ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༠༨

རྒྱ་ནག་གིས་ནད་ཡམས་སྐོར་སྦ་གསང་བྱས་མིན་གསལ་བཤད་བྱ་དགོས།


༄༅།། ཕྱི་ཟླ་༥་པའི་ཚེས་༤་ཉིན་དབྱིན་ཇིའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་གནས་ཚུལ་རྣམས་སྦ་གསང་བྱས་མིན་གསལ་བཤད་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཡིན་ནའང་ཨི་མི་རི་ཀ་ཚུད་པའི་རྒྱལ་ཁབ་ལྔའི་མཉམ་འབྲེལ་གསང་བའི་ལས་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པ་རེད་ཅེས་སྐྱོན་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་པར་དབྱིན་ཇི་གཞུང་གིས་གླེང་སློང་ཅི་ཡང་བྱས་མེད་ཅིང་། ཉེ་དུས་ཤིག་ནས་ཨ་མི་རི་ཀས་རྒྱ་ནག་གཞུང་གིས་བསམ་བཞིན་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རུ་བཅུག་པ་རེད་ཅེས་སྐྱོན་འཛུགས་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། ཁ་སང་གཟའ་ཉི་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་པོམ་ཕིའོ་ཡིས་ཏོག་དབྱིབས་ནད་དུག་རྒྱ་ནག་གི་ཚོད་ལྟ་ཁང་ཞིག་ནས་ཕྱི་ལ་ཁྱབ་པའི་དཔང་རྟགས་འདུག་ཅེས་བཤད།

ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་འདི་འགྲོ་བ་མིས་རྫས་སྦྱོར་བྱས་ནས་བཟོས་པ་ཞིག་མིན་པའི་མཐའ་སྡོམ་བརྒྱབ། ད་སྔ་ཨ་མི་རི་ཀའི་གཞུང་གིས་ཏོག་དབྱིབས་ནད་དུག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ཚོད་ལྟ་ཁང་ཞིག་ནས་ཕྱི་ལ་ཁྱབ་པའི་དཔང་རྟགས་གང་ཡང་བསྟན་མེད་པ་དང་རྒྱ་ནག་གཞུང་གིས་དེ་ལ་ངོས་ལེན་གཏན་ནས་བྱེད་ཀྱི་མེད། འོན་ཀྱང་མིག་ལྔ་ཞེས་པའི་མཉམ་འབྲེལ་གསང་བའི་ལས་ཁང་སྟེཨ་རི་དང་ཨོ་གླིང་རྒྱལ་ཁབཁེ་ན་ཌ། ནེའུ་ཛི་ལན་ཌི་དང་དབྱིན་ཇི་བཅས་རྒྱལ་ཁབ་ལྔའི་མཉམ་འབྲེལ་གསང་བའི་ལས་ཁང་གིས་ཞིབ་འཇུག་སྙན་ཐོ་ཤོག་གྲངས་༡༥་ཅན་ཞིག་བཏོན་ཡོད་པ་དེར་འཁོ་ཡོད་པ་ལྟར་ན། ད་ལོའི་ཏོག་དབྱིབས་ནད་དུག་གིས་མི་འབུམ་ཕྲག་མང་པོར་འཆི་སྐྱོན་དང་མི་ས་ཡ་མང་པོར་ནད་མནར་བྱུང་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པར་འབྲེལ་བ་ཡོད་པའི་དཔང་རྟགས་རྣམས་བཀག་པའམ། ཡང་ན་དཔང་རྟགས་ཡོད་ཚད་རྩ་མེད་བཏང་ཟིན་འདུག་ཅེས་བཀོད་ཡོད་པ་ཨོ་གླིང་རྒྱལ་ཁབ་ཀྱི་ཊི་ལི་གྷ་རབ་ཚགས་པར་གྱི་ལུང་འདྲེན་བྱས་འདུག

དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེ་བྷན་ཝ་ལེ་སིས་ང་ལ་ཉིན་ལྟར་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་དབྱིན་ཇིའི་གསང་བའི་ལས་ཁང་གི་ཚིག་ཐོ་འབྱོར་བཞིན་ཡོད། ངས་ཚིག་ཐོ་བྱེ་བྲག་པ་རེར་འགྲེལ་བཤད་རྒྱག་རྒྱུ་མིནངས་ཅི་ཞིག་མིག་གིས་མཐོང་བ་དང་ཅི་ཞིག་མིག་གིས་མ་མཐོང་བ་རྣམས་ཕྱི་ལ་བསྒྲགས་ན་མ་འགྲིག་པ་རེད་ཅེས་བཤད། ཁོང་ལ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་འཛམ་གླིང་ཡོངས་ལ་འཕྲལ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་འདུག་ཅེས་བརྡ་བཏང་ཡོད་མེད་དོགས་གཅོད་བྱ་རྒྱུ་འདུག་གམ་ཞེས་དྲིས། དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེས་ངའི་སེམས་པར་དེ་ལ་དོགས་གཅོད་བྱ་རྒྱུ་འདུག རྒྱ་ནག་གཞུང་གིས་ངེས་པར་དུ་སྦ་གསང་མེད་པ་དང་ཕྱི་གསལ་ནང་གསལ་བྱ་དགོས་ཀྱི་འདུག ཁོ་ཚོ་རིམས་ནད་སྔོན་འགོག་ལ་འཐུས་ཤོར་ཅི་ཙམ་ཕྱིན་པ་དང་གྲུབ་འབྲས་ཅི་ཙམ་ཐོན་ཡོད་མེད་རྣམས་གསལ་དགྲོལ་བྱ་དགོས་ཀྱི་འདུག་ཅེས་ལན་བཏབ།།

ནུབ་ཕྱོགས་ཀྱི་གསང་བའི་ལས་ཁང་ཞིག་གི་ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གཞུང་གིས་རང་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་རྣམས་ཕྱི་གསལ་ནང་གསལ་བྱས་ནས་རྒྱལ་སྤྱིའི་ཐོག་ལ་ཕྱིར་བསྒྲགས་བྱས་མེད་པའི་ལྟ་ཚུལ་གཅིག་མཚུངས་ཤིག་འཛིན་གྱི་འདུག་ཅེས་གླེང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་ནད་དུག་རྒྱ་ནག་གི་ཚོད་ལྟ་ཁང་ཞིག་ནས་ཕྱི་ལ་ཁྱབ་ཡོད་པའི་གདེང་ཚོད་ཆེན་པོ་ཡོད་ཅེས་བཤད་ཡོད་པར་མ་ཟད། ཁོང་ལ་སྔ་ཉིན་དེར་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་བཅར་འདྲི་ཞུས་བའི་སྐབས་སུའང་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཏང་བ་དེའི་མཇུག་འབྲས་ཅི་ཞིག་མྱོང་དགོས་མིན་གྱི་ལས་ཐབས་ཁག་ལ་བསམ་ཞིབ་བྱེད་ཀྱི་ཡོད་ཅེས་བཤད་འདུག དེའི་སྔོན་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་པ་ཚོར་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཏང་ནས་ཨ་རིའི་དཔལ་འབྱོར་དང་ཚོང་ལས་ལ་གྱོང་གུད་ཆེན་པོ་ཐེབས་སོང་། ཨ་མི་རི་ཀས་རྒྱ་ནག་ལ་དངུལ་སྒོར་བུ་ལོན་ཆད་པ་ཡོད་པ་ཁག་ཅིག་མ་འཇལ་བར་གྱོང་གསབ་ལ་ལེན་སྲིད་ཅེས་སྡིགས་ར་བསྐུལ་ཡོད་པ་རེད།།

ཨོ་གླིང་རྒྱལ་ཁབ་ཀྱི་ཊེ་ལི་གྷ་རབ་ཚགས་པར་ལ་རྒྱལ་ཁབ་ལྔ་མཉམ་འབྲེལ་གྱི་གསང་བའི་ལས་ཁང་གི་ཡིག་ཆའི་ནང་དུ་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་པ་སྦ་གསང་བྱས་པ་དང་གསར་འགོད་པ་རྣམས་ཁ་བཀག་པ། སྨན་པ་སོགས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཚོད་ལྟ་ཁང་གི་དཔང་རྟགས་རྣམས་མེད་པར་བཏང་བཚོད་ལྟ་ཁང་དུ་ནད་དུག་གི་དཔེ་མཚོན་ཉར་ཡོད་པ་རྣམས་མེད་པར་བཏང་བ་དང་སྲོག་ཆགས་གསོན་ཚོང་ཁྲོམ་ར་ཁག་ལརྫས་འགྱུར་འདག་རྫས་བརྒྱབ་ནས་གཙང་ཁྲུས་བྱས་སོང་། རྒྱ་ནག་གིས་རྒྱལ་སྤྱིའི་ཚན་རིག་པ་ཚོར་ནད་རྟགས་གསོན་པོའི་དཔེ་མཚོན་སྤྲད་ནས་སྨན་ཁབ་བཟོ་རུ་མ་བཅུག་པར་རྒྱལ་ཁབ་གཞན་གྱི་མི་དམངས་རྣམས་ཉེན་ཁའི་གནས་སུ་བསྐྱལ་སོང་ཞེས་བཀོད་ཡོད་པ་ལུང་འདྲེན་བྱས་འདུག རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་སྦ་གསང་གཏན་ནས་བྱས་མེད། ཨ་རིའི་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྔོན་འགོག་བྱས་མ་ཐུབ་པ་དང་རིམས་ནད་སྔོན་འགོག་གི་ལས་དོན་ལ་འཐུས་ཤོར་བཏང་བའི་སྐྱོན་བརྗོད་ཕོག་བཞིན་འདུག དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཉེས་སྐྱོན་རྣམས་འགོག་ཐབས་སུ་རྒྱ་ནག་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་གྲངས་འབོར་མང་ཤོས་ནི་ཨ་མི་རི་ཀ་རེད་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG