ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུཀ་རེན་དང་ཨུ་རུ་སུའི་ཞི་བའི་གྲོས་མོལ་འཕྲོ་སྐྱོང་།


༄༅།། ཡུཀ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོས་ཏུར་ཀིའི་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་ཞི་བའི་གྲོས་མོལ་འཕྲོ་སྐྱོང་བྱས་ཀྱང་སྐུ་ཚབ་ཚོས་ཕན་ཚུལ་ལག་པ་བཏང་ནས་འཚམས་འདྲ་མ་ཞུས་ཤིང་། དེ་རིང་གཟའ་མིག་དམར་ཉིན་ཡུ་རོབ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་རྣམ་པ་ཚོ་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་ཞི་བའི་གྲོས་མོལ་ལ་ཕེབས་པར་དགའ་བསུ་ཡོད། ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀར་བློ་འཚབ་ཡོད་པ་ནི་རྒྱུ་མཚན་ལྡན་པ་ཞིག་རེད། ང་ཚོས་ཕྱོགས་གཉིས་ཀར་སྐྱོ་གར་འདི་མཇུག་བསྡུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། འཛམ་གླིང་ཡོངས་ཀྱིས་གྲོས་མོལ་འདིར་གྲུབ་འབྲས་ཤིག་ཐོན་རྒྱུའི་གཏམ་བཟང་ལ་སྒུག་ཡོད་པ་རེད། རྣམ་པ་ཚོས་གྲོས་མོལ་བྱས་ནས་མེ་འཕེན་མཚམས་འཇོག་དང་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཟུང་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་པའི་རྨང་གཞི་འཛུགས་དགོས་ཞེས་གྲོས་མོལ་མགོ་འཛུགས་སྐབས་སུ་གཏམ་བཤད་བྱས་འདུག ད་ཐེངས་ཀྱི་གྲོས་མོལ་ནི་ཨུ་རུ་སུར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཕམ་ཉེས་དང་བྱུས་ཉེས་བྱུང་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་དང་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་ལ་ཕར་རྒོལ་བྱས་ནས་ས་ཆ་ཕྱིར་ལེན་བྱེད་ཀྱི་ཡོད་པའི་སྐབས་སུ་བྱུང་། ཉམས་ཞིབ་པ་ཚོས་ཨི་སི་ཊན་བྷུལ་གྲོང་ཁྱེར་གྱི་གྲོས་མོལ་སྐབས་སུ་ཡུཀ་རེན་གྱི་སྐུ་ཚབ་ཚོས་དཔའ་སྟོབས་རྒྱས་པའི་གནས་སྟངས་ཤིག་གི་འོག་ཏུ་གྲོས་མོལ་བྱེད་ཐུབ་པ་དང་ཨུ་རུ་སུའི་སྐུ་ཚབ་ཚོས་སྔར་བཞིན་སྤོབས་པ་དང་ང་རྒྱལ་གྱི་སྒོ་ནས་གྲོས་མོལ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན།།

ཕྱི་ཟླ་༣་པའི་ཚེས་༢༩་ཉིན་དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོ་ཐུག་འཕྲད་གྲོས་མོལ་མ་བྱས་གོང་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཀྱང་ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀྱིས་མེ་འཕེན་མཚམས་འཇོག་དང་མི་ཆོས་རིང་ལུགས་ཀྱི་ལས་དོན་སྒྲུབ་ཏུ་འཇུག་དགོས་ཞེས་འབོད་ཞུས་འདུག ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་ཕྱོགས་གཉིས་ཀྱི་གྲོས་མོལ་སྔོན་མ་ཁག་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་མ་སོང་། གཟའ་མིག་དམར་ཉིན་གྱི་གྲོས་མོལ་ལའང་གྲུབ་འབྲས་ཤིག་ཐོན་ཐུབ་པའི་རེ་བ་ཆེན་པོ་ཞིག་མཐོང་གི་མི་འདུག་ཅེས་གྲོས་མོལ་དེར་རེ་ལྟོས་འཆང་གི་མེད་པའི་རྣམ་འགྱུར་ཞིག་བསྟན། འོན་ཀྱང་ཕུ་ཊིན་གྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་མི་དང་མི་ཐུག་ནས་གྲོས་མོལ་ཞིག་བྱེད་ཐུབ་ན་གྲོས་མོལ་དེ་ཤུགས་ཆེ་རུ་འགྲོ་ཐུབ་པའི་གོ་སྐབས་ཡོད་སྲིད་ཅེས་བཤད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཕུ་ཊིན་ལ་ཐུག་ནས་གྲོས་མོལ་བྱ་དགོས་ཞེས་གྲོས་གཞི་བཏོན་པ་དེར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱིས་མོས་མཐུན་མེད། ཡུཀ་རེན་དང་ཨུ་རུ་སུ་གཉིས་འགག་རྩའི་གནད་དོན་ཐོག་ཏུ་གྲོས་མཐུན་ཞིག་མ་བྱུང་བར་དུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཟུང་ཐུག་འཕྲད་བྱ་རྒྱུ་དེར་དགེ་མཚན་ཡོད་པ་ཞིག་མ་རེད་ཅེས་དགག་པ་བརྒྱབ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་དངོས་སུ་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་རྒྱུ་ཡིན་མིན་ནི་ཕུ་ཊིན་དང་ཛེ་ལན་སི་ཀིས་གཉིས་ཀྱིས་རང་གི་ལྟ་བ་དང་ལངས་ཕྱོགས་ཐོག་ཏུ་གུ་བཤངས་ཅི་ཙམ་བྱེད་ཐུབ་རྒྱུ་ཡིན་མིན། ལྷག་པར་དུ་ཕུ་ཊིན་གྱིས་ཡུཀ་རེན་ཟེར་བའི་རང་བཙན་རྒྱལ་ཁབ་ཅིག་ལོ་རྒྱུས་ཐོག་ཏུ་བྱུང་མྱོང་མེད། ཨུ་རུ་སུའི་དམག་གིས་སྲིད་འཛིན་ཛེ་ལན་སི་ཀི་མགོ་རྟིང་བསློགས་ནས་ཡུཀ་རེན་ལ་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུ་ཡིན་ཞེས་ངར་སྐད་སྒྲོགས་ཀྱི་ཡོད་པར་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་མིན་ལ་ཐུག་འདུག

རོ་ཡེ་ཊར་སི་གསརའགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་ཡུཀ་རེན་གྱི་སྐུ་ཚབ་ཚོས་རང་གི་བདག་དབང་ངམ། མངའ་ཁོངས་གོང་བུ་གཅིག་གྱུར་བློས་གཏོང་མ་དགོས་པར་ཨུ་རུ་སུའི་སྐུ་ཚབ་ཚོར་གྲོས་མོལ་བྱས་ནས་མེ་འཕེན་མཚམས་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལ་བྷས་ང་ཚོས་མི་དམངས་དང་ས་ཆ། བདག་དབང་རྣམས་བཙོང་མི་ཐུབ། ཆེ་ས་ནས་མེ་འཕེན་མཚམས་འཇོག་ཐུབ་པ་དང་ཆུང་ས་ནས་མི་ཆོས་རིང་ལུགས་ཀྱི་ལས་དོན་སྒྲུབ་ཐུབ་པ་འབྱུང་དགོས་ཞེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ཆ་རྐྱེན་བཏོན། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས་ནས་གུ་བཤངས་དང་དམག་འཁྲུག་མཚམས་འཇོག་བྱ་འདོད་ཡོད་པའི་རྟགས་མཚན་མི་འདུག་ཅེས་བཀྲལ། ཡུཀ་རེན་གྱི་ནང་སྲིད་ལྷན་ཁང་གི་སློབ་སྟོན་པ་ཌེ་ཎི་སན་ཀོས་ཀྱང་ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་ཐོན་རྒྱུའི་རེ་ལྟོས་འཆང་གི་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། གཟའ་ཟླ་བའི་དགོང་མོར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོ་འཚོ་གནས་ཡིན་པའི་མི་དམངས་ཀྱིས་དུས་ཡུན་ཅི་ཙམ་ལ་སྒུག་དགོས་སམ། ད་ལྟའི་བར་དུ་ཨུ་རུ་སུའི་དམག་གིས་མི་གསོད་ཁྲག་སྦྱོར་དང་གཏོར་བཅོམ་བྱས་པའི་ཉེས་པ་དེར་འཛམ་གླིང་རྒྱལ་ཁབ་ཁག་གིས་ཨུ་ཪུ་སུའི་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱེད་དགོས་པ་ཞིག་མིན་ནམ་ཞེས་དྲིས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་བཅད་ནས་ཨུ་རུ་སུར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་མོད། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ནང་འདྲེན་བྱ་རྒྱུ་མཚམས་འཇོག་ཐུབ་ཀྱི་མེད་པ་རེད།།

ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པ་འདིར་ཕྱོགས་ཡོངས་ནས་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་ཀྱང་ཨ་མི་རི་ཀ་དང་ཡུཀ་རེན་གཉིས་ཀས་དུས་ཡུན་བདུན་ཕྲག་གཉིས་ལྷག་གི་རྗེས་ཀྱི་གྲོས་མོལ་འདིར་གྲུབ་འབྲས་ཤིག་ཐོན་ཐུབ་རྒྱུའི་རེ་ལྟོས་འཆང་གི་མེད་པར་མ་ཟད། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་དམག་འཁྲུག་མགོ་བརྩམས་ནས་བཟུང་སྟེ་ཡུཀ་རེན་བ་ས་ཡ་༣་དང་འབུམ་༨་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་བྲོས། འདི་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས་སུ་ཡུ་རོབ་གླིང་ལ་བྱུང་མྱོང་མེད་པའི་དམག་འཁྲུག་ཅིག་ཏུ་གྱུར། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་མཚོ་ཁའི་གྲོང་ཁྱེར་མ་རི་ཨུ་པུལ་མཐའ་བསྐོར། མ་རི་ཨུ་པུལ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་མི་༡༦༠༠༠༠་ཡས་མས་ཤིག་ཕྱི་ལ་མ་ཐར་པར་ལུས་ཡོད། བྱིས་པ་༢༡༠་ཚུད་པའི་མི་༥༠༠༠་ལྷག་བསད་སོང་། ཕྲུ་གུ་མར་འབྱར་རྣམས་གཙོས་བྱིས་པ་ཚོར་བཟའ་བཏུང་མེད་པ་དང་བུད་མེད་སྦྲུམ་མ་ཚོས་ས་འོག་ཏུ་ཕྲུ་གུ་བཙའ་དགོས་ཐུག་གི་འདུག བུ་བཙའི་སྨན་ཁང་རྣམས་གཏོར་བཤིག་བཏང་ནས་ཤུལ་མེད་དུ་བཏང་སོང་། མི་རྒན་པ་དང་རྨས་མ་སོགས་ལ་སྨན་དང་དགོས་ངེས་ཀྱི་མཐུན་རྐྱེན་མེད་པར་འཆི་བཞིན་འདུག ས་སྟོང་ཡོད་ཚད་ལ་མིའི་ཕུང་པོ་དུར་འཇུག་བྱེད་ཀྱི་འདུག་ཅེས་བཤད་ཀྱང་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་དེར་ངེས་གཏན་བྱེད་མ་ཐུབ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་གྲོང་ཁྱེར་ཆེ་ཁག་ཨང་གཉིས་པ་ཁར་ཀིབ་མཐའ་བསྐོར་ནས་གྲོང་ཁྱེར་དེར་སྨན་དང་བཟའ་ཆས་སོགས་སྐྱེལ་འདྲེན་བྱེད་མ་ཐུབ་པར་འགགས། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་གྲོང་ཁྱེར་ཁག་གི་རྨང་གཞིའི་འཛུགས་སྐྲུན་ཡོད་དོ་ཅོག་གཏོར་བཤིག་བཏང་སྟེ་ཐལ་བའི་རྡུལ་དུ་གཏོང་གི་འདུག་ཅེས་བཤད།།

གཟའ་མིག་དམར་ཉིན་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་སྒུལ་མི་ཚུགས་ཞེས་བཤད་སྲོལ་ཞིག་ཡོད་པ་ཡུཀ་རེན་གྱི་དམག་གིས་བདེན་པ་མིན་པ་བསྒྲུབས་ཡོད། ང་ཚོས་འཛམ་གླིང་འདིའི་དམག་གི་སྟོབས་ཤུགས་བླ་ན་མེད་པའི་རྒྱལ་ཁབ་ཅིག་གི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས་ཕ་རོལ་པོའི་འཐབ་ཇུས་ལ་འགྱུར་བ་གཏོང་དུ་འཇུག་ཐུབ་ཡོད། ཨུ་རུ་སུའི་དམག་གིས་མེ་སྒྱོགས་དང་འཕུར་མདེལ་བརྒྱབ་ནས་བྱིས་པ་༤་ཚུད་པའི་མི་༡༠༠་ཐམ་པ་བསད་སོང་། ཁང་པ་ཐོག་བརྩེགས་༨༢་ཅན་ཞིག་གཏོར་བཤིག་བཏང་སོང་ཞེས་བཤད་ཀྱང་གྲངས་འབོར་དེ་ངོ་མ་ཡིན་མིན་ངེས་གཏན་བྱེད་ཐབས་བྲལ། བདུན་ཕྲག་སྔོན་མར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ས་ཐོག་ཏུ་དམིགས་བསལ་གྱི་དམག་དོན་ལས་འགན་ཞིག་སྒྲུབ་ཀྱི་ཡོད་པ་གྲུབ་སོང་། ད་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ཤར་ཕྱོགས་ཀྱི་ཁ་བྲལ་གྱེན་ལོག་པའི་ས་ཁུལ་ཁག་ལ་སྲུང་སྐྱོབ་སྲ་བརྟན་བྱ་རྒྱུ་ཡིན་ཞེས་འཐབ་ཇུས་ལ་འགྱུར་བ་བཏང་ཞིང་། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་གིས་རྒྱལ་ས་ཀིབ་མཐའ་བསྐོར་ཐབས་བྱ་རྒྱུ་མཚམས་འཇོག་གི་མི་འདུག་ཅེས་བཤད། ཕྱི་ཟླ་༣་པའི་ཚེས་༡༠་ཉིན་གྱི་གྲོས་མོལ་སྐབས་སུ་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨུ་རུ་སུས་མེ་འཕེན་མཚམས་འཇོག་བྱ་དགོས་ཞེས་ནན་གྱིས་བསྐུལ། སྐབས་དེར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་ཝ་རོབ་ཀྱིས་མེ་འཕེན་མཚམས་འཇོག་གྲོས་གཞིའི་ཁོངས་སུ་འདུས་མེད་ཅེས་དགག་པ་བརྒྱབ། ད་ལྟ་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་མིན། ཡུཀ་རེན་རྡུལ་ཕྲན་མཚོན་ཆ་མེད་པའི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་གནས་ཆོག ཡུཀ་རེན་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས། ༢༠༡༤་ལོར་ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་ཁེ་རི་མི་ཡ་གླིང་ཟུར་དང་ཡུཀ་རེན་ཤར་ཕྱོགས་ཀྱི་ཁ་བྲལ་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད་པའི་ས་གནས་ཁག་གི་བདག་དབང་ལ་གུ་བཤངས་གཏན་ནས་བྱེད་མི་ཐུབ་ཅེས་ལངས་ཕྱོགས་མཁྲེགས་པོ་བཟུང་འདུག

XS
SM
MD
LG