ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱིས་ཨུ་རུ་སུའི་གསང་ཉུལ་རེད་ཟེར་བའི་བུད་མེད་༣་འཛིན་བཟུང་། 


 (Photo: The Security Service of Ukraine)
(Photo: The Security Service of Ukraine)

༄༅།། ཡུཀ་རེན་གྱི་བདེ་འཇགས་ལྷན་ཁང་གིས་ཨུ་རུ་སུས་བཙུགས་པའི་ལྐོག་ཡིབ་གསང་ཉུལ་བུད་མེད་གསུམ་གྱི་ཚོགས་པ་ཞིག་རྩད་གཅོད་ཐུབ་སོང་། བུད་མེད་དེ་དག་གིས་ཡུཀ་རེན་གྱི་དམག་དོན་གསང་བའི་གནས་ཚུལ་རྣམས་བསྡུ་རུབ་བྱས་ནས་ཨུ་རུ་སུའི་ཝ་གྷ་ནར་གླས་དམག་ཚོགས་པར་མཁོ་སྤྲོད་བྱེད་ཀྱི་འདུག་ཅེས་ཕྱིར་བསྒྲགས་བྱུང་ཞིང་། ཕྱི་ཟླ་༨་པའི་ཚེས་༨་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་བདེ་འཇགས་ལྷན་ཁང་གིས་བུད་མེད་དེ་རྣམས་ཌོ་ནེ་ཛིཀ་ས་གནས་ཀྱི་ཡུལ་མི་རེད། ཁོ་ཚོས་ཨུ་རུ་སུའི་བཙན་འཛུལ་དམག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཡུཀ་རེན་གྱིས་འཛིན་བཟུང་བྱས་པའི་བུད་མེད་དེ་རྣམས་པོག་རོབ་སི་ཀི་གྲོང་ཁྱེར་དུ་གནས་སྡོད་བྱས་ནས་ཡུཀ་རེན་གྱི་དམག་དཔུང་འགྲེམ་འཇོག་དང་དམག་གྲངས། མཚོན་ཆའི་གོ་མཛོད་སོགས་གང་དུ་ཡོད་མེད་རྣམས་རྩད་གཅོད་བྱས་ནས་དམག་དོན་གྱི་གསང་བའི་གནས་ཚུལ་དེ་རྣམས་ཨུ་རུ་སུར་མཁོ་སྤྲོད་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས།།

ཡུཀ་རེན་གྱི་ཞིབ་འཇུག་པ་ཚོས་གསང་ཉུལ་གྱི་ཚོགས་པ་དེའི་འགོ་ཁྲིད་ནི་དམག་འཁྲུག་གི་མགོ་སྟོད་ནས་ཨུ་རུ་སུར་སྤོར་ཟིན་འདུག ཁོ་མོས་ཐག་རིང་ནས་ལྐོག་ཡིབ་གསང་ཉུལ་ཚོགས་པ་དེར་བཀོད་འདོམས་བྱེད་ཀྱི་ཡོད་པ་དང་བུད་མེད་གསང་ཉུལ་བཞི་པོ་དམག་འཁྲུག་གི་སྔོན་དང་ཉེ་ཆར་གསར་དུ་ཨུ་རུ་སུས་བསྡུས་པ་ཞིག་རེད། བཙན་འཛུལ་བའི་བཀོད་འདོམས་ལྟར་བུད་མེད་རྒྱལ་ཚོང་བ་དེ་དག་གི་ལས་འགན་ཤུགས་ཆེ་བ་ནི་ཡུཀ་རེན་གྱི་འཐབ་འཛིང་གནམ་གྲུ་དང་ཐད་འཕུར་གནམ་གྲུ་རྣམས་གང་དུ་ཡོད་མེད། གནམ་གྲུའི་འཕུར་ལམ་བཅས་ཀྱི་གནས་ཚུལ་རྣམས་རྩད་གཅོད་བྱས་ཏེ་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་སོ་པ་དང་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོར་མཁོ་སྤྲོད་བྱས་འདུག དམག་འཁྲུག་གི་སྔ་རྗེས་སུ་ཨུ་རུ་སུས་བཙུགས་པའི་གསང་ཉུང་ཚོར་ད་གཟོད་ལས་འགན་བསྒྲུབ་དགོས་པའི་བཀའ་ཕབ། ཁོ་ཚོ་མངོན་ཆུང་བྱས་ནས་ཡུཀ་རེན་གྱི་དམག་སྒར་ཁག་གི་ཉེ་འགྲམ་དུ་སོང་སྟེ་འཐབ་འཁོར་དང་ལྕགས་ཁྲབ་འཁོར་ལོ་སོགས་འདྲ་པར་དང་བརྙན་ཐུང་ལེན་གྱི་འདུག་ཅེས་ནག་ཉེས་རྣམས་བགྲངས།།

ཨུ་རུ་སུའི་དམག་གིས་གསང་ཉུལ་ཚོས་བཏང་བའི་འདྲ་པ་དང་བརྙན་ཐུང་ལ་བལྟས་ནས་ཡུཀ་རེན་གྱི་དམག་སྒར་ཁག་དང་གོ་མཛོད། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་སྤྲད་པའི་མཚོན་ཆ་རྣམས་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་ཀྱི་ཡོད་ཅིང་། ཨུ་རུ་སུས་བཙུགས་པའི་ཡུཀ་རེན་གྱི་བུད་མེད་གསང་ཉུལ་དེ་དག་གིས་སྒེར་གྱི་བརྡ་འཕྲིན་བརྒྱུད་ལམ་བརྟན་པོ་ཞིག་གི་ནང་དུ་པར་དང་བརྙན་ཐུང་རྣམས་བཅུག་སྟེ་ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་གཉིས་ཀྱི་མི་མང་བརྒྱ་ཆ་༨༠་ལྷག་ཨུ་རུ་སུའི་མི་རིགས་ཡིན་ཞིང་། ༢༠༡༤་ལོ་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་གཉིས་སུའང་གྱེན་ལོག་དམག་འཁྲུག་བསླངས། སྔ་ལོ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཕུ་ཊིན་གྱིས་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་གཉིས་རང་བཙན་རེད་ཅེས་ངོས་ལེན་ཐོབ། ཕྱིས་སུ་ས་གནས་དེ་དག་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་པ་ཡིན་ཞེས་བཅའ་ཁྲིམས་ཤིག་ལ་མིང་རྟགས་བཀོད།།


ཕྱི་ཟླ་༨་པའི་ཚེས་༧་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་སྲིད་འཛིན་ཛེ་ལན་སི་ཀི་ལྐོག་གསོད་ཀྱི་ངན་ཇུས་ལ་འབྲེལ་བ་ཡོད་པའི་བུད་མེད་ཅིག་འཛིན་བཟུང་བྱས་འདུག བདུན་ཕྲག་སྔོན་མར་སྲིད་འཛིན་ཛེ་ལན་སི་ཀི་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཆགས་པའི་མཱི་ཀོ་ལ་ཡེབ་ས་གནས་སུ་རྟོག་ཞིབ་ཏུ་བསྐྱོད། བུད་མེད་དེས་སྲིད་འཛིན་ཛེ་ལན་སི་ཀི་ནམ་འབྱོར་གྱི་ཡོད་པ་དང་གང་དུ་འདུག་གི་ཡོད་མེད་རྣམས་རྩད་གཅོད་བྱས་ནས་ཨུ་རུ་སུར་བརྡ་གཏོང་རྒྱུའི་གྲབས་བཤམས། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་བུད་མེད་དེ་ཨོ་ཆག་ཀིབ་ས་གནས་ཀྱི་མི་ཞིག་རེད་ཟེར་བ་ལས་མིང་དང་ཆེད་ལས། དུས་ནམ་ཞིག་ནས་བུད་མེད་དེ་ཨུ་རུ་སུའི་གསང་ཉུལ་དུ་གྱུར་པ་ཡིན་མིན་རྣམས་གསལ་བཀྲོལ་མ་བྱུང་། བུད་མེད་དེ་ས་གནས་དེའི་ཡུཀ་རེན་གྱི་དམག་སྒར་ཁག་གི་འགྲམ་དུ་ཕྱིན་ནས་པར་དང་བརྙན་ཐུང་བླངས། ཁོ་མོའི་ངོ་ཤེས་སོགས་བརྒྱུད་ནས་གསང་བའི་གནས་ཚུལ་བསྡུ་ཐབས་བྱས་པའི་གནས་ཚུལ་ཐོན།།

ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་མ་ལི་ཡུག
ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་མ་ལི་ཡུག

ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་མ་ལི་ཡུག་གིས་གསར་འགོད་པ་ཚོར་ཨུ་རུ་སུས་བུད་མེད་དེས་སྤྲད་པའི་གསང་བའི་གནས་ཚུལ་ལ་གཞིགས་ནས་ས་གནས་དེར་འཕུར་མདེལ་བརྒྱབ་སྟེ་སྲིད་འཛིན་ཛེ་ལན་སི་ཀི་བཀྲོང་རྩིས་བྱས་པ་རེད། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་སྲིད་འཛིན་ཛེ་ལན་སི་ཀིའི་བདེ་འཇགས་སྲུང་དམ་དུ་བཏང་སྟེ་སྐུ་སྲུང་བ་ཁ་སྣོན་བཏང་ཡོད། ང་ཚོས་རྒྱལ་ཚོང་མ་དེས་བཙན་འཛུལ་བར་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་པ་དམར་འཇུས་བྱས་པ་ཡིན། ཡུཀ་རེན་གྱི་ནང་སོ་དང་ཕྱི་སོ་ལས་ཁུངས་གཉིས་ལ་ཨུ་རུ་སུ་ནས་འབྱོར་བའི་གནས་ཚུལ་ཁག་ལ་བལྟས་ཏེ་འཕྲལ་དུ་བཙན་འཛུལ་བའི་ཀུན་སློང་ཅི་ཡིན་ཞེས་རྟོགས་བྱུང་སོང་ཞེས་བསྒྲགས། སྲིད་འཛིན་ཛེ་ལན་སི་ཀིས་ང་ནི་དམག་སའི་གནས་སྟངས་རྒྱུས་ལོན་བྱེད་དུ་ཕྱིན་པ་ཡིན་ཞེས་ཨེག་སི་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁ་སྔོན་ཕྱི་ཟླ་༧་པའི་ཟླ་མཇུག་དེར་སྲིད་འཛིན་ཛེ་ལན་སི་ཀི་དམག་ས་ཁག་ཏུ་རྟོག་ཞིབ་ཏུ་བསྐྱོད་པའི་སྐབས་དེར་མཱི་ཀོ་ལ་ཡེབ་ས་གནས་སུ་བསླེབས།།

ཕྱི་ཟླ་༨་པའི་ཚེས་༧་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཨུ་རུ་སུའི་དམིགས་བསལ་འཕྲལ་སྒྲུབ་དམག་སྡེ་ཞིག་ལ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གསོད་དགོས་པའི་ལས་འགན་སྤྲད། སྔ་ལོའི་ཕྱི་ཟླ་༤་པའི་ནང་ཨུ་རུ་སུའི་དམིགས་བསལ་འཕྲལ་སྒྲུབ་དམག་མི་རྣམས་གནམ་གྲུའི་ནང་ནས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་དུ་འབབ་མཆོང་བྱས་ནས་སྲིད་འཛིན་ཛེ་ལན་སི་ཀི་དང་བཟའ་མི་རྣམས་གསོད་རྩིས་བྱས་ཤིང་། ནུབ་ཕྱོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་ཀྱང་ཕུ་ཊིན་གྱི་དམིགས་འབེན་གཙོ་བོ་ནི་ཡུཀ་རེན་གྱི་སྲིད་འཛིན་རེད། ཁོ་ཚོས་སྲིད་འཛིན་བསད་ནས་ཡུཀ་རེན་ལ་འགོ་ཁྲིད་མེད་པར་གཏོང་རྩིས་འདུག་ཅེས་བསྟན། ཕྱི་རྒྱལ་གྱི་གསང་བའི་ལས་ཁུངས་ཁག་གིས་སྲིད་འཛིན་ཛེ་ལན་སི་ཀིའི་ཚེ་སྲོག་ལ་ཉེན་ཁ་ཐེངས་གཉིས་གསུམ་ཞིག་འཕྲད་འདུག་ཟེར། ད་ལྟའི་བར་དུ་ཨུ་རུ་སུས་དམག་གིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གསོད་རྩིས་ཐེངས་བཅུ་གྲངས་ཤིག་བྱས་ཀྱང་ལམ་ལྷོངས་བྱུང་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ནང་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པས་སྲིད་འཛིན་ཛེ་ལན་སི་ཀིར་བཅར་འདྲི་ཞུས། ཁོང་གིས་ང་གསོད་རྒྱུ་དེ་ཨུ་རུ་སུའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད་ཤས་ཆེ། ངས་ཁྱོད་ལ་སྐད་ཆ་དྲང་པོར་བཤད་ཆོག ངས་རང་གི་ཚེ་སྲོག་བློས་བཏང་ཟིན། གལ་སྲིད་ངས་རྟག་ཏུ་རང་གི་བདེ་འཇགས་ལ་འཛེམ་དགོས་ན་ང་ཡང་ཕུ་ཊིན་ལྟར་སྐུང་ནས་འདུག་དགོས་ཀྱི་རེད། ཕུ་ཊིན་རང་གི་གབ་ཁང་དུ་འཛུལ་ནས་ཕྱི་ལ་བུད་ཐུབ་ཀྱི་མེད་པ་ལྟར་ང་ཡང་ནང་དུ་འཛུལ་དགོས། ང་སྐུང་ནས་བསྡད་ན་རྒྱལ་ཡོངས་སུ་ཅི་ཞིག་འབྱུང་གི་ཡོད་པ་ཤེས་རྟོགས་མི་ཐུབ་པ་དང་སྤྱི་ཚོགས་ལ་འབྲེལ་བ་ཆད། ང་སྤྱི་ཚོགས་ལ་འབྲེལ་བ་ཆད་ན་སྤྱི་ཚོགས་འཐོར་ཞིག་ཏུ་འགྲོ་རྒྱུ་ལྡོག་ཐབས་བྲལ། སྤྱི་ཚོགས་ཀྱིས་སྲིད་འཛིན་ལ་ཉེ་ཁ་ཡོད་པ་ཤེས་དགོས་པ་དང་སྲིད་འཛིན་མི་དམངས་ཀྱི་མཉམ་དུ་ཡོད་པ་ཤེས་དགོས། ང་ལ་སྲུང་སྐྱོབ་པ་ཡོད་པ་མི་དམངས་ཀྱིས་ཤེས་ཀྱི་ཡོད་པ་དང་ང་ནི་མི་དམངས་ཀྱི་ཕྱོགས་སུ་ལང་དགོས་ཀྱི་རེད། ང་གསོད་རྒྱུར་སྐྲག་ནས་ལྕགས་དྲྭའི་ནང་དུ་འཛུལ་ཏེ་འདུག་ཐུབ་ས་མ་རེད་ཅེས་ལན་བཏབ།།

ཕྱི་ཟླ་༨་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་བྱེ་འབུ་ཞེས་འབོད་པའི་དྲྭ་རྐུན་ཚོགས་པ་ཞིག་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་དྲྭ་རྒྱའི་ནང་དུ་སིམ་འཛུལ་བྱས་ནས་དམག་འཁྲུག་གི་འཐབ་ཇུས་དང་དམག་དོན་གྱི་གསང་བའི་ཡིག་ཆ་རྣམས་བརྐུ་ཐབས་བྱས་མོད། འོན་ཀྱང་ཡུཀ་རེན་གྱི་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་པ་ཚོས་ཨུ་རུ་སུའི་དྲྭ་རྐུན་བཀག་སྟེ་རྒྱལ་སྲུང་གི་གསང་བའི་ཡིག་ཆ་རྣམས་སྲུང་སྐྱོབ་ཐུབ། སྔ་ལོ་དམག་འཁྲུག་མགོ་བརྩམས་པའི་རྗེས་སུ་ཨུ་རུ་སུའི་དྲྭ་རྐུན་ཚོས་ཡུཀ་རེན་གྱི་སྲིད་གཞུང་དང་དམག རང་བྱུང་ནུས་པ་བཅས་ཀྱི་ལས་ཁུངས་ཁག་གི་གསང་བའི་ཡིག་ཆ་རྣམས་བརྐུ་ཐབས་བྱ་རྒྱུ་ཤུགས་ཆེ་རུ་སོང་། དེ་བཞིན་ཨུ་རུ་སུའི་གསང་བའི་གནས་ཚུལ་ཁག་ཀྱང་ཕྱི་ལ་ཤོར། ཨ་མི་རི་ཀ་དང་དབྱིན་ཇི་སོགས་ཀྱིས་ཟླ་བ་མང་པོའི་སྔོན་ནས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་འཆར་གཞི་ཡོད་པ་ཤེས་རྟོགས་བྱུང་། ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཇུས་ཉེས་ཚབས་ཆེན་འབྱུང་གི་ཡོད་པ་ཨུ་རུ་སུས་སྦས་གསང་མ་ཐུབ་པར་ཨ་མི་རི་ཀ་སོགས་ཀྱིས་ཤེས་རྟོགས་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG