ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༡༧

ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་༦་གནས་དབྱུང་། 


༄༅།། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པར་ཨ་མི་རི་ཀར་འབྱོར། ཁ་སང་ཟླ་བའི་ཉིན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཏུ་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་༦་གནས་དབྱུང་བཏང་ཞིང་། བདུན་ཕྲག་གཉིས་ཀྱི་གོང་དུ་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཨོ་ལེག་སི་རེ་ཛི་ནི་ཀོབ་འཕོ་འགྱུར་བཏང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༡༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་གཞུང་གིས་རྒྱལ་སྲུང་བློན་ཆེན་གཞོན་པ་༦་གནས་དབྱུང་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་བརྒྱབ་མེད་ཀྱང་དམག་གི་མཚོན་ཆ་དང་རྒྱགས་ཆས། དམག་ལྭ་སོགས་ཉོ་སྒྲུབ་བྱས་པའི་སྐབས་སུ་གོང་ཚད་ལྡབ་ལོག་སྤྲད་དེ་ཡུཀ་རེན་གྱི་དམག་དོན་འགྲོ་གྲོན་མགོ་ནས་ལྐོག་ཟ་བྱས། དེང་སྐབས་ཡུཀ་རེན་བ་ས་ཡ་མང་པོས་རང་སྲོག་འབེན་ལ་བཙུགས་ནས་འཐབ་འཁྲུག་རྒྱག་གི་ཡོད་ཀྱང་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོའི་ངོ་ཤེས་རྣམས་ནད་པ་རེད་ཅེས་དཔང་ཡིག་སྤྲད་ནས་དམག་ཁྲལ་རྒྱུག་མི་དགོས་པའི་དམིགས་བསལ་ཐོབ་ཡོད་པའི་གནས་ཚུལ་ཐོན།།

ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཨོ་ལེག་སི་རེ་ཛི་ནི་ཀོབ་(
ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཨོ་ལེག་སི་རེ་ཛི་ནི་ཀོབ་(

ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་རེ་ཛི་ནི་ཀོབ་ལྐོག་ཟ་རུལ་སུངས་ལ་ཐད་ཀར་འབྲེལ་བ་ཡོད་པའི་དཔང་རྟགས་མེད་ཀྱང་གཤམ་འོག་གི་ལས་སྣེ་ཚོས་དམག་དོན་ཡོ་བྱད་ཉོ་སྒྲུབ་བྱས་པའི་དུས་སུ་ལྐོག་ཟ་བྱས་ཏེ་རྒྱལ་སྲུང་བློན་ཆེན་རེ་ཛི་ནི་ཀོབ་ཀྱི་ལས་འགན་འཐུས་ཤོར་བྱུང་བ་རེད་ཅེས་སྐྱོན་འཛུགས་ཕོག ཡུཀ་རེན་གྱི་བློན་ཆེན་ལྷན་ཁང་གི་འགན་འཛིན་ཨོ་ལཱེ་ནེམ་ཆི་ནོབ་(Oleh Nemchinov)་ཀྱིས་སྲིད་འཛིན་ཛེ་ལན་སི་ཀི་དང་རྒྱལ་སྲུང་བློན་ཆེན་གསར་པ་ར་སི་ཏམ་ཨུ་མེ་རོབ་(Rustem Umerov)་གཉིས་ཀྱི་བཀོད་འདོམས་ལྟར་རྒྱལ་སྲུང་བློན་ཆེན་གཞོན་པ་རྣམས་གནས་དབྱུང་བཏང་བ་ཡིན་མིན་གསལ་བཀྲོལ་མ་བྱུང་། ཁོང་གིས་ང་ཚོས་གྲོས་ཆོད་བཞག་ནས་རྒྱལ་སྲུང་བློན་ཆེན་གཞོན་པ་༦་གནས་དབྱུང་གཏོང་རྒྱུའི་ཐག་བཅད་པ་ཡིན་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སྲིད་འཛིན་ཛེ་ལན་སི་ཀིས་རང་གི་རྒྱལ་ཁབ་དེར་མུ་མཐུད་དུ་ཕྱི་ནས་རོགས་སྐྱོར་ཐོབ་ཐབས། ཡུཀ་རེན་ནུབ་ཆིངས་དང་ཡུ་རོབ་མཉམ་ཁོངས་སུ་ཚུད་པར་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྲུང་བློན་ཆེན་གསར་པ་ར་སི་ཏམ་ཨུ་མེ་རོབ་
རྒྱལ་སྲུང་བློན་ཆེན་གསར་པ་ར་སི་ཏམ་ཨུ་མེ་རོབ་

ཡུཀ་རེན་གྱི་དམག་དོན་འགྲོ་གྲོན་ལྐོག་ཟ་བྱས་ནས་དགོས་ངེས་ཀྱི་དམིགས་སྒོ་ཁག་ལ་གཏོང་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་པའི་རྗེས་སུ་ཨ་རི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ལ་བློ་འཚབ་བྱུང་། སྲིད་འཛིན་ཛེ་ལན་སི་ཀིས་ཕྱི་རྒྱལ་གྱི་རོགས་དངུལ་སྨར་རྡོག་གཅིག་ལྐོག་ཟ་བྱུང་མེད་ཅེས་ཁག་ཐེག་བྱ་དགོས་པར་གྱུར། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲད་པ་རྣམས་འགྲོ་གྲོན་གང་དུ་བཏང་ཡོད་མེད་ཀྱི་རྩིས་ཁྲ་གཙང་མ་སྟོན་དགོས་ཞེས་དགོས་འདུན་བཏོན། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༢༤༠་ཐམ་པའི་དམག་དོན་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲོད་དགོས་ཞེས་ཨ་རིའི་གྲོས་ཚོགས་ལ་སྙན་ཞུ་ཕུལ། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཁག་ཅིག་གིས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲད་པ་རྣམས་ཆུད་ཟོས་སུ་འགྲོ་སྲིད་ཅེས་དོགས་སློང་བྱེད་འགོ་ཚུགས། ཡུཀ་རེན་ལ་ཨ་རི་སོགས་ཀྱི་དམག་དོན་རོགས་རམ་འཐོབ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་ཞུགས་པར་ནེའུ་ཡོག་གྲོང་ཁྱེར་དུ་འབྱོར་ཡོད་ཅིང་། རྒྱལ་ཚོགས་ཀྱི་ཚོགས་ཆེན་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀ་དང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གཉིས་ཕོ་བྲང་དཀར་པོར་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་མོད། འོན་ཀྱང་སྲིད་འཛིན་ཛེ་ལན་སི་ཀིའི་རྒྱལ་ཚོགས་ཀྱི་དམིགས་འབེན་གཙོ་བོ་ནི་གོ་ལའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁག་སྟེ། ཨ་ཧྥི་རི་ཀ་དང་ལཱ་ཊིན་ཨ་མི་རི་ཀ ལྷོ་ཨེ་ཤི་ཡའི་རྒྱལ་ཁག་ཡིན་ཞིང་། ཨ་ཧྥི་རི་ཀ་དང་ལཱ་ཊིན་ཨ་མི་རི་ཀ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་དང་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་གྱི་ལངས་ཕྱོགས་འཛིན་མ་ཕོད། གོ་ལའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་འཛམ་གླིང་ཧྲིལ་པོས་ཡུཀ་རེན་ལ་དོ་སྣང་བྱས་ནས་འཛམ་གླིང་གི་ས་གནས་གཞན་དུ་མི་གྲངས་དུང་ཕྱུར་མང་པོར་ཐན་པ་དང་ཆུ་ལོག མུ་གེ་དང་དམག་འཁྲུག་སོགས་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་ཀྱི་ཡོད་པར་དོ་སྣང་བྱེད་ཀྱི་མི་འདུག་ཅེས་འཁང་ར་བཤད།།

སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་རྒྱུ་ནི་རྒྱལ་སྤྱིའི་ཆིངས་ཡིག་ཁག་གི་རྩ་དོན་རེད། ཨུ་རུ་སུས་བཙན་འཛུལ་བྱས་ནས་རྒྱལ་སྤྱིའི་ཆིངས་ཡིག་ཁག་ནུས་མེད་དུ་བཏང་བ་བསྐྱར་གསོ་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ལ་བཙན་འཛུལ་འགོག་ཐུབ་པའི་སྟོབས་ཤུགས་རྒྱས་སུ་ཆུགས། ཡུཀ་རེན་གྱི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་གོ་སྐབས་ཡག་པོ་ཞིག་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སྲིད་འཛིན་ཛེ་ལན་སི་ཀི་དང་སྐུ་ཟླ་ཛེ་ལན་སི་ཀ་ཡ་གཉིས་ནེའུ་ཡོག་གྲོང་ཁྱེར་དུ་འབྱོར་མ་ཐོག་ཏུ་ཨ་རིའི་སྨན་ཁང་ཁག་ཏུ་སྨན་བཅོས་བྱེད་བཞིན་པའི་ཡུཀ་རེན་གྱི་དམག་མི་རྨས་པ་ཚོར་ཐུག་འཕྲད་དུ་བསྐྱོད། ནེའུ་ཡོག་གྲོང་ཁྱེར་གྱི་མཛད་རིམ་གྲུབ་པའི་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀི་སྟངས་དཔྱལ་གཉིས་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ཏེ་སྲིད་འཛིན་བྷ་ཌན་དང་གྲོས་ཚོགས་ཀྱི་འགོ་ཁྲིད་ཚོ། ཨ་མི་རི་ཀའི་ཆབ་སྲིད་དང་དམག་གི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ཡུཀ་རེན་གྱི་དམག་དོན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གནས་དབྱུང་དང་སྲིད་འཛིན་ཛེ་ལན་སི་ཀི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་ནས་ཡུཀ་རེན་ལ་རྒྱབ་སྐྱོར་ཐོབ་ཐབས། ཡུཀ་རེན་གྱི་དམག་གིས་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཀ་ལི་ཤ་ཆི་ཡིབ་ཀ་གྲོང་ཚོ་བཅིངས་འགྲོལ་གཏོང་ཐུབ་ཡོད་པར་མ་ཟད། ཡུཀ་རེན་གྱི་དམག་གིས་རིམ་བཞིན་བྷག་མུ་ཏ་གྲོང་ཁྱེར་མཐའ་བསྐོར། ཤར་ཕྱོགས་སུ་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་འགོག་ར་གཏོར། ཨུ་རུ་སུའི་དམག་གིས་ཀུ་པི་ཡན་སི་ཀི་དང་ལི་མན་ཕྱོགས་ནས་ཚུར་རྒོལ་བྱ་རྒྱུ་མགོ་བརྩམས། ཉེ་ཆར་ཡུཀ་རེན་གྱི་དམག་གིས་ཨན་ཌི་རི་ཡེབ་ཀ་དང་ཀ་ལི་ཤ་ཆི་ཡིབ་གྲོང་ཚོ་གཉིས་ཕྱིར་ལེན་བྱས་ཏེ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་བྱུང་། ད་ལོའི་ཕྱི་ཟླ་༦་པའི་ནང་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱ་རྒྱུ་འགོ་བཙུགས་ནས་བཟུང་སྟེ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༤༠་ལྷག་ཕྱིར་ལེན་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༡༨་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མཱི་ལི་ལ་བཅར་འདྲི་ཞུས་པ་ལྟར་ན། ཨུ་རུ་སུས་བཙན་བཟུང་བྱེད་བཞིན་པའི་ཡུཀ་རེན་གྱི་ས་གནས་ཁག་ཏུ་དམག་མི་འབུམ་༢་ལྷག་བཀྲམ། ལོ་འདིའི་ཡུཀ་རེན་གྱི་ཕར་རྒོལ་ལ་སྔ་ལོ་ལྟར་གྲུབ་འབྲས་ཐོན་གྱི་མེད་ཀྱང་གོམ་སྟབས་རེ་རེ་བཞིན་ཕ་རྒོལ་བྱེད་ཀྱི་འདུག ང་ཚོས་ཡུཀ་རེན་གྱི་ཕར་རྒོལ་དེ་གྲུབ་འབྲས་མ་ཐོན་པ་ཞིག་ལ་བརྩི་མི་རུང་། ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་འགོག་ར་འགག་ཞིག་གཏོར་ཏེ་མདུན་སྐྱོད་བྱེད་ཀྱི་ཡོད་པ་དང་ད་དུང་ཡང་རྒྱལ་ཁ་མང་ཙམ་ལེན་ཐུབ་པའི་དུས་ཚོད་འདུག དགུན་གྱི་གནམ་གཤིས་ཇེ་གྲང་དུ་མ་ཕྱིན་གོང་དེར་ཡུཀ་རེན་ལ་ཕར་རྒོལ་གྱི་དུས་ཚོད་ཉི་མ་༣༠་ནས་༤༥་ཡས་མས་ཤིག་འདུག ཡུཀ་རེན་གྱི་ཕར་རྒོལ་དམིགས་ཡུལ་ཆ་ཚང་གྲུབ་ཀྱང་ཨུ་རུ་སུའི་དམག་དཔུང་ཡོད་དོ་ཅོག་མཐར་སྐྲོད་གཏོང་ཐུབ་རྒྱུ་ཤིན་ཏུ་དཀའ། ཨུ་རུ་སུའི་དམག་དཔུང་ཡོངས་སུ་མཐར་སྐྲོད་གཏོང་བར་དུས་ཡུན་རིང་ཙམ་འགོར་ས་རེད་ཅེས་བསྟན།།

ཕྱི་ཟླ་༩་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་གྱི་ཞོགས་པར་ཨུ་རུ་སུའི་ཁ་ལོ་བ་མེད་པའི་འཕུར་གྲུ་ཁག་གིས་ཡུཀ་རེན་གྱི་ནུབ་ཕྱོགས་སུ་ཆགས་པའི་ལེ་ཝི་གྲོང་ཁྱེར་གྱི་བཟོ་ལས་གོ་མཛོད་༣་ལ་གཏོར་རྒོལ་བྱས། མི་གཅིག་ལ་སྲོག་སྐྱོན་དང་མཛོད་ཁང་འགའ་ཞིག་མེར་འཚིགས། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཁར་སན་གྲོང་དུ་མེ་སྒྱོགས་འཕངས་ནས་ཉེན་རྟོག་པ་ཞིག་བསད་པ་དང་མི་གཞན་པ་གཉིས་རྨས། ལེ་ཝི་གྲོང་ཁྱེར་གྱི་སྤྱི་ཁྱབ་ས་ཌོ་ཝི་དབྱིས་ང་ཚོའི་གོ་མཛོད་དེ་དག་གི་ནང་དུ་སྒེའུ་ཁུང་དང་རྫས་སྦྱོར། མི་ཆོས་རིང་ལུགས་ཀྱི་མཁོ་ཆས་རྣམས་ཡོད། བཟོ་ལས་ཀྱི་གོ་མཛོད་དེ་དག་དམག་དོན་ལ་འབྲེལ་བ་མེད། ཨུ་རུ་སུས་ཁ་ལོ་བ་མེད་པའི་འཕུར་གྲུ་༡༨་བཏང་བའི་གྲས་ཀྱི་༡༥་བར་སྣང་དུ་གཏོར་ཐུབ་སོང་། འཕུར་གྲུ་༣་འགོག་མ་ཐུབ་པར་ལེ་ཝི་གྲོང་དུ་གཏོང་རྒོལ་ཕོག་སོང་ཟེར། ད་ནངས་ཞོགས་པར་ཨུ་རུ་སུས་ཁྱོན་བསྡོམས་འཕུར་གྲུ་༣༠་བཏང་ནས་ཡུཀ་རེན་ལ་གཏོར་རྒོལ་བྱས་ཀྱང་འཕུར་གྲུ་༢༧་བར་སྣང་དུ་གཏོར་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG