ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་༢་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་སྲིད། 


ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་དང་ལུ་ཧན་སིཀ་སྤྱི་མཐུན་ས་གནས།

༄༅།། ཨུ་རུ་སུའི་གྲོས་ཚོགས་འོག་མས་གྲོས་ཆོད་བཞག་སྟེ་སྲིད་འཛིན་ཕུ་ཊིན་ལ་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་དང་ལུ་ཧན་སིཀ་སྤྱི་མཐུན་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་དགོས་ཞེས་དབང་ཆ་སྤྲད། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འཐུས་རྒྱལ་ཁབ་བཅོ་ལྔའི་སྐུ་ཚབ་རྣམས་ཚོགས་འདུ་ཚོགས་ནས་ཡུཀ་རེན་ལ་བཙན་འཛུལ་འབྱུང་སྲིད་པའི་ཛ་དྲག་དེར་གྲོས་སྡུར་བྱ་འཆར་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཡུཀ་རེན་གྱི་རྒྱུན་བཞུགས་སྐུ་ཚབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འཐུས་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོར་སྙན་ཞུ་ཕུལ། ཁོང་གིས་ཨུ་རུ་སུའི་གྲོས་ཚོགས་འོག་མས་བཞག་པའི་གྲོས་ཆོད་དེས་ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་ཁ་གཏོར་གཏོང་གི་རེད། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པའི་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་སྲིད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀག་འགོག་བྱ་དགོས། ཨུ་རུ་སུའི་གཞུང་གིས་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱེད་ན་༢༠༡༥་ལོར་ཨུ་རུ་སུ་དང་ཡུཀ་རེན། གྱེན་ལོག་པའི་སྐུ་ཚབ་ཚོས་བྷེ་ལོ་རུ་སིའི་རྒྱལ་ས་མིན་སིཀ་གྲོང་ཁྱེར་དུ་བཞག་པའི་ཞི་བའི་གྲོས་མཐུན་དེ་རྩིས་མེད་འགྲོ་ངེས་རེད་ཅེས་ནན་སྐུལ་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ཡུཀ་རེན་གྱི་གནད་དོན་ལ་གྲོས་སྡུར་ཐེངས་བཅུ་གྲངས་ཤིག་བྱས་ཀྱང་ཨ་རི་དང་དབྱིན་ཇི། ཧྥ་རན་སི་དང་ཨུ་རུ་སུ། རྒྱ་ནག་བཅས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ལྔ་མོས་མཐུན་མེད་པར་ལས་དོན་གང་ཡང་ཐག་གཅོད་བྱེད་ཐུབ་ཀྱི་མེད་པ་རེད།།

ཡུཀ་རེན་དུ་གཟའ་ལྷག་པའི་ཉིན་རིང་ཚད་ལ་སྨི་༢༠༠ ཡོད་པའི་རྒྱལ་དར་འཁྱེར་ནས་རྡོག་རྩ་གཅིག་སྒྲིལ་ཉིན་མོ་སྲུང་བརྩི་བྱས། ༢༠༢༢།༢།༡༦
ཡུཀ་རེན་དུ་གཟའ་ལྷག་པའི་ཉིན་རིང་ཚད་ལ་སྨི་༢༠༠ ཡོད་པའི་རྒྱལ་དར་འཁྱེར་ནས་རྡོག་རྩ་གཅིག་སྒྲིལ་ཉིན་མོ་སྲུང་བརྩི་བྱས། ༢༠༢༢།༢།༡༦

༢༠༡༤་ལོ་ནས་ཨུ་རུ་སུའི་རྒྱབ་སྐྱོར་འོག་ཡུཀ་རེན་གྱི་གྱེན་ལོག་ས་གནས་གཉིས་ལོགས་སུ་ཐོན། ཌོ་ནེ་སིཀ་དང་ལུ་ཧན་སིཀ་སྤྱི་མཐུན་ས་གནས་གཉིས་ཀྱིས་མངའ་ཁུལ་དེ་དག་རང་བཙན་ཡིན་ཞེས་གསལ་བསྒྲགས་བྱས་ཀྱང་རྒྱལ་ཁབ་གཞན་པ་གཅིག་གིས་ཀྱང་ངོས་ལེན་མ་ཐོབ། ཡུཀ་རེན་གྱི་གཞུང་དམག་གིས་གྱེན་ལོག་པ་ཚོར་དྲག་གནོན་བྱས་ནས་དམག་འཁྲུག་བརྒྱབ། ད་ལྟའི་བར་དུ་ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་གཉིས་ཀྱི་མི་མང་ཅི་ཙམ་ལ་འཆི་སྐྱོན་བྱུང་མིན་གྲངས་འབོར་གསལ་པོ་ཞིག་མེད་ཀྱང་ཡུཀ་རེན་གྱི་གཞུང་༡༤༠༠༠་ལྷག་གི་ཚེ་སྲོག་ཤོར། ༢༠༡༥་ལོར་ཡུཀ་རེན་དང་ཨུ་རུ་སུ། ཡུཀ་རེན་གྱི་གྱེན་ལོག་པའི་སྐུ་ཚབ་ཚོས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་ཨུ་རུ་སུའི་གཞུང་གིས་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་དང་ཡུཀ་རེན་གྱིས་གྱེན་ལོག་པའི་ས་ཁུལ་གཉིས་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ། ཡུཀ་རེན་གྱི་གྱེན་ལོག་པ་ཚོས་ནང་འཁྲུག་སློང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་འཁོད། འདས་པའི་ལོ་༧་གྱི་རིང་དུ་གྲོས་མཐུན་དེ་ཕྱོགས་ཁག་ཚང་མས་ལག་ལེན་མ་བསྟར། ད་ལོའི་ཕྱི་ཟླ་༢་པའི་ཚེས་༡༥་ཉིན་ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་དམར་ཤོག་ཚོགས་པའི་འཐུས་མི་ཚོས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་གྱེན་ལོག་པའི་སྤྱི་མཐུན་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱ་དགོས་ཞེས་གྲོས་ཆོད་བཞག ཨུ་རུ་སུའི་གྲོས་ཚོགས་འོག་མས་གྲོས་ཆོད་མ་བཞག་གོང་དེར་གྲོས་ཚོགས་ཀྱི་ཚོགས་གཙོ་ཝོ་ལོ་ཌིན་གྱིས་དར་འཕྲིན་ནང་དུ་མེ་མདའ་བརྒྱབ་ནས་འཐབ་འཁྲུག་མུ་མཐུད་དུ་སློང་གི་འདུག མི་ལ་འཆི་སྐྱོན་ཡང་སྔར་བཞིན་འཕོག་གི་འདུག ང་ཚོས་ངེས་པར་དུ་ཐབས་ལམ་ཞིག་བཙལ་དགོས་ཞེས་འཕྲིན་ཐུང་ཞིག་སྤེལ་བ་མོ་སི་ཀོ་དུས་བབ་ཚགས་པར་འདྲེན་བཀོད་བྱས་འདུག ད་ལྟ་གྲོས་ཆོད་དེ་སྲིད་འཛིན་ཕུ་ཊིན་ལ་ཕུལ་ནས་ལག་ལེན་བསྟར་རྒྱུ་ཡིན་མིན་ཐག་གཅོད་བྱེད་དགོས་པ་རེད།།

ཨ་རིའི་ཁར་ཎི་གྷི་ལྟེ་གནས་ཀྱི་མོ་སི་ཀོའི་ཡན་ལག་ཁང་གི་ཉམས་ཞིབ་པ་སི་ཀོར་ཀིན་གྱིས་མོ་སི་ཀོ་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱ་རྒྱུ་ཁག་པོ་རེད། དེའི་རྒྱུ་མཚན་ནི་གྲོས་ཆོད་དེ་༢༠༡༥་ལོར་བཞག་པའི་མིན་སིཀ་ཞི་བའི་གྲོས་མཐུན་གྱི་དགོངས་དོན་ལ་རྒྱབ་འགལ་དུ་གྱུར་འདུག སྲིད་འཛིན་ཕུ་ཊིན་གྱིས་མོས་མཐུན་མ་བྱས་ན་གྲོས་ཚོགས་འོག་མའི་གྲོས་ཆོད་དེ་དོན་སྙིང་མེད་པར་འགྱུར་ཤས་ཆེ། ༢༠༡༥་ལོའི་གྲོས་མཐུན་དེ་ཨུ་རུ་སུ་དང་ཨུ་རུ་སུའི་ཕྱོགས་གཏོགས་གྱེན་ལོག་པ་ཚོར་ཁེ་ཕན་ཆེན་པོ་ཡོད་པ་དང་ཡུཀ་རེན་གྱི་གཞུང་ལ་ཁེ་ཕན་དེ་ཙམ་མེད་པ་ཞིག་རེད། ཡིན་ནའང་ཨུ་རུ་སུའི་གཞུང་ལ་དགོས་མཁོ་བྱུང་ན་མིན་སིཀ་ཞི་བའི་གྲོས་མཐུན་ཡང་བརྩི་མེད་གཏོང་ཆོག་ཅེས་ཡུཀ་རེན་ལ་སྡིགས་སྐུལ་གྱི་བརྡ་ཞིག་བཏང་བ་རེད། སྐད་ཆ་འདི་ཨུ་རུ་སུ་ལ་རྒྱལ་སྤྱིའི་ཐོག་ཏུ་དྲིལ་བསྒྲགས་བྱེད་པར་ལག་ཆ་ཡག་པོ་ཞིག་རེད་ཅེས་བསྟན། ཨུ་རུ་སུའི་གཞུང་གིས་ཌོན་བྷ་སི་མངའ་ཁུལ་གྱི་ས་གནས་གཉིས་ལ་རང་སྐྱོང་གི་ཐོབ་ཐང་ཆེན་པོ་ཐོབ། ས་གནས་དེ་དག་གིས་ཡུཀ་རེན་གྱི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ན་ཡུཀ་རེན་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ལྷག་པར་དུ་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་འགོག་ཐུབ་པའི་རེ་ལྟོས་འཆང་། ཉམས་ཞིབ་པ་ཚོས་ཨུ་རུ་སུའི་གྲོས་ཚོགས་ཀྱི་གྲོས་ཆོད་དེ་སྲིད་འཛིན་ཕུ་ཊིན་ལ་མིན་སིཀ་ཞི་བའི་གྲོས་མཐུན་སྔར་བཞིན་རྩ་འཛིན་བྱེད་འདོད་མེད་པའི་རྟགས་མཚན་རེད། ཨུ་རུ་སུའི་གཞུང་གིས་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པའི་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱས་རྗེས་ས་ཁུལ་དེ་དག་ལ་མང་མོས་འོས་བསྡུ་བྱེད་དུ་བཅུག་སྟེ་ཨུ་རུ་སུའི་མངའ་འོག་ཏུ་ཟླ་སྒྲིལ་བྱ་རྒྱུའི་ཉེན་ཁ་འདུག་ཅེས་བཀྲལ།།

༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་མི་ཡ་གླིང་ཟུར་བཙན་གྱིས་འཕྲོག མཐར་ས་གནས་དེའི་མི་དམངས་ལ་མང་མོས་འོས་བསྡུ་བྱེད་དུ་བཅུག་སྟེ་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས། ཁར་ཎི་གྷི་ལྟེ་གནས་ཀྱི་ཉམས་ཞིབ་པ་སི་ཀོར་ཀིན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། ཨུ་རུ་སུའི་མང་ཚོགས་གྲས་སུ་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པའི་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱ་རྒྱུ་དེར་སྤྱི་ཡོངས་ཀྱི་རྒྱབ་སྐྱོར་ཆེན་པོ་མེད་ཀྱང་མི་རིགས་རིང་ལུགས་པ་ཚོས་ཤུགས་སྣོན་རྒྱག་གི་འདུག ༢༠༢༡་ལོའི་ཕྱི་ཟླ་༤་པའི་བསམ་བསྡུ་ལེན་ཞིག་གི་སྐབས་སུ་ཨུ་རུ་སུའི་མི་རིགས་རིང་ལུགས་པ་ཕལ་ཆེ་བས་ཌོ་ནེ་སིཀ་དང་ལུ་ཧན་སིཀ་ས་གནས་གཉིས་རང་བཙན་རྒྱལ་ཁབ་ཡིན་པའི་ངོས་འཛིན་བྱེད་པའམ། ཡང་ན་སྤྱི་མཐུན་ས་གནས་དེ་དག་ཨུ་རུ་སུའི་མངའ་འོག་ཏུ་བསྡུ་དགོས་པའི་ལན་འབེབས་བྱས་ཤིང་། ཉེ་དུས་ཤིག་ནས་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་ཌོན་བྷ་སི་མངའ་ཁུལ་གྱི་འཁྲུག་རྩོད་ལ་ཐེ་ཇུས་བྱེད་འགོ་ཚུགས། ཁ་སྔོན་ཕྱི་ཟླ་༡༢་པའི་ནང་དུ་སྲིད་འཛིན་ཕུ་ཊིན་གྱིས་ཐད་ཀར་ཡུཀ་རེན་གྱི་གཞུང་དམག་གིས་མི་རིགས་གཙང་སེལ་བྱེད་ཀྱི་འདུག་ཅེས་ཚོར་ཤུགས་དྲག་པོས་ཌོན་བྷ་སི་མངའ་ཁུལ་གྱི་ཨུ་རུ་སུའི་མི་རིགས་ཀྱི་བདེ་སྡུག་གླེང་། ཟླ་བ་སྔོན་མར་ཨུ་རུ་སུ་གཅིག་གྱུར་ཚོགས་པའི་འགོ་ཁྲིད་ཨན་ཌི་རི་ཐུ་ཆཱག་གིས་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པ་ཚོར་མཚོན་ཆ་རོགས་རམ་སྤྲོད་དགོས་ཞེས་བཤད། དེང་སྐབས་ཨུ་རུ་སུའི་སྲིད་དོན་པ་ཚོས་ཡུཀ་རེན་གྱི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱ་དགོས་ཟེར་གྱི་ཡོད་མོད། འོན་ཀྱང་དོན་དངོས་སུ་ཌོན་བྷ་སི་མངའ་ཁུལ་གྱི་ས་ཆ་གསུམ་ཆའི་གཉིས་ཡུཀ་རེན་གྱི་གཞུང་དམག་གི་དབང་སྒྱུར་འོག་ཏུ་ཚུད་ནས་ལོགས་སུ་ཐོན་དཀའ། ཨུ་རུ་སུས་དམག་འཁྲུག་བརྒྱབ་ནས་བཙན་འཕྲོག་བྱས་ན་མ་གཏོགས་ཡུཀ་རེན་གྱིས་ཌོན་བྷ་སི་མངའ་ཁུལ་གྱི་ས་ཆ་མང་པོ་ཞིག་བློས་གཏོང་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

༢༠༡༩་ལོ་ནས་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་གྱེན་ལོག་ས་གནས་ཁག་གི་མི་དམངས་ལ་ཨུ་རུ་སུའི་སྤྱི་དམངས་ཀྱི་ཐོབ་ཐང་སྤྲད། དེར་བརྟེན་ཡུཀ་རེན་གྱི་དམག་གིས་གྱེན་ལོག་པའི་ས་གནས་ཁག་ལ་དཔུང་འཇུག་བྱས་ནས་དམག་འཁྲུག་བརྒྱབ་ན་ཨུ་རུ་སུས་རང་གི་སྤྱི་དམངས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཆོག་པའི་ལན་ཁག་དཀྲི་ས་ཤིག་རྙེད་ཐུབ། ཁར་ཎི་གྷི་ལྟེ་གནས་ཀྱི་ཉམས་ཞིབ་པ་སི་ཀོར་ཀིན་ཚུད་པའི་ཉམས་ཞིབ་པ་མང་ཆེས་བས་ཨུ་རུ་སུའི་གཞུང་གིས་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པའི་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱེད་ཚེ། ཨུ་རུ་སུ་དང་ཡུཀ་རེན་གྱི་འགལ་ཟླ་དེ་ནམ་ཡང་སེལ་ཐབས་མེད་པ་ཞིག་ལ་འགྱུར་རྒྱུ་དང་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་དམ་ཟབ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་སྲིད། དེར་བརྟེན་སྲིད་འཛིན་ཕུ་ཊིན་གྱི་ནང་འཁོར་སློབ་སྟོན་པ་ཁག་ཅིག་གིས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་ཌོན་བྷ་སི་མངའ་ཁུལ་གྱི་སྤྱི་མཐུན་ས་གནས་ཀྱི་རང་བཙན་ལ་ངོས་ལེན་བྱེད་ན་དགེ་མཚན་མེད་པའི་ལམ་སྟོན་བྱེད་སྲིད། དེས་ན་གྲོས་ཚོགས་ཀྱི་གྲོས་ཆོད་དེ་ནུས་མེད་དུ་འགྱུར་རྒྱུ་དང་ཨུ་རུ་སུའི་གྲོས་ཚོགས་ནི་དམངས་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ལྟར་དབང་ཚད་ཡོད་པ་ཞིག་མ་རེད་ཅེས་བཤད། ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཕུ་ཊིན་གྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་གྲོས་ཚོགས་ཀྱི་གྲོས་ཆོད་དེ་སྲིད་གཞུང་གི་ལག་ལེན་བསྟར་རྒྱུ་ཡིན་མིན་ངེས་གཏན་མེད། ང་ཚོས་གྲོས་ཆོད་དེ་ལག་ལེན་བསྟར་དགོས་མིན་གཞུང་འབྲེལ་གྱི་གྲོས་སྡུར་བྱས་མེད། ཡིན་ནའང་གྲོས་ཚོགས་འཐུས་མི་ཚོ་མི་དམངས་ཀྱི་འཐུས་མི་ཡིན་པས་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་མཚོན་ཐུབ། ཨུ་རུ་སུའི་གཞུང་གིས་ཌོན་བྷ་སི་མངའ་ཁུལ་ལ་ཞིབ་བདེ་བསྐྲུན་རྒྱུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG