲིག་འཛུགས་ཤིག་རེད། སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཨུ་རུ་སུས་ལན་པ་ནན་པོ་སློག་ངེས་ཡིན། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱིས་ཆབ་སྲིད་དང་དམག་དོན་གྱི་མཇུག་འབྲས་ཚབས་ཆེན་ཞིག་མྱོང་རྒྱུ་ཟློག་ཐབས་བྲལ་ཞེས་གསལ་བསྒྲགས་སྤེལ། སྲིད་འཛིན་ཕུ་ཊིན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་ནས་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་འདུག ཡུཀ་རེན་ལ་དམག་རྒྱག་གི་ཡོད་པ་ནི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་ཡོད་པ་འགོག་ཐབས་ཤིག་ཡིན་ཞེས་རྒྱུ་མཚན་བགྲངས། འོན་ཀྱང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱིས་རང་གི་བདེ་འཇགས་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མ་ཞུགས་པར་ཟུར་དུ་བར་གནས་བྱེད་ཀྱི་ཡོད་པའི་ལངས་ཕྱོགས་ལ་བསྐྱར་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར། སྲིད་བློན་མ་རིན་གྱིས་ཧྥིན་ལན་ཌིའི་མི་དམངས་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་འདོད་ཡོད་ན་ང་ཚོར་ཞུགས་ཆོག་པའི་ཐོབ་ཐང་ཡོད། ཨ་མི་རི་ཀ་དང་ཨུ་རུ་སུ་སོགས་སུ་གཅིག་གིས་ཀྱང་ང་ཚོའི་ཐག་གཅོད་ལ་ཤུགས་རྐྱེན་ཐེབས་མི་ཐུབ་ཅེས་བཤད།།

ཁ་སྔོན་གཟའ་ཉི་མའི་ཉིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་མིན་ཐད་གྲོས་མོལ་ལྷུག་པོ་བྱུང་སོང་། ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་ཡིན་མིན་གྱི་མཐར་ཐུག་གི་ཐག་གཅོད་ནི་ཧྥིན་ལན་ཌིའི་མི་དམངས་ཀྱིས་བྱ་དགོས། ཁོ་ཚོས་རང་གི་བདེ་འཇགས་དོན་དུ་ཐག་གཅོད་ཅི་ཞིག་བྱས་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་དེ་ལ་གོང་བཀུར་དང་ཧྥིན་ལན་ཌིའི་བདག་དབང་། མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་རྒྱུ་ཡིན། ཨུ་རུ་སུས་དེའི་ལྡོག་ཕྱོགས་ཤིག་ལག་ལེན་བསྟར་ནས་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་གི་རེད་ཅེས་འཇིགས་སྐུལ་བྱེད་ཀྱི་འདུག གལ་སྲིད་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་སྒྲིག་འཛུགས་འདིའི་ཚོགས་འཐུས་རྒྱལ་ཁབ་གཞན་ཚོས་དགའ་བསུ་ཞུ་ངེས་རེད། ང་ཚོས་ཧྥིན་སུད་གཉིས་འཕྲལ་དུ་ནུབ་ཆིངས་ཁོངས་སུ་འཇུག་ཐུབ་རྒྱུའི་གདེང་ཚོད་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཟླ་བ་སྔོན་མར་ཧྥིན་ལན་ཌིའི་ཚོང་ལས་དང་སྲིད་ཇུས་གླེང་སྟེགས་ཁང་གིས་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། ཧྥིན་ལན་ཌིའི་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༠་ཐམ་པས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་ཀྱི་འདུག་ཅེས་ལན་གླན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༡༩་ཙམ་གྱིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུར་མོས་མཐུན་མེད་ཅེས་དགག་པ་བརྒྱབ། ཡུཀ་རེན་ལ་བཙན་འཛུལ་མ་བྱུང་སྔོན་དེར་ཧྥིན་ལན་ཌིའི་སྤྱི་ཚོགས་སུ་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཆ་༣༤་ལས་མེད་པ་རེད།།

སུད་ཌེན་གྱི་དམག་མིས་སྐོར་གཡེང་བྱེད་བཞིན་པ།
སུད་ཌེན་གྱི་དམག་མིས་སྐོར་གཡེང་བྱེད་བཞིན་པ།

ཕྱི་ཟླ་༤་པའི་ཚེས་༤་ཉིན་ཡུ་རོབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥིལ་ལིན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་མཉམ་དུ་ཞུགས་རྒྱུའི་གྲོས་ཐག་བཅད། ཕྱི་ཟླ་༣་པའི་མགོ་སྟོད་དུ་སུད་ཌེན་གཞུང་དམངས་གཉིས་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཡུ་རོབ་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་སྲིད་པ་དང་ཛ་དྲག་ཆེ་རུ་གཏོང་སྲིད་པའི་བློ་འཚབ་བྱུང་སྟེ་ཐེ་ཚོམ་བཟུང་། འོན་ཀྱང་ཡུཀ་རེན་གྱི་དམག་འཁྲུག་གི་ཚབས་ཆེའི་རང་བཞིན་དེར་བལྟས་ནས་སུད་ཌེན་མི་དམངས་བརྒྱ་ཆ་༥༠་ཙམ་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་དགེ་མཚན་འདུག་ཅེས་བསམ་ཚུལ་གླེང་། ད་ལོའི་ཕྱི་ཟླ་༩་པར་སུད་ཌེན་ལ་རྒྱལ་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་མིན་འོས་འདེམས་ཀྱི་རྩ་དོན་ཞིག་ཏུ་འགྱུར་གྱི་ཡོད་པའི་གནས་ཚུལ་ཐོན། ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་མིན་པས་ཨུ་རུ་སུས་བཙན་འཛུལ་བྱས་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་འགོག་རྒོལ་བྱེད་ཀྱི་མེད་མོད། གལ་སྲིད་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ཡིན་ན་ཨུ་རུ་སུས་བཙན་འཛུལ་བྱེད་ག་ལ་ཕོད། ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་པར་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་བཙན་འཛུལ་བྱུང་ན་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པར་བཙན་འཛུལ་བྱས་པ་དང་ཁྱད་པར་མེད། དེས་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པས་བཙན་འཛུལ་བྱེད་མཁན་དེར་ཕར་རྒོལ་བྱ་དགོས་ཞེས་འཁོད། དེང་སྐབས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ལུ་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་བཅས་ལ་བཙན་འཛུལ་བྱེད་ཕོད་ཀྱི་མེད་པ་ནི་རྒྱལ་ཁབ་དེ་དག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ཡིན་པའི་སྟབས་ཀྱིས་འཛེམ་ཟོན་བྱ་དགོས་པར་མ་ཟད། ཨུ་རུ་སུས་ནམ་ཡང་ཨ་མི་རི་ཀས་འགོ་ཁྲིད་པའི་རྒྱལ་ཁབ་༣༠་ཐམ་པའི་དམག་དོན་སྒྲིག་འཛུགས་ཤིག་ལ་ཁ་གཏད་གཅོག་ཐུབ་རྒྱུ་མིན་པ་ཤིན་ཏུ་གསལ།།

ཕྱི་ཟླ་༤་པའི་ཚེས་༤་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་རྒྱལ་ཁབ་དེའི་ས་ཐོག་ཏུ་ཨ་རིའི་རྡུལ་ཕྲན་འཕུར་མདེལ་འཛུགས་ན་དགག་བྱ་མེད། རྡུལ་ཕྲན་མཚོན་ཆས་ཨུ་རུ་སུའི་བཙན་འཛུལ་འགོག་ཐུབ། ཨ་མི་རི་ཀའི་དམག་དཔུང་མང་ཙམ་ཤར་ཡུ་རོབ་ལ་འགྲེམ་འཇོག་བྱས་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཨ་མི་རི་ཀའི་དམག་དཔུང་༡༠༠༠༠༠་ཡོད་པ་རྣམས་༡༥༠༠༠༠་བར་དུ་ཇེ་མང་ལ་གཏོང་རྒྱུའི་རེ་སྐུལ་ཞུ། ཨ་རིའི་དམག་དཔུང་ཁོངས་ནས་དམག་མི་༧༥༠༠༠་ཤར་ཡུ་རོབ་ལ་འགྲེམ་འཇོག་བྱ་དགོས། དམག་མི་༥༠༠༠༠་ལི་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ། པོ་ལན་ཌི་བཅས་ཀྱི་ས་མཚམས་ཁག་ཏུ་འགྲེམ་འཇོག་བྱ་དགོས། ཨུ་རུ་སུའི་བཙན་དྲག་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་འཇར་མན་གྱི་གསར་འགྱུར་ལས་ཁང་ཞིག་གི་བཅར་འདྲིའི་སྐབས་སུ་གླེང་སློང་བྱས་འདུག དེར་བརྟེན་ཁ་སང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་པོ་ལན་ཌིའི་ས་ཐོག་ཏུ་ཨ་རིའི་རྡུལ་ཕྲན་མཚོན་ཆ་བཙུགས་ན་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འབྱུང་སྲིད་པའི་འཇིགས་སྣང་ཡོད་པ་སྡུག་ཏུ་གཏོང་ཤས་ཆེ་ཞེས་དགག་པ་བརྒྱབ། མདོར་ན་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་བརྒྱབ་པའི་རྗེས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་སྒོ་རྩ་བར་དུ་རྒྱ་སྐྱེད་འབྱུང་སྲིད་པ་དང་ཨུ་རུ་སུ་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་། འདས་པའི་ལོ་༣༠་ལྷག་ལ་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་དོན་དང་དཔལ་འབྱོར་ཡར་རྒྱས་བཏང་བའི་གྲུབ་འབྲས་རྣམས་ཐལ་བའི་རྡུལ་དུ་བརླགས། ཡུཀ་རེན་དང་ཨུ་རུ་སུ་གཉིས་ལ་མི་རིགས་དང་སྐད་ཡིག རིག་གཞུང་དང་ཆོས་ལུགས། ལོ་རྒྱུས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་རྣམས་གཏན་དུ་ཆད་ནས་ཞེ་འཁོན་འཇགས་ཐབས་མེད་པ་ཞིག་བསླངས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG