ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༠/༡༥

ཡུཀ་རེན་གྱིས་རྒོལ་རྡུང་བྱས་ནས་ར་ཤི་ཡའི་གོ་མཛོད་ཁག་གཏོར།


ཡུཀ་རེན་གྱིས་ར་ཤི་ཡའི་ནུབ་ཕྱོགས་ཀྱི་ཊ་ཝེར་ས་གནས་སུ་ཡོད་པའི་དམག་གི་གོ་མཛོད་ཅིག་ལ་གཏོར་རྒོལ་བྱས་
ཡུཀ་རེན་གྱིས་ར་ཤི་ཡའི་ནུབ་ཕྱོགས་ཀྱི་ཊ་ཝེར་ས་གནས་སུ་ཡོད་པའི་དམག་གི་གོ་མཛོད་ཅིག་ལ་གཏོར་རྒོལ་བྱས་

༄༅།། ཉེ་ཆར་ཡུཀ་རེན་གྱིས་ར་ཤི་ཡའི་ནུབ་ཕྱོགས་ཀྱི་ཊ་ཝེར་ས་གནས་སུ་ཡོད་པའི་དམག་གི་གོ་མཛོད་ཅིག་ལ་གཏོར་རྒོལ་བྱས་ནས་སྒྱོགས་མདེལ་ཡོད་ཚད་བཀད། ཕྱི་ཟླ་༩་པའི་༢༣་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉམས་ཞིབ་པ་ཚོས་ར་ཤི་ཡའི་གོ་མཛོད་དེའི་ནང་དུ་འཕུར་མདེལ་དང་སྒྱོགས་མདེལ་ཡོད་པ་དེ་དག་གིས་ཟླ་བ་གསུམ་གྱི་རིང་ཡུཀ་རེན་ལ་རྒོལ་རྡུང་བྱ་སྤྱད་འདང་གི་འདུག་ཅེས་གླེང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨེ་སི་ཊོ་ཎི་ཡའི་རྒྱལ་སྲུང་གསང་བའི་ལས་ཁུངས་ཀྱི་ཉམས་ཞིབ་པ་ཀི་ཝི་སེ་ལཱག་(Ants Kiviselg)་གིས་ཡུཀ་རེན་གྱིས་ར་ཤི་ཡའི་གོ་མཛོད་དེར་གཏོར་རྒོལ་བྱས་ནས་སྒྱོགས་མདེལ་༧༥༠༠༠༠་བཀད་འདུག ར་ཤི་ཡའི་དམག་གིས་ཆ་མཉམ་བདུན་ཕྲག་རེར་སྒྱོགས་མདེལ་༡༠༠༠༠་རེ་འཕངས་ནས་ཡུཀ་རེན་ལ་རྒོལ་རྡུང་བྱེད་ཀྱི་འདུག གཟའ་འཁོར་འགའ་ཞིག་གི་རྗེས་སུ་ར་ཤི་ཡའི་དམག་ལ་སྒྱོགས་མདེལ་ཆད་ས་རེད་ཅེས་བསྟན།།

རྒྱལ་སྤྱིའི་དམག་འཁྲུག་ཞིབ་འཇུག་ཁང་གིས་མ་འོངས་པའི་ཟླ་བ་གཉིས་གསུམ་ཞིག་ལ་ར་ཤི་ཡའི་དམག་གིས་སྔར་བཞིན་ཡུཀ་རེན་ལ་སྒྱོགས་མདེལ་འཕངས་ནས་རྒོལ་རྡུང་བྱེད་ཐུབ་ས་མ་རེད། གལ་སྲིད་ཡུཀ་རེན་གྱིས་མུ་མཐུད་དུ་གོ་མཛོད་ཁག་གཏོར་ན་ར་ཤི་ཡའི་དམག་ལ་ཕྱོགས་ཡོངས་ནས་གནོན་ཤུགས་ཐེབས་ཤས་ཆེ། ཡུཀ་རེན་གྱིས་ར་ཤི་ཡའི་ས་ཐོག་གི་གོ་མཛོད་ཁག་ལ་རྒོལ་རྡུང་བྱས་ནས་མཚོན་ཆ་སྐྱེལ་འདྲེན་བཀག ལྷག་པར་དུ་ཡུཀ་རེན་གྱི་ས་མཚམས་ཁག་ཏུ་ར་ཤི་ཡའི་སྒྱོགས་མདེལ་གསོག་འཇོག་བྱེད་མི་ཐུབ་པའི་འཐབ་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་མོད། འོན་ཀྱང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རོགས་རམ་སྤྲད་པའི་མཚོན་ཆ་དེ་ཚོས་ར་ཤི་ཡའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་ཅེས་ཆ་རྐྱེན་བཏོན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་མཚོན་ཆས་ར་ཤི་ཡའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་པའི་བཀག་རྒྱ་ཕྱིར་འཐེན་བྱ་དགོས་ཞེས་ནན་གྱིས་བསྐུལ།།

ཡུཀ་རེན་གྱིས་མཚོན་ཆ་གང་འདྲ་ཞིག་བཀོལ་ནས་ར་ཤི་ཡའི་གོ་མཛོད་ཁག་ལ་གཏོར་རྒོལ་བྱས་མིན་གསལ་བཀྲོལ་མ་བྱུང་ཞིང་།
ཡུཀ་རེན་གྱིས་མཚོན་ཆ་གང་འདྲ་ཞིག་བཀོལ་ནས་ར་ཤི་ཡའི་གོ་མཛོད་ཁག་ལ་གཏོར་རྒོལ་བྱས་མིན་གསལ་བཀྲོལ་མ་བྱུང་ཞིང་།

ཕྱི་ཟླ་༩་པའི་ཚེས་༢༣་ཉིན་ཡུ་རོབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱིས་མཚོན་ཆ་གང་འདྲ་ཞིག་བཀོལ་ནས་ར་ཤི་ཡའི་གོ་མཛོད་ཁག་ལ་གཏོར་རྒོལ་བྱས་མིན་གསལ་བཀྲོལ་མ་བྱུང་ཞིང་། སྲིད་འཛིན་ཛེ་ལན་སི་ཀིའི་དགོང་མོའི་བརྙན་འཕྲིན་གཏམ་བཤད་ནང་དུ་ཡུཀ་རེན་གྱི་རྒྱལ་ནང་དུ་བཟོས་པའི་མཚོན་ཆ་ཞིག་གིས་ར་ཤི་ཡའི་གོ་མཛོད་དེར་གཏོར་རྒོལ་བྱས་པ་ཡིན། ར་ཤི་ཡའི་གོ་མཛོད་གཞན་པ་ཞིག་ལའང་གཏོར་བཤིག་ཚབས་ཆེན་ཕོག་འདུག གོ་མཛོད་དེ་དག་ར་ཤི་ཡའི་བཙན་འཛུལ་དམག་ལ་དགོས་མཁོ་ཆེན་པོ་རེད། ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་གོ་མཛོད་གསུམ་པ་ཞིག་ཀྱང་གཏོར་ཐུབ་ཡོད། གོ་མཛོད་དེ་དག་གི་ནང་དུ་འཕུར་མདེལ་དང་སྒྱོགས་མདེལ་སོགས་ཡུཀ་རེན་གྱི་ས་གནས་ཁག་ཏུ་རྒོལ་རྡུང་བྱ་སྤྱད་མཚོན་ཆ་བཞག་འདུག་ཅེས་བཀྲལ། ར་ཤི་ཡའི་གཞུང་གིས་ཡུཀ་རེན་གྱི་ཁ་ལོ་མེད་པའི་འཕུར་གྲུ་རྣམས་བར་སྣང་དུ་གཏོར་བའི་ཆག་རོ་ཁག་ཅིག་མེ་འབར་ནས་གོ་མཛོད་ལ་གཏོར་སྐྱོན་ཕོག་པ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ།།

ཁ་སང་གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཨུ་མཱི་རོབ་(Rustem Umierov)་ཀྱིས་འདས་པའི་ལོ་དེར་ང་ཚོས་ཁ་ལོ་བ་མེད་པའི་འཕུར་གྲུ་སྦྲང་ཚོགས་ལྟར་བཏང་སྟེ་ར་ཤི་ཡའི་དམག་སྒར་༢༠༠་ལྷག་རྩ་གཏོར་བཏང་ཡོད། དེང་སྐབས་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་རྒྱང་ཐག་སྤྱི་༡༠༠༠་ལྷག་སྙོབ་ཐུབ། ར་ཤི་ཡའི་ཝོལ་གྷ་ས་གནས་ཀྱི་མུར་མན་ས་ཀ་རྡོ་སྣུམ་དྭགས་སེལ་རྟེན་གཞི་དང་དམག་གི་གནམ་ཐང་རྣམས་གཏོར་ཡོད་ཅེས་བསྒྲགས། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཞིབ་འཇུག་བྱས་ནས་ར་ཤི་ཡའི་ནུབ་ཕྱོགས་སུ་ཆགས་པའི་ཊ་ཝེར་ས་གནས་ཀྱི་གོ་མཛོད་དེ་དམག་དོན་ལ་གལ་གནད་ཤིན་ཏུ་ཆེན་པོ་རེད། ༢༠༡༨་ལོར་ར་ཤི་ཡའི་གཞུང་གིས་གོ་མཛོད་དེ་ཞིག་གསོ་བྱས་ནས་ཡར་རྒྱས་བཏང་འདུག ཡུཀ་རེན་གྱི་དམག་འཁྲུག་ལ་མཁོ་བའི་མཚོན་ཆ་མང་ཆེ་བ་གོ་མཛོད་དེ་ནས་དམག་ས་ཁག་ཏུ་སྐྱེལ་འདྲེན་བྱེད་ཀྱི་འདུག་ཅེས་སྙན་ཐོ་བཏོན།།

ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཨུ་མཱི་རོབ་
ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཨུ་མཱི་རོབ་

ཡུཀ་རེན་གྱིས་ར་ཤི་ཡའི་གོ་མཛོད་ཁག་ལ་གཏོར་རྒོལ་བྱས་པའི་རྗེས་སུ་མེ་ལྕེ་གནམ་ལ་འཕྱུར། གསར་འགྱུར་ལས་ཁུངས་ཁག་གིས་ར་ཤི་ཡའི་གོ་མཛོད་ཁག་གི་སྒྱོགས་མདེལ་དེ་རྣམས་གཅིག་ནས་གཅིག་ལ་འཁྱུད་དེ་བཀད་པའི་ཤུགས་ཚད་ནི་ས་འགུལ་འབྲིང་ཙམ་བརྒྱུགས་པ་དང་མཚུངས་ཞེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་པས་ར་ཤི་ཡའི་གོ་མཛོད་གཅིག་གི་ནང་དུ་མདེའུ་ཊོན་༢༠༠༠་འདུག མཚོན་ཆ་ཁག་ཅིག་བྱང་ཀོ་རི་ཡ་ནས་ནང་འདྲེན་བྱས་པ་རྣམས་རེད་ཅེས་བཤད། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ར་ཤི་ཡའི་སྒྱོགས་མདེལ་ཁག་ཅིག་རྙིང་པ་ཡིན་པ་དང་འབར་འགས་འགྲོ་ཆོག་ཆོག་རེད་ཟེར། ཁ་སྔོན་ཕྱི་ཟླ་༢་པའི་ནང་ཨ་རིའི་རྒྱལ་སྤྱི་དང་འཐབ་ཇུས་ཞིབ་འཇུག་ཁང་གིས་ར་ཤི་ཡའི་གོ་མཛོད་དེ་མདེའུ་འཇོག་ས་ཆེ་གྲས་ཤིག་རེད། ར་ཤི་ཡའི་གཞུང་གིས་གོ་མཛོད་མང་དུ་བཏང་སྟེ་ས་མཚམས་ཀྱི་དམག་ས་ཁག་གི་ཉེ་འཁྲིས་སུ་འཛུགས་སྐྲུན་བྱས་འདུག་ཅེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༩་པའི་ཚེས་༢༣་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ར་ཤི་ཡའི་Satan 2་པ་ཞེས་པའི་རྡུལ་ཕྲན་འཕུར་མདེལ་གསར་པ་དེ་ཚོད་ལྟ་ཐེངས་ལྔ་བྱས་ཀྱང་ཐེངས་བཞི་ལ་ལམ་ལྷོངས་བྱུང་མེད་ཅིང་། ར་ཤི་ཡའི་གླིང་བརྒལ་འཕེན་ཕོག་རྡུལ་ཕྲན་འཕུར་མདེལ་དེ་བཀད་ནས་ཚོད་ལྟ་བྱ་ཡུལ་བཤིག་ཡོད་པ་བརྙན་པར་ནང་དུ་གསལ། འཕུར་མདེལ་ཚོད་ལྟ་བྱ་ཡུལ་དེར་གཏོར་བཤིག་ཕོག་པའི་རྐྱེན་གྱིས་འཕུར་མདེལ་ཚོད་ལྟ་ནར་འགྱངས་དང་འགྲོ་གྲོན་བཏང་ནས་བསྐྱར་དུ་ཚོད་ལྟ་བྱ་ཡུལ་སླར་གསོ། ༢༠༢༢་ལོའི་ཕྱི་ཟླ་༤་པའི་ཚེས་༢༠་ཉིན་ར་ཤི་ཡས་རྡུལ་ཕྲན་འཕུར་མདེལ་ཚོད་ལྟ་བྱས་པ་དེ་གཅིག་པུར་གྲུབ་འབྲས་ཐོན། ར་ཤི་ཡའི་གཞུང་གིས་འཕུར་མདེལ་ཚོད་ལྟ་དེར་ལམ་ལྷོངས་མ་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་དང་མ་འོངས་པའི་འཆར་གཞི་སོགས་ཕྱིར་བསྒྲགས་མ་བྱུང་།།

དབྱིན་ཇིའི་ཁེམ་བྷི་རི་ཇཱི་སློབ་གྲྭ་ཆེན་མོའི་ས་ཁམས་ཆབ་སྲིད་ལྟེ་གནས་ཀྱི་ཉམས་ཞིབ་པ་ཝིཀ་ཊོ་རི་ཡ་ཝི་ཌོ་ཝི་ཆན་ཀོས་(Victoria Vdovychenko)་དམག་དོན་འཐབ་ཇུས་ཀྱི་ཆ་ནས་བཤད་ཚེ། ར་ཤི་ཡས་ཐད་ཀར་ནུབ་ཆིངས་ལ་ཁ་གཏད་བཅག་ནས་འཁྲུག་རྩོད་སློང་ཡོད་མི་ཕོད། ནུབ་ཆིངས་དང་ར་ཤི་ཡ་གཉིས་ལ་སྟོབས་ཤུགས་ཆེ་ཆུང་ཁྱད་པར་ཆེན་པོ་ཤོར་ཚར་བ་རེད། ཡིན་ནའང་ར་ཤི་ཡའི་ཕྱོགས་འགལ་ཚོགས་པའི་ནང་ཁུལ་དུ་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་འཕངས་ནས་ནུབ་ཆིངས་ལ་ཁ་གཏད་གཅོག་འདོད་ཡོད་པ་རེད་ཟེར་གྱི་འདུག ཡུཀ་རེན་རང་དབང་དང་དམངས་གཙོ། བདེ་འཇགས་ལྡན་པའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་མིན་ནི་དམག་གི་སྟོབས་ཤུགས་ཁོ་ནར་རག་ལས་ཀྱི་མ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་དང་ཕྱི་འབྲེལ་སོགས་མཉམ་འདྲེས་བྱ་དགོས། དེ་བཞིན་ཡུཀ་རེན་གྱིས་ཡུ་རོབ་གླིང་གི་བདེ་འཇགས་སྲུང་སྐྱོབ་ལ་འགན་འཁྲི་ལེན་ཐུབ་པའི་ནུས་པ་ཡོད་པ་ཕྱི་རུ་སྟོན་དགོས་ཞེས་བཤད།།

ཕྱི་ཟླ་༩་པའི་ཚེས་༢༤་ཉིན་བི་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དམག་འཁྲུག་མགྱོགས་ཙམ་མཇུག་བསྒྲིལ་ཐུབ། ངའི་སེམས་པར་མི་ཚོས་ཚོད་དཔག་བྱས་པ་ལས་ཀྱང་ང་ཚོ་ཞི་བདེའི་ཕྱོགས་སུ་བར་ཐག་ཉེ་རུ་ཕྱིན་ཡོད། ང་ཚོ་མཁྲེགས་པོ་བྱ་དགོས། ཧ་ཅང་མཁྲེགས་པོ་བྱ་དགོས་ཞེས་ཨ་རིའི་ཨེ་བི་སི་གསར་ཁང་གི་བཅར་འདྲིའི་སྐབས་སུ་ལན་བཏབ། ཉམས་ཞིབ་པ་ཚོས་ཡུཀ་རེན་གྱིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་ནས་ས་ཆ་བླངས། ར་ཤི་ཡའི་ས་ཐོག་ཏུ་རྒོལ་རྡུང་བྱས་ནས་དམག་སྒར་དང་གོ་མཛོད་ཁག་གཏོར་གྱི་ཡོད་པའི་མཐར་ཐུག་གི་དམིགས་ཡུལ་ནི་ཞི་བའི་གྲོས་མོལ་རེད། ར་ཤི་ཡར་མཚོན་ཆ་མེད་པ་དང་མདེའུ་ཆད། དམག་སྒར་ཁག་ལ་གཏོར་བཤིག་ཕོག་སྟེ་སྟོབས་ཤུགས་ཉམས་ཚེ། ཕུ་ཊིན་གྱིས་ཞི་བའི་གྲོས་མོལ་མ་བྱས་ཐབས་མེད་དུ་འགྱུར་ངེས་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG