ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཡུཀ་རེན་གྱིས་ཨུ་རུ་སུའི་གསང་ཉུལ་༦༠༠་ལྷག་གི་མིང་ཐོ་ཕྱིར་བསྒྲགས།


༄༅།། ཡུཀ་རེན་གྱི་རྒྱལ་སྲུང་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་གསང་ཉུལ་རེད་ཅེས་མི་༦༢༠་ཐམ་པའི་མིང་ཐོ་ཞིག་ཡོངས་གྲགས་སུ་ཕྱིར་བསྒྲགས་བྱས་ཤིང་། ཐོ་གཞུང་དེར་ཨུ་རུ་སུའི་གསང་ཉུལ་རེད་ཟེར་བའི་མི་དེ་དག་གི་མིང་དང་ཁ་བྱང་། ཁ་པར་ཨང་གྲངས་དང་ཕྱིར་སྐྱོད་ལག་འཁྱེར་གྱི་ཨང་གྲངས། རླངས་འཁོར་གྱི་ཨང་གྲངས་དང་མི་ཁག་ཅིག་གིས་དཔལ་འབྱོར་ཡོང་འབབ། མི་ཁག་ཅིག་ཟས་རིགས་གང་ལ་དགའ་མིན་དང་མི་ཁག་ཅིག་ལ་ཟས་རིགས་གང་འཕྲོད་ཀྱི་མེད་པ། ཁོ་ཚོའི་ལས་ཁུངས་ཀྱི་ཁ་བྱང་སོགས་ཞིབ་ཕྲ་བཀོད། ཨུ་རུ་སུའི་གསང་ཉུལ་དེ་དག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གསང་ཉུལ་གྱི་ལས་དོན་སྒྲུབ་ཀྱི་ཡོད་པ་རེད་ཅེས་ཕྱིར་བསྒྲགས་བྱས་འདུག གཟའ་འཁོར་འདིར་ཡོ་རེ་ཊར་སོགས་གསར་འགྱུར་ལས་ཁང་དང་མཉམ་འབྲེལ་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་རེད་ཟེར་བའི་མི་དག་གིས་ལས་ཁུངས་ཀྱི་ཁ་བྱང་རྣམས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་སན་ཊི་བྷོལ་ཤ་ཡ་ལུ་བྷི་ཡན་ཁ་སྲང་ལམ་ཞེས་བྲིས་ཡོད་ཅིང་། སན་ཊི་བྷོལ་ཤ་ཡ་ལུ་བྷི་ཡན་ཁ་སྲང་ལམ་གྱི་ཨུ་རུ་སུའི་གསང་བའི་ཁུངས་ནི་སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་དུས་སུ་འཛམ་གླིང་ཡོངས་ལ་སྐད་གྲགས་ཆེ་བའི་ཁེ་ཇཱི་བྷི་གསང་བའི་ལས་ཁུངས་ཀྱི་ཁང་པ་ཡིན་འདུག ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་རེད་ཟེར་བའི་མི་ཞིག་གི་གནམ་འཕྲིན་དྲྭ་ཚིགས་ཀྱི་ཁ་བྱང་དེར་ཇཱེམ་སི་བྷོན་ཌི་༠༠༧་ཞེས་དབྱིན་ཇིའི་གསང་ཉུལ་གྱི་གློག་བརྙན་དེའི་མི་སྣ་གཙོ་བོའི་མིང་བཏགས། ཐོ་གཞུང་དེར་གསང་ཉུང་གཅིག་རླངས་འཁོར་རྩེད་ཕུད་དག་ལ་དགའ་མོས་ཡོད་པ་དང་གསང་ཉུང་གཞན་ཞིག་གིས་ཆང་རག་ཚད་མེད་འཐུངས་ཏེ་འགྲིམ་གྲུལ་གྱི་སྒྲིག་ཁྲིམས་ལ་འགལ་འཛོལ་འབྱུང་གི་ཡོད་པ་རེད་ཅེས་ཟུར་མཆན་དུ་བྲིས་ཡོད་པའི་གནས་ཙུལ་ཐོན་འདུག
༢༠༠༩་ནས་༢༠༡༤་བར་གྱི་དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་སྐུ་ངོ་ཇཱོན་ས་ཝེར་སི་ཡིས་དར་འཕྲིན་ཚགས་པར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཡུ་རོབ་གླིང་དུ་གསང་བའི་ལས་དོན་སྒྲུབ་བཞིན་པའི་ཨུ་རུ་སུའི་གསང་ཉུལ་བརྒྱ་ཆ་༡༠་ཐམ་པ་རྩད་གཅོད་ཐུབ་ཡོད་པ་རེད། ཨུ་རུ་སུའི་གཞུང་གིས་ཡུ་རོབ་གླིང་དུ་གསང་ཉུལ་ཧ་ཅང་མང་པོ་བཏང་སྟེ་ལས་དོན་ཤུགས་ཆེན་པོ་སྒྲུབ་ཀྱི་འདུག ང་ཚོས་ཨུ་རུ་སུའི་གསང་ཉུལ་བརྒྱ་ཆ་ཡས་མས་ཤིག་ལས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་དུང་ཡང་ཨུ་རུ་སུའི་གསང་ཉུལ་མང་དག་ཅིག་ང་ཚོས་རྩད་གཅོད་ཐུབ་ཀྱི་མི་འདུག་ཅེས་བཀྲལ། ཡུཀ་རེན་གྱི་རྒྱལ་སྲུང་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་གསང་ཉུལ་དེ་དག་གི་ཐོ་གཞུང་དེ་ཨུ་རུ་སུའི་གསང་བའི་མི་སྣ་ཚོས་མཁོ་སྤྲོད་བྱས་བྱུང་ཞེས་བསྒྲགས། བདུན་ཕྲག་སྔོན་མར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་རང་གི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཁག་ཅིག་གིས་ཡུཀ་རེན་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་དོགས་པ་བྱུང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་འཐབ་འཁྲུག་རྒྱག་གི་ཡོད་པར་ཇུས་ཉེས་འབྱུང་གི་ཡོད་པའི་ལན་ཁག་རྣམས་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོས་གང་ཅིའི་གནས་སྟངས་ལ་ཞིབ་འཇུག་གཟབ་ནན་བྱེད་མ་ཐུབ་པས་རེད་ཅེས་ནག་ཉེས་བཙུགས་ནས་མི་གཉིས་རང་ཁྱིམ་དུ་བཟང་བཙོན་དུ་བཅུག་ཡོད་པའི་གནས་ཚུལ་ཐོན། ཐོག་མར་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བདེ་བླག་ཏུ་དབང་བསྒྱུར་བྱེད་ཐུབ། ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུའི་དམག་ལ་དགའ་བསུ་ཞུ་རྒྱུ་རེད་ཅེས་རྩིས་ལོག་ཐེབས། རང་བཙན་གྱི་གསར་འགྱུར་ལས་ཁང་ཁག་གིས་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱིས་བཀྲམ་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་ངེས་གཏན་བྱེད་ཐུབ་ཀྱི་མེད་མོད། གལ་སྲིད་གནས་ཚུལ་དེ་བདེན་པ་ཡིན་ན་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ཆེན་པོ་ཞིག་ལ་ཕྱི་ལ་འཁྱར་བར་མ་ཟད། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་ནང་ཁུལ་དུ་ཡུཀ་རེན་ལ་དམག་འཁྲུག་རྒྱག་གི་ཡོད་པར་ངོ་རྒོལ་བྱེད་མཁན་ཡོད་པ་ར་འཕྲོད།།

ཕྱི་ཟླ་༣་པའི་ཚེས་༣༠་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་ཡུ་རོབ་རྒྱལ་ཁབ་ཨར་ལན་ཌི་དང་བྷེལ་ཇམ། ནེར་དྷར་ལན་ཌི་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་རང་གི་ས་ཐོག་ཏུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་གི་ཕྱི་འབྲེལ་མི་སྣ་༤༣་ལ་གསང་ཉུལ་གྱི་ཉེས་འཛུགས་བྱས་ནས་ཕྱིར་འབུད་བྱས་འདུག བདུན་ཕྲག་སྔོན་མར་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིའི་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཚོས་གསང་ཉུལ་གྱི་ལས་འགུལ་སྤེལ་གྱི་འདུག་ཅེས་ཕྱི་འབྲེལ་མི་སྣ་ཁག་རང་ཡུལ་དུ་བསློགས། བྷེལ་ཇམ་གྱི་ཕྱི་སྲིད་བློན་ཆེན་གྱིས་གྲོས་ཚོགས་འཐུས་མི་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་དོན་དུ་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཁག་ཅིག་ཕྱིར་འབུད་བྱས་པ་ཡིན། ང་ཚོས་རྒྱལ་ས་བྷ་ར་སལ་སི་གྲོང་ཁྱེར་དུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་དང་ཨན་ཊི་ཝབ་གྲོང་ཁྱེར་དུ་བཅའ་སྡོད་ཨུ་རུ་སུའི་དོན་གཅོད་ཁང་གི་ལས་བྱེད་པ་༢༡་དུས་ཡུན་བདུན་ཕྲག་གཉིས་ཀྱི་ནང་ཚུད་དུ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ནེར་དྷར་ལན་ཌིའི་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་༡༧་གྱིས་གསང་བའི་ལས་འགུལ་སྤེལ་གྱི་འདུག་ཅེས་ནག་ཉེས་བཙུགས་ནས་་ཕྱིར་འབུད་བྱས་འདུག་ཅེས་སྙན་སེང་ཞུས། ཨར་ལན་ཌིའི་སྲིད་བློན་གྱིས་ང་ཚོས་གསང་བའི་ལས་ཁུངས་ནས་ཉེན་བརྡ་འབྱོར་བའི་རྗེས་སུ་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་༤་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་གྲོས་ཚོགས་འཐུས་མི་ཚོར་སྙན་སེང་ཞུས་འདུག

ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ཚོས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་ང་ཚོས་ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་ལ་མཉམ་འབྲེལ་བྱས་ནས་ཨུ་རུ་སུའི་གཞུང་ཚབ་པ་གཞོན་པ་ཕྱིར་འབུད་བྱས་པ་ཡིན། ཨུ་རུ་སུའི་གསང་ཉུལ་རྣམས་ཡུ་རོབ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཞིག་རེད་ཅེས་བཤད། གཟའ་འཁོར་སྔོན་མར་པོ་ལན་ཌིའི་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་༤༥་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་རང་ཡུལ་དུ་བསྐྲད། པོ་ལན་ཌིའི་སྲིད་བློན་གྱིས་ང་ཚོའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་གསང་ཉུལ་རྣམས་རྩ་མེད་གཏོང་གི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༣་པའི་མགོ་སྟོད་དེར་བྷལ་གྷེ་རི་ཡ་དང་ལུ་ཐུ་ཝེ་ཎི་ཡ། ལཱ་ཊི་ཝི་ཡ་དང་ཨེ་སི་ཊོ་ཎི་ཡ་བཅས་ཀྱིས་ཨུ་རུ་སུའི་གཞུང་ཚབ་ཁག་དང་དོན་གཅོད་ལས་ཁུངས་ཁག་གི་ཕྱི་འབྲེལ་མི་སྣ་༢༠་ཐམ་པ་ཕྱིར་འབུད་བྱས་པའི་གནས་ཚུལ་ཐོན། ཡུ་རོབ་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ལས་ཁུངས་ཁག་གིས་གསང་ཉུལ་གྱི་ཉེས་འཛུགས་དེ་ཚོར་ཁུངས་ལུང་མེད་པ་དང་ཨུ་རུ་སུ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་གཏོང་འདུག་ཅེས་ངོ་རྒོལ་གྱི་གསལ་བསྒྲགས་སྤེལ། ཨུ་རུ་སུའི་གཞུང་གིས་རང་གི་ཕྱི་འབྲེལ་མི་སྣ་ཁག་ཕྱིར་འབུད་བྱེད་ཀྱི་ཡོད་པར་ལན་པ་བསློགས་ནས་མོ་སི་ཀོར་བཅའ་སྡོད་ཨེ་སི་ཊོ་ཎི་ཡ་དང་ལཱ་ཊི་ཝི་ཡ། ལི་ཐུ་ཝེ་ཎི་ཡ་གསུམ་གྱི་གཞུང་ཚབ་ལས་ཁུངས་ཁག་གི་ཕྱི་འབྲེལ་མི་སྣ་༡༠་དང་སི་ལོ་ཝ་ཀི་ཡའི་ཕྱི་འབྲེལ་མི་སྣ་༣་བཅས་ཁྱོན་བསྡོམས་མི་༡༣་ཕྱིར་འབུད་བྱས་ཤིང་། ཕྱི་ཟླ་༣་པའི་ཚེས་༡༤་ཉིན་སི་ལོ་ཝ་ཀི་ཡའི་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཚོས་གསང་ཉུལ་གྱི་ལས་འགུལ་སྤེལ་གྱི་འདུག་ཅེས་ནག་ཉེས་བཙུགས་ནས་ཕྱི་འབྲེལ་མི་སྣ་ཁག་ཅིག་ཕྱིར་ཕུད་བྱས་འདུག

ཨ་རིའི་ནེའུ་ཡོཀ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཊོ་རེ་སི་ཡིས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་(ནང་སོ་)ཀྱིས་ནེའུ་ཡོཀ་གྲོང་ཁྱེར་དུ་བཅའ་སྡོད་ཨུ་རུ་སུའི་དོན་གཅོད་ཁང་གི་ལས་བྱེད་པ་ཚོར་ཞིབ་འཇུག་བྱ་དགོས། ཡུཀ་རེན་གྱི་འཁྲུག་རྩོད་མ་བསླངས་པར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱེད་དུ་འཇུག་གི་ཡོད་པ་ནི་སྐྱི་གཡའ་བ་ཞིག་རེད། ཨུ་རུ་སུའི་དམག་གིས་ཡུཀ་རེན་མི་དམངས་ལ་དམག་འཁྲུག་བརྒྱབ་ནས་ནག་ཉེས་གསོག་གི་ཡོད་པ་དེ་ཡ་ང་བ་ཞིག་རེད། དེས་ན་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་ཨུ་རུ་སུའི་དོན་གཅོད་ཁང་གི་ལས་བྱེད་པ་ཚོར་ཞིབ་འཇུག་བྱ་དགོས་པའི་དངོས་གཞིའི་རེ་བ་འདོན་གྱི་ཡོད་ཅེས་ནན་བརྗོད་བྱས་འདུག ཕྱི་ཟླ་༣་པའི་ཚེས་༢༤་ཉིན་ཨ་རིའི་དམག་དོན་མི་སྣ་ཚོས་འཛམ་གླིང་གི་ས་གནས་གཞན་དང་མ་འདྲ་བར་མེཀ་སི་ཀོའི་ས་ཐོག་ཏུ་ཨུ་རུ་སུའི་གསང་ཉུལ་མང་བ་འདུག་ཅེས་གླེང་། ཕྱི་ཉིན་དེར་མེཀ་སི་ཀོའི་སྲིད་འཛིན་གྱིས་ང་ཚོ་ཨུ་རུ་སུ་དང་ཨ་མི་རི་ཀ རྒྱ་ནག་སོགས་གཅིག་གི་མི་སེལ་སྤེལ་ཡུལ་མིན། མེཀ་སི་ཀོ་རང་དབང་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས་ང་ཚོས་མོ་སི་ཀོ་དང་པེ་ཅིང་། ཝ་ཤིང་ཊོན་དང་ལོ་སི་ཨན་ཇཱི་ལི་སི་བཅས་ལ་མི་བཏང་ནས་གསང་ཉུལ་གྱི་ལས་འགུལ་སྤེལ་གྱི་མེད། ང་ཚོའི་ས་ཐོག་ཏུའང་གཞན་ལ་གསང་ཉུལ་གྱི་ལས་འགུལ་སྤེལ་དུ་འཇུག་གི་མེད་ཅེས་དགག་པ་བརྒྱབ། ཡིན་ནའང་ད་ལོའི་ཕྱི་ཟླ་༢་པར་ཨ་རིའི་མ་ཡ་མི་གྲོང་ཁྱེར་དུ་གནས་འཁོད་མེཀ་སི་ཀོའི་ཚན་རིག་པ་ཞིག་གིས་ལོ་བཅུ་ཕྲག་མང་པོར་ཨ་མི་རི་ཀའི་གསང་བའི་གནས་ཚུལ་བསྡུ་རུབ་བྱས་ནས་ཨུ་རུ་སུར་སྤྲད། ཁོ་པ་ཨ་མི་རི་ཀས་འཛིན་བཟུང་བྱས་པ་དང་མེཀ་སི་ཀོའི་ཚན་རིག་པ་དེས་ཨ་རིའི་གསང་བའི་གནས་ཚུལ་རྣམས་ཨུ་རུ་སུར་མཁོ་སྤྲོད་བྱས་པ་ཡིན་ཞེས་ནག་ཉེས་ངོས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG