ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇིས་བཟོས་པའི་འགོག་ཁབ་དེར་ཆོག་མཆན་འགོད་འཆར་ཡོད་པ། 


དབྱིན་ཡུལ་གྱི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་དང་ཨོཀ་སི་ཧྥོར་ཌི་སློབ་ཆེན་གཉིས་ཀྱིས་མཉམ་དུ་བཟོས་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ།

༄༅།། དབྱིན་ཡུལ་གྱི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་དང་ཨོཀ་སི་ཧྥོར་ཌི་སློབ་ཆེན་གཉིས་ཀྱིས་མཉམ་དུ་བཟོས་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་གསར་པ་དེར་ཆོག་མཆན་འགོད་རྒྱུ་ཡིན་ཞིང་། དབྱིན་ཇིའི་འགོག་ཁབ་དེ་ལའང་ཧྥེ་ཛར་དང་མོ་ཌེར་ནའི་འགོག་ཁབ་ལྟར་ཕན་ནུས་འདྲ་མཚུངས་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༡༢་པའི་ཚེས་༢༧་ཉིན་དབྱིན་ཇིའི་གཟའ་ཉི་མའི་དུས་བབ་ཚགས་པར་གྱི་གསར་འགོད་པས་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་བཅར་འདྲི་ཞུས་པ་ལྟར་ན། དབྱིན་ཇིའི་སྨན་སྦྱོར་བཟོ་ཚོང་ཁང་དེའི་འགོག་ཁབ་ཀྱང་ཚད་ལྡན་ཞིག་ཡིན་པ་དང་འགོག་ཁབ་གཞན་གཉིས་པ་དང་འདྲ་མཚུངས་ཀྱི་ཕན་ནུས་ཡོད། མི་ལ་འགོག་ཁབ་དེ་ཐེངས་གཉིས་རེ་རྒྱག་དགོས་པའང་གཅིག་མཚུངས་ཡིན། གལ་སྲིད་དབྱིན་ཇིའི་གཞུང་གིས་ཆོག་མཆན་བཀོད་ན་ང་ཚོའི་འགོག་ཁབ་དེ་འཛམ་གླིང་འདིར་ཐོན་ཟིན་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་ཨང་ལྔ་པ་དེར་འགྱུར་རྒྱུ་རེད། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཀྱང་འགོག་ཁབ་རེ་བཟོས་འདུག བདུན་ཕྲག་འདིར་དབྱིན་ཇིའི་གཞུང་གིས་ང་ཚོའི་འགོག་ཁབ་ལ་ཆོག་མཆན་འགོད་རྒྱུའི་རེ་བ་ཡོད། ཐོག་མའི་ཚོད་ལྟའི་སྐབས་སུ་ང་ཚོའི་འགོག་ཁབ་འདིར་ཕན་ནུས་བརྒྱ་ཆ་༧༠་ལྷག་ཐོན་སོང་། ང་ཚོས་རྒྱལ་སྤྱིའི་ཚད་གཞི་ལོངས་པ་དང་དབྱིན་གཞུང་གིས་ཆོག་མཆན་འགོད་དགོས་པའི་འགོག་ཁབ་ཅིག་བཟོས་ཡོད། འགོག་ཁབ་བཟོ་སྟངས་དང་ཚོད་ལྟ་རིམ་པ་ཁག་གསུམ་བརྒྱུད་པའི་ཞིབ་ཕྲའི་ཡིག་ཆ་རྣམས་མང་ཚོགས་ལ་ཕྱིར་བསྒྲགས་མ་བྱས་གོང་དེར་གནས་ཚུལ་ཞིབ་ཕྲ་ཞིག་བཤད་ཐུབ་ཀྱི་མི་འདུག་ཅེས་བསྒྲགས། གསར་འགོད་པས་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་ཁྱེད་ཚོའི་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་ཀྱིས་ཉེ་དུས་ཤིག་ནས་དབྱིན་ཡུལ་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གསར་པ་དེ་སྔོན་འགོག་ཐུབ་བམ་ཞེས་དྲིས། ཁོ་པས་ང་ཚོའི་འགོག་ཁབ་ཀྱིས་ནད་དུག་གསར་པའང་སྔོན་འགོག་བྱེད་ཐུབ་པའི་ཕན་ནུས་འཐོན་རྒྱུ་རེད་སྙམ། ཡིན་ནའང་ང་ཚོས་བརྒྱ་ཆ་བརྒྱ་ཆ་ཐམ་པ་ཁག་ཐེག་བྱེད་མི་ཐུབ། ནད་དུག་གསར་པ་དེ་འགོས་པའི་ནད་པ་ཚོར་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱ་དགོས་ཞེས་བཤད་འདུག

དབྱིན་ཇིའི་གཞུང་གིས་ཨེ་སི་ཊ་ར་ཛེ་ན་ཁ་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེའི་ཚོད་ལྟ་རིམ་པ་གསུམ་གྱི་གྲུབ་འབྲས་དང་ཞིབ་ཕྲའི་ཡིག་ཆ་ཁག་གི་གཞི་གྲངས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་། བདུན་ཕྲག་འདིའི་གཟའ་ཕུར་བུ་ཡས་མས་སུ་དབྱིན་གཞུང་གིས་འགོག་ཁབ་དེ་མི་མང་ལ་རྒྱག་ཆོག་པའི་ཆོག་མཆན་འགོད་རྒྱུའི་རྟགས་མཚན་འདུག ཕྱི་ཟླ་དང་པོའི་བདུན་ཕྲག་དང་པོ་ནས་དབྱིན་ཇིས་བཟོས་པའི་འགོག་ཁབ་དེ་མི་མང་ལ་རྒྱག་འགོ་ཚུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག་ཅེས་གསར་འགྱུར་ལས་ཁང་འགའ་ཞིག་གིས་གནས་ཚུལ་སྤེལ། དེང་སྐབས་དབྱིན་ཡུལ་དུ་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་གདལ་ཕྱིན་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་སྟེ། དབྱིན་ཇིའི་གཞུང་འབྲེལ་མི་སྣ་ཚོས་ཏོག་དབྱིབས་ནད་དུག་གསར་པ་དེ་འགོ་སླ་བ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་དེ་ལས་ལྷག་པའི་ཚབས་ཆེན་ཞིག་མ་རེད་ཟེར། དབྱིན་ཇིའི་སྲིད་བློན་ཇཱོན་སན་གྱིས་རང་ཡུལ་ལ་ཏོག་དབྱིབས་ནད་དུག་གསར་པ་དེ་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་འདུག སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དང་ཕྱི་ལོ་གསར་པའི་གུང་སེང་སྐབས་སུ་མི་ཚོགས་འདུ་འཛོམ་དང་དགའ་སྟོན་གྱི་རིགས་ལ་འཛེམ་ཟོན་བྱ་དགོས། མི་མང་ས་ཡ་མང་པོ་འགྲིམ་འགྲུལ་བྱ་འཆར་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་ནན་གྱིས་བསྐུལ། ད་ལྟའི་བར་དུ་དབྱིན་ཡུལ་དུ་མི་གྲངས་༢༤༠༠༠༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་གསར་རྙིང་གཉིས་ཀ་འགོས། གྲངས་འབོར་འདིས་དབྱིན་ཇིའི་མི་འབོར་བརྒྱ་ཆ་༤༣་ཙམ་ཟིན་ཡོད་པས་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཇེ་མང་དུ་བཏང་སྟེ་སྨན་དང་བཟའ་བཅའི་རིགས་བཙོང་ས་མ་གཏོགས་ཚོང་ཁང་གཞན་རྣམས་སྒོ་བརྒྱབ། ཟ་ཁང་དང་ཆང་ཁང་སོགས་ཀྱི་ནང་དུ་མི་ཚོགས་འདུ་མི་ཆོག་པ་དང་ཟས་རིགས་རྣམས་ཁྱིམ་ཚང་ཁག་གི་སྒོ་རྩར་སྐྱེལ་འདྲེན་གྱི་ཚོང་ལས་ཁོ་ན་གཉེར་དགོས་པའི་ཁྲིམས་བསྡམས།།

ད་སྔ་དབྱིན་ཡུལ་དུ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གཅིག་པུ་བརྒྱབ། ཉམས་ཞིབ་པ་ཁག་ཅིག་གིས་ཨེ་སི་ཊ་ར་ཛེ་ན་ཁ་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་ཧྥེ་ཛར་དང་མོ་ཌེར་ན་གཉིས་ཀྱིས་བཟོས་པའི་འགོག་ཁབ་ལྟར་ཕན་ནུས་འདྲ་མཚུངས་ཡོད་མེད་ལ་དོགས་བསླངས། ཡིན་ནའང་ཕྱི་ཟླ་༡༢་པའི་ཚེས་༢༧་གཅིག་པུར་དབྱིན་ཡུལ་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༠༥༠༡་ཐོན་པ་དང་མི་༣༡༦་ལ་འཆི་སྐྱོན་བྱུང་། ཁ་སང་བར་དུ་དབྱིན་ཡུལ་ལ་ཏོག་དབྱིབས་ནད་དུག་གིས་མི་༧༠༧༥༢་ལ་འཆི་སྐྱོན་བྱུང་སྟེ་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་དབྱིན་ཡུལ་ལ་འགྲིམ་འགྲུལ་བཀག དབྱིན་ཇི་བ་ཚོར་ཕར་འགྲོ་ཚུར་ཡོང་བྱེད་ཐུབ་ཀྱི་མེད་པས་དབྱིན་ཇིའི་གཞུང་གིས་འགོག་ཁབ་གསར་པ་དེར་ཆོག་མཆན་འགོད་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར། དབྱིན་ཡུལ་གྱི་སྨན་ཁང་ཕལ་མོ་ཆེར་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་མ་འདང་བར་སྨན་པ་དང་སྨན་ཞབས་པའི་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཚོར་སྦྱོང་བརྡར་གྱི་ཞོར་དུ་སྨན་ཁང་ཁག་ཏུ་ཛ་དྲག་གི་གནས་སུ་ལྷུང་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་ལྟ་རྟོག་བྱ་དགོས་པའི་འབོད་སྐུལ་ཞུས། དབྱིན་ཡུལ་གྱི་སྨན་ཁང་ཁག་དང་གཞུང་འབྲེལ་མི་སྣ་ཚོས་འཕྲལ་དུ་མི་མང་ལ་འགོག་ཁབ་བརྒྱབ་ནས་ནད་དུག་སྔོན་འགོག་བྱེད་མ་ཐུབ་ཚེ། དབྱིན་ཡུལ་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་འགོག་མི་ཐུབ་པ་ཞིག་ལ་འགྱུར་སྲིད་པའི་ཉེན་ཁ་ཆེ་ཞེས་སྔོན་བརྡ་བཏང་འདུག ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་ཨེ་སི་ཊ་ར་ཛེ་ན་ཁ་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་གསར་པའི་ཞིབ་འཇུག་གི་གཞི་གྲངས་དང་ཚོད་ལྟ་རིམ་པ་གསུམ་གྱི་གྲུབ་འབྲས་རྣམས་དབྱིན་གཞུང་ལ་ཕུལ། དེ་ནས་དབྱིན་ཇིའི་སྨན་རིགས་དོ་དམ་ལས་ཁུངས་ཀྱི་མཁས་པ་ཚོས་གཞི་གྲངས་དེར་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས།།

ཨ་མི་རི་ཀའི་ཇཱོན་སི་ཧོཀ་ཀིན་སི་སློབ་གྲྭ་ཆེན་མོས་འཛམ་གླིང་ཀུན་གྱི་ནད་པའི་གྲངས་འབོར་དང་མི་ལ་འཆི་སྐྱོན་བྱུང་བའི་གཞི་གྲངས་ལྟར་ན། འདས་པའི་ལོ་གཅིག་གི་རིང་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་མི་༡༧༠༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་། འཛམ་གླིང་ཡོངས་སུ་མི་༨༠༧༠༠༠༠༠་ལྷག་ལ་ནད་དུག་འགོས། ཨ་མི་རི་ཀ་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་༡༩༠༠༠༠༠༠་ལྷག་བྱུང་ཡོད་པ་དང་མི་༣༣༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་། ཁ་སང་གཟའ་ཉི་མ་ནས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་འགོག་ཁབ་རྒྱག་འགོ་ཚུགས། རྒྱལ་ཁབ་༢༧་གྱི་མཉམ་འབྲེལ་སྒྲིག་འཛུགས་དེར་མི་འབོར་དུང་ཕྱུར་༤་དང་ཕྱེད་ཀ་ལྷག་ཡོད་པ་དེར་འགོག་ཐབས་བརྒྱབ་ནས་ནད་དུག་སྔོན་འགོག་བྱ་རྒྱུའི་ཐབས་སུ་བརྩོན། ཨི་ཊ་ལིའི་གཞུང་གིས་རྒྱལ་ཁབ་དེའི་སྨན་པ་དང་སྨན་ཞབས་པ་ཚོར་འགོག་ཁབ་སྔོན་ལ་བརྒྱབ། ཨི་ཏ་ལིའི་སྨན་ཞབས་པ་ཞིག་དང་སྨན་ཞབས་པ་ཞིག སློབ་ཆེན་ཞིག་གི་སློབ་དཔོན་ཞིག་བཅས་མི་གསུམ་ནི་རྒྱལ་ཁབ་དེའི་འགོག་ཁབ་རྒྱག་ཡུལ་ཨང་དང་པོར་གྱུར། ཁོ་ཚོས་དེ་རིང་གི་ཉིན་མོ་འདི་ནི་ཨི་ཊ་ལི་ཏོག་དབྱིབས་རིམས་ནད་ལས་ཐར་རྒྱུ་མགོ་བརྩམས་པའི་ཉིན་མོ་དེ་རེད་ཅེས་རྟེན་འབྲེལ་བརྟགས། ༢༠༢༠་ལོར་ཏོག་དབྱིབས་ནད་དུག་ཁྱབ་ནས་ཨི་ཊ་ལི་ཡུལ་ལུང་དེར་ཡུ་རོབ་རྒྱལ་ཁབ་ཀུན་གྱི་གྲས་སུ་མི་ལ་འཆི་སྐྱོན་དང་ནད་མནར་གྱི་དཀའ་ངལ་ཚབས་ཆེ་ཤོས་འཕྲད། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལས་ཀྱང་རང་ལ་འགོག་ཁབ་རྒྱག་ཏུ་བཅུག་སྟེ་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ལ་དོགས་ཟོན་བྱ་མི་དགོས་ཞེས་མི་མང་ལ་མིག་དཔེ་བསྟན། ཡིན་ནའང་ཧྥ་རན་སི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་དུས་ཡུན་ཟླ་བ་༨་ཀྱི་ནང་དུ་བཟོས་པའི་འགོག་ཁབ་ཅིག་མི་ལ་བརྒྱབ་ན་ཉེན་ཁ་ཡོད་མེད་དོགས་པ་བྱེད་ཀྱི་ཡོད་ཅིང་། སྤྱིར་འགོག་ཁབ་གསར་པ་ཞིག་བཟོ་བར་ཉུང་མཐར་ཡང་ལོ་༥་ནས་ལོ་༡༥་ཡས་མས་རེ་འགོར་གྱི་ཡོད་པ་རེད།།

ཨ་མི་རི་ཀའི་ཧྥེ་ཛར་དང་མོ་ཌེར་ན། དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་གསུམ་གྱིས་བཟོས་པའི་འགོག་ཁབ་རྣམས་ཚད་ལྡན་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་འཛམ་གླིང་ཀུན་ལ་འདང་ངེས་ཀྱི་འགོག་ཁབ་ཅིག་སྨན་སྦྱོར་བཟོ་ཚོང་ཁང་དེ་དག་གིས་བཟོ་དཀའ། དེས་ན་ཨེ་ཤི་ཡ་དང་ལྷོ་ཨ་མི་རི་ཀ ཨ་ཧྥི་རི་ཀ་སོགས་ཀྱི་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་བཟོས་པའི་འགོག་ཁབ་རྒྱག་དགོས་ཐུག་འདུག ཨུ་རུ་སུས་བཟོ་པའི་འགོག་ཁབ་དང་རྒྱ་ནག་གིས་བཟོས་པའི་འགོག་ཁབ་གཉིས་ཚད་ལྡན་ཡིན་མིན་ལ་དོགས་པ་ཆེ། ཨུ་རུ་སུའི་འགོག་ཁབ་དེ་རྒྱལ་ས་མོ་སི་ཀོར་མི་འབོར་ས་ཡ་༧་ཡོད་པ་དེ་དག་ལ་བརྒྱབ་ནས་ནད་དུག་སྔོན་འགོག་བྱ་རྒྱུའི་འབད་བརྩོན་བྱས་ཀྱང་མི་༡༥༠༠༠་ལྷག་གིས་མ་གཏོགས་འགོག་ཁབ་མ་བརྒྱབ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ན་ཇཱི་རི་ཡའི་གཞུང་གིས་ཨུ་རུ་སུས་བཟོས་པའི་འགོག་ཁབ་དེར་ཚོད་ལྟ་བྱ་རྒྱུའི་མོས་མཐུན་བྱུང་། ཐོག་མར་ཨུ་རུ་སུའི་གཞུང་གིས་རང་གི་འགོག་ཁབ་དེ་རྒྱ་གར་ལ་སྤྲད་ནས་ཚོད་ལྟ་བྱ་དགོས་པའི་གྲོས་གཞི་བཏོན་ཡང་རྒྱ་གར་གཞུང་གིས་མོས་མཐུན་མ་བྱས་ཤིང་། རྒྱ་ནག་གི་འགོག་ཁབ་དེ་ལྷོ་ཤར་ཨེ་ཤི་ཡ་དང་ལྷོ་ཨེ་ཤི་ཡ། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་འགའ་ཞིག་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་རེ་ཟུང་ཞིག་གིས་མངགས་ཉོ་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་རང་གི་མི་དམངས་ལ་རྒྱལ་ནང་གི་འགོག་ཁབ་རྒྱག་པའམ། ཡང་ན་ཕྱི་རྒྱལ་གྱི་འགོག་ཁབ་རྒྱག་དགོས་པའི་གདམ་ཀ་སྤྲད་འདུག ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་ནད་པ་ཚོར་རྒྱ་ནག་གི་འགོག་ཁབ་བརྒྱབ་ནས་ཚོད་ལྟ་རིམ་པ་གསུམ་བྱས་པའི་གྲུབ་འབྲས་ལྟར་ཚེ། རྒྱ་ནག་གི་འགོག་ཁབ་དེར་ཏོག་དབྱིབས་ནད་དུག་འགོག་བཅོས་ཐུབ་པའི་ཕན་ནུས་བརྒྱ་ཆ་༥༠་ལས་མ་ཐོན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་ཕན་ནུས་ཆེ་བའི་ཚད་ལྡན་གྱི་འགོག་ཁབ་རྣམས་འབྱོར་ལྡན་རྒྱལ་ཁབ་ཁག་གིས་མངགས་ཉོ་ཟིན་པས་དབུལ་ཕོངས་རྒྱལ་ཁབ་ཁག་ལ་དུས་ཐོག་ཏུ་ཚད་ལྡན་གྱི་འགོག་ཁབ་རྣམས་འཐོབ་རྒྱུ་མིན་པའི་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG