ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་མི་རི་ཀས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་མྱུར་དུ་སྤྲོད་འཆར། 


༄༅།། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་རྒྱལ་སྲུང་ལྷན་ཁང་ལ་ཨུ་རུ་སུར་ཁ་གཏད་གཅོག་པར་ཡུཀ་རེན་ལ་མཚོན་ཆ་སོགས་རོགས་རམ་ཅི་ཞིག་སྤྲོད་དགོས་པ་རྣམས་མྱུར་དུ་སྤྲོད་ཅེས་ནན་གྱིས་བསྐུལ། ཕྱི་ཟླ་༣་པའི་ཚེས་༢༢་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐོག་མར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་དམག་ལ་ཨེབ་རམ་སི་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུ་དང་ཡུཀ་རེན་གྱི་དམག་གིས་ཨ་རིའི་འཐབ་འཁོར་དེ་རྣམས་བཀོལ་སྤྱོད་བྱེད་ཤེས་པ་ཞིག་ཏུ་འགྱུར་བར་ཉུང་མཐའ་ཡང་ལོ་༢་ཡས་མས་ཤིག་ལ་སྦྱོང་བརྡར་སྤྲད་ནས་འགོར་ས་རེད་ཅེས་གསལ་བསྒྲགས་སྤེལ། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ལོ་འདིའི་སྟོན་ཁ་ཡས་མས་སུ་ཡུཀ་རེན་ལ་ཨེབ་རམ་སི་ལྕགས་ཁྲབ་འཁོར་ལོ་རྣམས་འཕྲོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྒྲགས། ད་ལོའི་ཕྱི་ཟླ་དང་པོའི་ནང་ཡུ་རོབ་རྒྱལ་ཁབ་འཇར་མན་གཞུང་གིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུའི་མོས་མཐུན་བྱས་ནས་བཟུང་། ཡུཀ་རེན་གྱིས་ཨ་མི་རི་ཀས་ཀྱང་ལྕགས་ཁྲབ་འཁོར་ལོ་སྤྲོད་དགོས་ཞེས་གནོན་ཤུགས་ཆེན་པོ་སྤྲད། དེར་བརྟེན་སྲིད་འཛིན་བྷ་ཌན་གྱིས་ཡུཀ་རེན་ལ་ཨ་མི་རི་ཀའི་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུའི་མོས་མཐུན་བྱ་དགོས་བྱུང་ཞིང་། གྲོས་ཚོགས་འཐུས་མི་ཚོས་ཨ་རིའི་དམག་གི་གོ་མཛོད་ཁག་ཏུ་ཡོད་པའི་ལྕགས་ཁྲབ་འཁོར་ལོ་རྣམས་ཡུཀ་རེན་ལ་སྤྲོད་ཅེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཕེ་ཊི་རིཀ་རེ་ཌར།
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཕེ་ཊི་རིཀ་རེ་ཌར།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཕེ་ཊི་རིཀ་རེ་ཌར་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུའི་ཁས་ལེན་བྱས་པའི་སྐབས་དེར་M1A2་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ཡར་ཐོན་ཅན་རྣམས་སྤྲོད་རྒྱུའི་ཁས་ལེན་བྱས་མོད། འོན་ཀྱང་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་དགོས་མཁོ་ཤིན་ཏུ་ཆེ་བས་ཨ་རིའི་དམག་གི་གོ་མཛོད་ཁག་ཏུ་ཡོད་པའི་M1A1་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་རྙིང་གྲས་རྣམས་སྤྲོད་འཆར་ཡོད། འདི་ནི་ཡུཀ་རེན་གྱི་དམག་ལ་གང་མགྱོགས་ལྕགས་ཁྲབ་འཁོར་ལོ་རྣམས་འཕྲོད་ཐུབ་པའི་ཐབས་ལམ་འབའ་ཞིག་ཡིན་ཞེས་བསྟན། མགྲིན་ཚབ་པ་ཕེ་ཊི་རིཀ་རེ་ཌར་གྱིས་ཨ་རིའི་ལྕགས་ཁྲབ་འཁོར་ལོ་རྙིང་པ་དེ་རྣམས་དམག་གི་གོ་མཛོད་གང་ནས་ལེན་གྱི་ཡོད་མེད་གསལ་བཀྲོལ་མ་བྱུང་། ཉམས་ཞིབ་པ་ཚོས་ཨ་རིའི་ཨོ་ཧ་ཡོ་མངའ་སྡེའི་ལི་མ་ས་གནས་སུ་དབུས་གཞུང་གི་མཚོན་ཆའི་གོ་མཛོད་ཅིག་ཡོད་པ་དེའི་ནང་དུ་ལྕགས་ཁྲབ་འཁོར་དེ་རྣམས་ཉར་འཇོག་བྱས་ཡོད་པའི་གནས་ཚུལ་སྤེལ། ཨ་མི་རི་ཀ་དང་ནུབ་ཆིངས་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་གིས་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་དོགས་པ་ཆེ་རུ་སོང་།།

ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་མིག་སྔར་རྒྱ་ནག་གིས་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པའི་དཔང་རྟགས་གང་ཡང་རྙེད་མ་བྱུང་། ཨུ་རུ་སུས་རྒྱ་ནག་ལ་མཚོན་ཆ་རོགས་རམ་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་པའི་རྟགས་མཚན་ཁག་ཅིག་མཐོང་གི་འདུག་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས། རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཡུ་རོབ་གླིང་དུ་ཨུ་རུ་སུས་དམག་འཁྲུག་ཆེན་པོ་ཞིག་སློང་རྒྱུ་ཡིན་མིན། ཨ་མི་རི་ཀས་ཨུ་རུ་སུར་ཁ་གཏད་གཅོག་པར་ཡུ་རོབ་ཀྱི་དམག་འཁྲུག་ལ་ཞུགས་དགོས་འབྱུང་སྲིད་མིན་བསྐྱར་ཞིབ་བྱོས། ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨུ་རུ་སུའི་དམག་མི་འབུམ་༢་ཡས་མས་ཤིག་བསད་རྨས་བྱུང་ཡོད་པས་ཕུ་ཊིན་གྱི་དུས་ཡུན་ཅི་ཙམ་ལ་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་སོགས་དྲིས། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་འདས་པའི་ལོ་དེར་ཡུཀ་རེན་གྱི་དམག་གིས་རྒོལ་ལན་དྲག་པོ་བསློགས་ནས་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཆེན་པོ་བྱུང་འདུག་ཅེས་གྲོས་ཚོགས་གོང་མའི་འཐུས་མི་དེ་དག་གི་དྲི་བར་འཕྲིན་ཡིག་གི་ལམ་ནས་ལན་བཏབ།།

ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་དམག་དོན་བཟོ་ལས་ལ་ཉམས་ཆག་ཆེན་པོ་བྱུང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ལས་སྣེ་ཚོས་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཚབས་ཆེན་འབྱུང་གི་ཡོད་པ་དང་ཨུ་རུ་སུའི་མཚོན་ཆ་རྣམས་དུས་རབས་སྔོན་མའི་ལོ་རབས་༦༠་པ་དང་༧༠་པའི་ནང་གི་མཚོན་ཆ་རེད། ཨུ་རུ་སུའི་དམག་དཔུང་ནི་༢༠༢༡་གི་དུས་སྐབས་ཀྱི་དམག་དཔུང་དེ་མིན་པ་དང་ཡུཀ་རེན་ལ་བཙན་འཛུལ་མ་བྱུང་སྔོན་གྱི་དམག་གི་སྟོབས་ཤུགས་དེ་སླར་གསོ་བྱེད་ཐུབ་རྒྱུའི་རྟགས་མཚན་མི་འདུག ཨ་མི་རི་ཀས་ཡུཀ་རེན་གྱི་དམག་ལ་མཚོན་ཆ་རོགས་རམ་འཕར་མ་དང་ཡར་ཐོན་མཚོན་ཆ་རྣམས་སྤྲོད་དགོས་ཀྱི་མི་འདུག་ཅེས་རྒྱུ་མཚན་བགྲངས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱལ་སྲུང་ལྷན་ཁང་གིས་༢༠༢༦་ཕན་ཆད་ལ་བསམ་བློ་མ་བཏང་བར་ཨ་མི་རི་ཀས་སྐབས་ཐོག་གི་གནས་སྟངས་ལ་གཞིགས་ནས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་དགོས་ཞེས་ནན་བརྗོད་བྱས་ཤིང་། ད་ལོའི་ཕྱི་ཟླ་༢་པའི་ནང་ཨ་རིའི་དམག་དོན་དྲུང་ཆེ་ཝོར་མུ་ཐེས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་མང་པོས་ཨེབ་རམ་སི་ལྕགས་ཁྲབ་འཁོར་ལོ་ཉོ་རྒྱུའི་གན་རྒྱ་བཞག་ཡོད་པ་རེད། གལ་སྲིད་ཨ་མི་རི་ཀས་གན་རྒྱའི་འབྲུ་དོན་ལྟར་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨེབ་རམ་སི་ལྕགས་ཁྲབ་འཁོར་ལོ་མ་བཙོངས་པར་ཡུཀ་རེན་ལ་སྤྲད་ན་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བར་འགལ་ཟླ་འབྱུང་སྲིད་ཅེས་བཀྲལ།།

ཕྱི་ཟླ་༣་པའི་ཚེས་༢༠་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་པོ་ལན་ཌི་དང་སི་ལ་ཝ་ཀི་ཡ་གཉིས་ཀྱིས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་ཡུཀ་རེན་གྱིས་དགོས་ཟེར་གྱི་ཡོད་པའི་དེང་རབས་ཅན་གྱི་ཡར་ཐོན་དམག་འཐབ་གནམ་གྲུ་མིན་ཞིང་། པོ་ལན་ཌིའི་གནམ་དམག་ལ་ཨུ་རུ་སུ་དམར་ཤོག་གི་དུས་སུ་བཟོས་པའི་MiG-29་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་ཡུཀ་རེན་ལ་སྤྲོད་ཆོག འཐབ་འཛིང་གནམ་གྲུ་༤་བཀོལ་སྤྲོད་བྱེད་ཆོག་ཆོག་ཡིན་པས་འཕྲལ་དུ་སྤྲོད་རྒྱུ་ཡིན། དུས་ཡུན་ཟླ་བ་༡་ཡས་མས་ཀྱི་ནང་ཚུད་དུ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་གིས་ཀྱང་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་སྤྲོད་ཐུབ་པའི་རེ་བ་ཡོད་ཅེས་གསལ་བསྒྲགས་སྤེལ། དེ་བཞིན་སི་ལ་ཝ་ཀི་ཡའི་གནམ་དམག་ལའང་ཨུ་རུ་སུ་དམར་ཤོག་གི་དུས་སུ་བཟོས་པའི་MiG-29་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༣་ཡོད་པ་རྣམས་ཡུཀ་རེན་ལ་སྤྲོད་ཆོག སྲིད་བློན་ཧི་ཇཱེར་གྱིས་ང་ཚོ་ལོ་རྒྱུས་ཀྱི་དྲང་ཕྱོགས་སུ་ལངས་རྒྱུ་ཡིན། ཁས་ལེན་བྱས་པ་རྣམས་དོན་ཐོག་ཏུ་འབབ་དགོས། ང་ཚོས་པོ་ལན་ཌི་དང་ཡུཀ་རེན་ལ་མཉམ་འབྲེལ་དམ་ཟབ་བྱས་ནས་འཐབ་འཛིང་གནམ་གྲུ་རྣམས་སྤྲོད་ལེན་བྱེད་ཀྱི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

ཨུ་རུ་སུའི་གཞུང་གིས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་འགས་ཡུཀ་རེན་ལ་དམག་འཐབ་གནམ་གྲུ་སྤྲོད་ཀྱི་ཡོད་པར་འཕྲད་དུ་ངོ་རྒོལ་བྱས་འདུག ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་འཐབ་འཛིང་གནམ་གྲུ་དེ་དག་གིས་དམག་འཁྲུག་གི་ཁ་ཕྱོགས་བསྒྱུར་མི་ཐུབ། ཡིན་ནའང་གནམ་གྲུ་སྤྲད་ནས་ཡུཀ་རེན་དང་དེའི་མི་དམངས་རྣམས་སྡུག་ལ་སྦྱོར་རྒྱུ་ཚབས་ཆེ་རུ་གཏོང་ངེས་རེད། རྒྱལ་ཁབ་ཁག་ཅིག་གིས་ཡུཀ་རེན་ལ་གནམ་གྲུ་སྤྲད་ནས་དམག་འཁྲུག་ལ་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག གནམ་གྲུ་དེ་ཚོ་དམག་སར་ལས་སླ་པོར་གཏོང་ཐུབ་ཅེས་བཤད། ན་ནིང་ཕྱི་ཟླ་༢་པའི་ནང་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་ལ་ཨུ་རུ་སུའི་MiG-29་རྟགས་ཅན་དང་Su-27་རྟགས་ཅན་གྱི་དམག་འཐབ་གནམ་གྲུ་༡༢༠་ཡས་མས་ཤིག་ལས་མེད་ཅིང་། ཡུཀ་རེན་གྱིས་ཨ་མི་རི་ཀའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་དགོས་ཟེར་གྱི་ཡོད་ཀྱང་ཨ་རིའི་གནམ་གྲུ་སྤྲོད་རྒྱུ་དེར་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་མོས་མཐུན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༢་པའི་ནང་དབྱིན་ཇིའི་གཞུང་གིས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཨུ་རུ་སུ་དམར་ཤོག་གིས་དུས་སུ་བཟོས་པའི་MiG-29་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཡོད་པ་རྣམས་ཡུཀ་རེན་ལ་སྤྲོད་ཚེ། རྒྱལ་ཁབ་དེ་ཚོར་ཨ་མི་རི་ཀས་བཟོས་པའི་འཐབ་འཛིང་གནམ་གྲུ་སྦྱིན་ཚབ་སྤྲོད་དགོས་པའི་གྲོས་གཞི་བཏོན། ཨ་རིའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཕྱི་ཟླ་༣་པའི་ཚེས་༡༦་ཉིན་བདག་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་འཐབ་གནམ་གྲུ་སྤྲོད་རྒྱུ་ཡིན་མིན་ནི་རྒྱལ་ཁབ་དེ་དག་གི་ཐག་གཅོད་རེད། ད་སྔ་ཨ་མི་རི་ཀས་ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲོད་འཆར་མེད་པའི་འཆར་གཞི་དེར་འགྱུར་བ་མེད་ཅེས་སྨྲས། ཉམས་ཞིབ་པ་ཚོས་ཨ་མི་རི་ཀས་སྔ་གཞུག་མ་གཏོགས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་སྤྲོད་དགོས་ཐུག་གི་རེད། ཨུ་རུ་སུར་ཐད་ཀར་འཁྲུག་རྩོད་མི་སློང་བ་དང་དམག་འཁྲུག་གི་ཛ་དྲག་ཆེ་རུ་མི་གཏོང་བའི་ཆེད་དུ་ཨ་མི་རི་ཀས་ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུ་ངང་འཐེན་བྱེད་ཀྱི་ཡོད་པ་རེད་ཅེས་གླེང་།།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་གཞུང་གིས་ཨ་མི་རི་ཀར་ཨེབ་རམ་སི་ལྕགས་ཁྲབ་འཁོར་ལོ་སྤྲོད་དགོས་པའི་འབོད་སྐུལ་ཞུས་པར་མ་ཟད། ཨ་རིའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཡང་སྤྲོད་དགོས་པའི་རེ་བ་བཏོན། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་དམག་ལ་ཨ་མི་རི་ཀའི་དམག་གི་གནམ་གྲུ་བཀོལ་སྤྱོད་བྱེད་པའི་དམག་སྦྱོང་དང་ཉམས་མྱོང་མེད་པ་བཅས་ཀྱིས་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུ་དེར་ཕན་ཐོགས་མེད་པའི་ཐག་བཅད། ཡུཀ་རེན་གྱིས་ཨ་རིའི་དམག་གི་གནམ་གྲུ་དེ་ཚོར་བདག་གཅེས་ཡག་པོ་བྱེད་མི་ཐུབ་པ་དང་ཨུ་རུ་སུས་འཕུར་མདེལ་འཕངས་ནས་གཏོར་རྒྱུའི་ཉེན་ཁ་ཡང་ཆེ། ད་ལྟ་འཇར་མན་གྱི་གཟིག་གཅིག་དང་གཟིག་གཉིས་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ཡོད་པའི་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་འཇར་མན་གྱི་ལྕགས་ཁྲབ་འཁོར་ལོ་སྤྲད། ཨུ་རུ་སུའི་གནམ་གྲུ་རྙིང་པ་ཡོད་པའི་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་རོགས་རམ་སྤྲོད་ཀྱི་ཡོད་པས་ཨ་མི་རི་ཀས་ཡུཀ་རེན་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲོད་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG