ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུན་རིང་སྒུག་པའི་ཡུཀ་རེན་གྱི་ཕར་རྒོལ་དེ་འགོ་ཚུགས་པར་སྣང་། 


༄༅།། གཟའ་མཇུག་དེར་ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་ཛིཀ་ས་གནས་སུ་དཔུང་འཇུག་བྱས། འདི་ནི་ཡུཀ་རེན་གྱིས་ཡུན་རིང་གྲ་སྒྲིག་བྱས་པའི་ཕར་རྒོལ་དེ་མགོ་བརྩམས་པར་སྣང་། ཕྱི་ཟླ་༦་པའི་ཚེས་༥་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱིས་ཌོ་ནེ་ཛིཀ་ལྷོ་ཕྱོགས་སུ་ལྕགས་ཁྲབ་འཁོར་ལོའི་སྡེ་ཤོག་ཚུད་པའི་རུ་ཤོག་འགའ་ཞིག་བཏང་སྟེ་ས་གནས་ཁ་ཤས་ནས་གཏོར་རྒོལ་བྱས་ཤིང་། ཡུཀ་རེན་གྱི་དམག་དཔོན་ཞིག་གིས་ང་ཚོས་ས་གནས་ཁག་ཅིག་ཏུ་ཕར་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་ཀྱང་དམག་ཇུས་ཆ་ཚང་ཕྱིར་བསྒྲགས་མ་བྱུང་། ཨུ་རུ་སུ་དང་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་མང་ཆེ་བས་ཡུཀ་རེན་གྱིས་ཕར་རྒོལ་བྱ་རྒྱུ་འགོ་ཚུགས་འདུག་ཟེར། ཡུཀ་རེན་གྱི་དམག་གིས་ཌོ་ནེ་ཛིཀ་ས་གནས་སུ་གཏོར་རྒོལ་བྱེད་ཀྱི་ཡོད་པར་བལྟས་ཚེ། ཨུ་རུ་སུའི་འགོག་ར་བཙན་པོ་མེད་ས་ཁག་ཅིག་ལ་ཡུཀ་རེན་གྱིས་དཔུང་འཇུག་བྱ་རྒྱུའི་ཚོད་ལྟ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། ཨུ་རུ་སུའི་དམག་དོན་དྲྭ་རྩོམ་པ་ཞིག་ནས་ཡུཀ་རེན་གྱི་དམག་གིས་ཌོ་ནེ་ཛིཀ་ས་གནས་ཀྱི་གྲོང་རྡལ་གཉིས་ལ་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ།།

ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ནོ་ཝོ་ཌོ་ནེ་ཛིཀ་དང་ཝེ་ལི་ཀ་ནོ་ཝོ་སིལ་ཀ་གྲོང་རྡལ་གཉིས་ཀྱི་ལྷོ་ཕྱོགས་སུ་ཛ་པོ་རི་ཤི་ཡ་ཞིང་ཆེན་ཆགས། དམག་དོན་ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་གིས་ཝོ་ཌོ་ནེ་ཛིཀ་དང་ཝེ་ལི་ཀ་ནོ་ཝོ་སིལ་ཀ ཝཱུ་ལེ་ཌར་བཅས་སུ་ཨུ་རུ་སུའི་དམག་ལ་ཁེ་རེ་མཱི་ཡ་གླིང་ཟུར་སྲུང་སྐྱོབ་དོན་དུ་ས་ཐོག་ནས་དམག་དཔུང་འདྲེན་གཏོང་དང་རྒྱགས་ཆས་སྐྱེལ་འདྲེན་གྱི་ལམ་ཞིག་ཡོད་པ་གཅོད་ཐབས་ཡིན་པ་འདྲ། ཡུཀ་རེན་གྱི་དམག་གིས་དམིགས་འབེན་གཙོ་བོ་ནོ་ཝོ་ཌོ་ནེ་ཛིཀ་གྲོང་རྡལ་ཡིན་པར་སྣང་། གྲོང་རྡལ་དེ་ཝེལ་ཀི་ཡ་དང་ནོ་ཝོ་སིལ་ཀ ཝཱུལ་ལེ་ཌར་བཅས་ཀྱི་བར་དུ་ཆགས། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་ཁ་སྔོན་གཟའ་ཉི་མའི་ཉིན་ནོ་ཝོ་ཌོ་ནེ་ཛིཀ་ས་གནས་སུ་དཔུང་འཇུག་བྱ་རྒྱུ་མགོ་བརྩམས་ཀྱང་ལམ་ལྷོངས་བྱུང་མ་སོང་། ཡུཀ་རེན་གྱི་ལྕགས་ཁྲབ་འཁོར་ལོ་༡༦་དང་འཐབ་འཁོར་༢༦། རླངས་འཁོར་༡༤་རྩ་གཏོར་བཏང་བ་དང་ཡུཀ་རེན་གྱི་དམག་མི་༢༥༠་ལྷག་བསད་པ་ཡིན། དགྲ་ཕྱོགས་ཀྱི་དམིགས་ཡུལ་རྣམས་གྲུབ་མ་སོང་ཞེས་བསྒྲགས།།

ཨུ་རུ་སུའི་ཕྱོགས་གཏོགས་ཡུཀ་རེན་གྱི་གྱེན་ལོག་པའི་དམག་དཔུང་བཀོད་འདོམས་པ་ཨ་ལིཀ་ཛན་ཌར་ཀོ་ཌ་ཀོབ་སི་ཀི
ཨུ་རུ་སུའི་ཕྱོགས་གཏོགས་ཡུཀ་རེན་གྱི་གྱེན་ལོག་པའི་དམག་དཔུང་བཀོད་འདོམས་པ་ཨ་ལིཀ་ཛན་ཌར་ཀོ་ཌ་ཀོབ་སི་ཀི

ཨུ་རུ་སུའི་དམག་དོན་དྲྭ་རྩོམ་པ་ཞིག་གིས་གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་དམག་གིས་སྔར་ལས་དཔུང་འཇུག་ཤུགས་ཆེན་པོ་བྱེད་ཀྱི་འདུག ཁོ་ཚོར་མཚོན་ཆ་ཡག་པོ་དང་སྔ་ཉིན་ལས་དཔུང་ཤུགས་ཆེ་བ་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་དམག་དོན་ཉམས་ཞིབ་པ་མང་པོས་ཡུཀ་རེན་གྱི་དམག་མིས་འཇར་མན་གྱི་གཟིག་༢་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་དང་ཨ་མི་རི་ཀའི་འཐབ་འཁོར་རྣམས་སྐམ་དམག་ལ་བཀྲམ་ནས་དཔུང་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ། ཨུ་རུ་སུའི་ཕྱོགས་གཏོགས་ཡུཀ་རེན་གྱི་གྱེན་ལོག་པའི་དམག་དཔུང་བཀོད་འདོམས་པ་ཨ་ལིཀ་ཛན་ཌར་ཀོ་ཌ་ཀོབ་སི་ཀིས་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་འདུག དགྲ་ཕྱོགས་ནས་ང་ཚོའི་ས་ཆ་བཙན་པོ་མེད་ས་ཁག་ཏུ་མེ་སྒྱོགས་བརྒྱབ་ནས་ནུས་པ་ཐོན་སོང་། ངས་བལྟས་ན་ཡུཀ་རེན་གྱིས་དམག་དཔུང་ཁ་སྣོན་གཏོང་ས་རེད་ཅེས་བཀྲལ། ཡུཀ་རེན་གྱི་དམག་གིས་སོ་ལེ་ཌར་གྲོང་རྡལ་དང་བྷག་མུ་ཏ་གྲོང་ཁྱེར་གཉིས་ཀྱི་འཁྲིས་སུའང་ཨུ་རུ་སུའི་དམག་ལ་རྒོལ་རྡུང་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་དམག་དཔོན་ཟུར་པ་དང་དམག་དོན་དྲྭ་རྩོམ་པ་གྲགས་ཅན་ཨི་གྷོ་གྷིར་ཀིན་
ཨུ་རུ་སུའི་དམག་དཔོན་ཟུར་པ་དང་དམག་དོན་དྲྭ་རྩོམ་པ་གྲགས་ཅན་ཨི་གྷོ་གྷིར་ཀིན་

ཨུ་རུ་སུའི་དམག་དོན་དྲྭ་རྩོམ་པ་དང་རྗེས་འབྲང་བ་འབུམ་༦་ལྷག་ཡོད་པའི་བྷ་ཀུ་ལིན་གྱིས་ཨེ་བྷི་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཡུཀ་རེན་གྱིས་དཔུང་འཇུག་བྱེད་ཀྱི་ཡོད་པ་ནི་འཐབ་འཁྲུག་ཆེན་པོ་ཞིག་གི་ཆ་ཤས་ཡིན་སྲིད། ད་སྔ་ཡུཀ་རེན་གྱི་དམག་གིས་དམིགས་པ་གཏོད་ས་གཙོ་བ་དེ་ཌོ་ནེ་ཛིཀ་མངའ་ཁུལ་གྱི་ལྷོ་ཕྱོགས་རེད། དམག་དཔུང་མང་ཆེ་བ་དམག་ས་ཁག་ཏུ་བཏང་མེད་ཅིང་། ཁོ་ཚོའི་ཕ་རྒོལ་བྱ་ཡུལ་དེ་ས་གནས་གཞན་ཞིག་ཡིན་ས་རེད་ཟེར། ཨུ་རུ་སུའི་དམག་དཔོན་ཟུར་པ་དང་དམག་དོན་དྲྭ་རྩོམ་པ་གྲགས་ཅན་ཨི་གྷོ་གྷིར་ཀིན་གྱིས་ང་ནི་མ་རི་དབྱིན་ཀ་ལ་བློ་འཚབ་འདུག ཡུཀ་རེན་གྱི་དམག་གིས་གློ་བུར་དུ་མ་རི་དབྱིན་ཀ་ལ་དཔུང་འཇུག་བྱ་སྲིད་ཅེས་བསྟན། མ་རི་དབྱིན་ཀ་ནི་བྷག་མུ་ཏ་གྲོང་ཁྱེར་གྱི་ལྷོ་ཕྱོགས་དང་ཝཱུ་ལེ་ཌར་གྱི་བྱང་ཕྱོགས་སུ་ཆགས། རྒྱལ་སྤྱིའི་དམག་འཁྲུག་ཞིབ་འཇུག་ཁང་གིས་ཨུ་རུ་སུས་འགོག་རྒོལ་དྲག་པོ་བྱས་ཀྱང་ཡུཀ་རེན་གྱི་དམག་གིས་ས་ཕྱོགས་ཀུན་ཏུ་གོམ་པ་རེ་རེ་བྱས་ནས་ས་ཆ་ཕྱིར་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཧ་ན་མ་ལི་ཡར་ནས་ཨུ་རུ་སུའི་དམག་གིས་ཨུ་ཚུགས་བྱས་ནས་ས་ཆ་བཟུང་ཡོད་པ་དང་ཚུར་རྒོལ་དྲག་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཡུཀ་རེན་གྱི་དམག་གིས་ཕྱོགས་མང་ཞིག་ནས་དཔུང་འཇུག་བྱེད་ཀྱི་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སྲིད་འཛིན་ཛེ་ལན་སི་ཀིས་ཉིན་གཉིས་ལ་དགོང་མོའི་གཏམ་བཤད་སྐབས་སུ་ཕར་རྒོལ་བྱ་འཆར་ཡོད་པ་གླེང་སློང་ཅི་ཡང་མ་བྱུང་། ཁ་སང་དང་ཁས་ཉིན་གཉིས་ཀར་ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གི་དྲྭ་ཚིགས་སུའང་ཕར་རྒོལ་གྱི་གནས་ཚུལ་གང་ཡང་མ་བཀོད། རྒྱལ་སྲུང་བློན་ཆེན་ཨོ་ལེཀ་སི་རེ་ཛ་ནི་ཀོབ་ནས་ཡུཀ་རེན་གྱི་དམག་མི་ཚོས་ཁ་རོག་ཏུ་སྡོད་ཅེས་མཛུབ་མོས་མཆུ་ཏོ་བཀབ་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་བཀྲམ། དེའི་འོག་ཏུ་འཆར་གཞི་རྣམས་མ་བསྒྲགས་ལེགས་ཞེས་ཡི་གེ་བྲིས། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་ཡུཀ་རེན་གྱིས་གཏོར་རྒོལ་བྱ་རྒྱུ་མང་དུ་འགྲོ་བཞིན་པ་ནི་ཕར་རྒོལ་ཆེན་པོ་དེ་འགོ་ཚུགས་རྒྱུའི་སྔ་ལྟས་ཡིན་སྲིད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྲུང་བློན་ཆེན་ཨོ་ལེཀ་སི་རེ་ཛ་ནི་ཀོབ་
རྒྱལ་སྲུང་བློན་ཆེན་ཨོ་ལེཀ་སི་རེ་ཛ་ནི་ཀོབ་

ད་ལོའི་ཕྱི་ཟླ་༤་པ་ནས་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱ་རྒྱུ་དེར་གྲ་སྒྲིག་བྱས་ནས་བྲེལ། ཉེ་དུས་ཤིག་ནས་རྒྱལ་སྤྱིའི་ཐོག་ཏུ་ཡུཀ་རེན་གྱི་ཕ་རྒོལ་ལ་ངང་སྒུག་དང་རྒྱལ་ཁ་ཆེན་པོ་ཞིག་ཐོབ་རྒྱུའི་རེ་ལྟོས་བཅངས། གལ་སྲིད་དཔྱིད་ཀྱི་ཕར་རྒོལ་སྐབས་འདིར་སྔ་ལོ་ཨུ་རུ་སུས་ཕྲོགས་ཟིན་པའི་ཡུཀ་རེན་གྱི་ས་ཆ་རྣམས་ཕྱིར་ལེན་བྱེད་མ་ཐུབ་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ན་ནིང་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ཨུ་རུ་སུའི་དམག་དཔུང་རྣམས་ཁར་ཀིབ་དང་ཁར་སན་གྲོང་ནས་མཐར་སྐྲོད་བཏང་བར་འཛམ་གླིང་ཧྲིལ་པོ་ཧང་སང་དགོས་པ་ཞིག་ཏུ་གྱུར། ཨུ་རུ་སུའི་དམག་ལའང་ཟླ་བ་འགའ་ཞིག་རིང་གྲ་སྒྲིག་གི་དུས་ཚོད་ཐོབ། ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་མེ་ལིས་ཡུཀ་རེན་གྱིས་གྲ་སྒྲིག་གང་ལེགས་བྱས་འདུག ཡིན་ནའང་ངས་ཕར་རྒོལ་དེར་གྲུབ་འབྲས་ཅི་ཙམ་ཐོན་རྒྱུ་ཡིན་མིན་ཚོད་དཔག་བྱ་རྒྱུ་མིན་ཞེས་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་བཅར་འདྲིའི་དུས་སུ་ལན་འདེབས་བྱས་འདུག

ཕྱི་ཟླ་༦་པའི་ཚེས་༥་ཉིན་ཡུ་རོབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་དམག་སྤྱི་ཟུར་པ་སྟེ། འཇིག་རྟེན་ཀུན་ཁྱབ་སྲུང་སྐྱོབ་ཁང་དང་བདེ་འཇགས་འཐབ་ཇུས་ཁང་གི་ཟུང་འབྲེལ་གཙོ་འཛིན་རི་ཆར་ཌི་བྷེ་རོན་གྱིས་བཤད་པ་ལྟར་ན། ཡུཀ་རེན་ཕར་རྒོལ་གྱི་སྟ་གོན་ཁྲོད་དུ་ཡོད་པ་གསལ་པོ་རེད། ཁོ་ཚོས་ལྕགས་ཁྲབ་འཁོར་ལོ་དང་མེ་སྒྱོགས། སྐམ་དམག་བཏང་ནས་དཔུང་འཇུག་བྱ་རྒྱུ་ཡིན་པ་མངོན་གསལ་ཆེ། ཕར་རྒོལ་གྱི་ཞོར་དུ་ཆབ་སྲིད་དང་ཕྱི་འབྲེལ། དྲིལ་བསྒྲགས་དང་དྲྭ་ཁམས་སོགས་མཉམ་འབྲེལ་བྱ་རྒྱུ་ཡིན་ཞིང་། ཡུཀ་རེན་གྱི་གྲ་སྒྲིག་ཆ་ཚང་མ་ཚར་བར་དུ་སྒུག་གི་འདུག་ཅེས་སྨྲས། ད་ལོ་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་གསང་བའི་ཡིག་ཆ་ཤོག་གྲངས་སྟོང་ཕྲག་མང་པོ་དྲྭ་ལམ་དུ་འཁྱར་ནས་བཟུང་། ཡུཀ་རེན་གྱིས་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱ་རྒྱུའི་དམག་ཇུས་བཤམས་ཡོད་པ་ཁག་ཅིག་ལ་འགྱུར་བ་གཏོང་དགོས་བྱུང་བ་མ་ཟད། ཡུཀ་རེན་གྱི་དམག་ཇུས་ཁག་ཅིག་ལ་བསྐྱར་ཞིབ་དང་ཕར་རྒོལ་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༦་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཉིན་ཨུ་རུ་སུའི་དམག་གིས་འགོག་རྒོལ་དྲག་པོ་བྱས་པ་ཡིན། ཡུཀ་རེན་གྱི་དམག་ལ་ཕམ་ཉེས་ཆེན་པོ་བྱུང་སོང་ཞེས་གནས་ཚུལ་སྤེལ་བར་རང་བཙན་གྱི་གསར་འགྱུར་ལས་ཁང་ཁག་གིས་ངེས་གཏན་མ་ཐུབ། གཟའ་མིག་དམར་གྱི་ཐོ་རངས་སུ་ཨུ་རུ་སུས་སླར་ཡང་ཡུཀ་རེན་གྱི་རྒྱལ་སར་འཕུར་མདེལ་༢༠་ལྷག་གིས་གཏོར་རྒོལ་བྱས་ཀྱང་འཕུར་མདེལ་རྣམས་བར་སྣང་དུ་གཏོར། ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་བློན་ལྷན་ཁང་གི་འགོ་ཁྲིད་ཚོར་འཇོན་ཐང་མེད་པ་དང་འཕྲུལ་སྣང་གི་ཀློང་དུ་ལུས་འདུག་ཅེས་སྐྱོན་བཙུགས། ཨུ་རུ་སུའི་མཐའ་མཚམས་སུ་ཆགས་པའི་བྷེལ་གྷོ་རོ་ཌི་གྲོང་ཁྱེར་གྱི་གྲོང་ཚོ་བཞི་ཕུ་ཊིན་ལ་ངོ་ལོག་བྱེད་མཁན་ཨུ་རུ་སུའི་དམག་གི་དབང་བསྒྱུར་འོག་ཏུ་ཚུད། ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལེ་བྷས་ཕར་རྒོལ་གྱི་མཚོན་ཆ་འདང་ངེས་ཡོད་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་བཤད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG