ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་རྒྱ་ནག་གི་རས་ཆ་ནང་འདྲེན་བྱ་རྒྱུ་འགོག་འཆར།


༄༅།། དེང་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་ཕྱོགས་གང་ཐད་དུ་ཡག་པོ་མེད་པ་དང་ཚོང་ལས་བཀག་སྡོམ། ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས་ཞེས་གླེང་སློང་ཤུགས་ཆེན་འབྱུང་བཞིན་པའི་སྐབས་འདིར་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དོན་དུ་ཞིན་ཅང་གི་སྲིན་བལ་ལམ། ཡང་ན་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་འདེབས་ལས་བྱེད་དུ་བཅུག་པའི་སྲིན་བལ་གྱི་ཐོན་སྐྱེད་རས་ཆ་སོགས་ཨ་མི་རི་ཀར་ནང་འདྲེན་བྱེད་ཀྱི་ཡོད་པ་འགོག་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་མང་དག་ཅིག་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་རས་ཆ་མང་པོ་ཞིག་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་བྱས་ནས་སྲིན་བལ་འདེབས་ལས་བྱེད་དུ་འཇུག་གི་ཡོད་པ་དང་བཙོན་པ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཡིན་ཞིང་། གལ་སྲིད་ཨ་རིའི་གཞུང་གིས་རྒྱ་ནག་ནས་རས་ཆ་ནང་འདྲེན་བྱེད་ཀྱི་ཡོད་པ་དངོས་སུ་བཀག་ཚེ། ཨ་མི་རི་ཀས་གྱོན་གོས་བཟོ་ཚོང་ལས་ཁང་ཁག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་ཉག་ཅིག་ཏུ་གྱུར། ཨ་མི་རི་ཀའི་རས་ཆས་དགོས་མཁོ་བརྒྱ་ཆ་༣༠་ཡས་མས་ཤིག་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་སྲིན་བལ་ཐོན་སྐྱེད་བརྒྱ་ཆ་༨༠་ལྷག་ཞིན་ཅང་གི་ས་གནས་ཁག་ཏུ་འདེབས་ལས་བྱེད་ཀྱི་ཡོད་པ་རེད།།

ཕྱི་ཟླ་༩་པའི་ཚེས་༧་ཉིན་མིང་འདོན་མ་བྱས་པའི་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་གསར་འགོད་པ་ཚོར་རྒྱ་ནག་ནས་རས་ཆ་ནང་འདྲེན་བྱེད་ཀྱི་ཡོད་པ་འགོག་དགོས་པའི་གྲོས་སྡུར་བྱེད་བཞིན་པའི་སྒང་རེད། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཞིན་ཅང་གི་སྲིན་བལ་གྱི་ཐོན་སྐྱེད་རྣམས་འགོག་དགོས་པའི་མཐའ་མའི་ཐག་གཅོད་ཆ་ཚང་ཞིག་བྱས་མ་སོང་། གལ་སྲིད་ཨ་རིའི་གཞུང་གིས་ཞིན་ཅང་གི་སྲིན་བལ་གྱིས་བཏགས་པའི་རས་ཆ་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་ཀྱི་ཡོད་པ་འགོག་དགོས་པའི་ཐག་བྱས་ན་ཨ་མི་རི་ཀའི་གྱོན་གོས་བཟོ་ཚོང་ལས་ཁང་ཁག་གིས་རས་ཆ་ནང་འདྲེན་བྱ་ཡུལ་གསར་དུ་འཚོལ་དགོས་ཐུག་སྲིད་ཅེས་བཤད། ཁ་སང་གཟའ་ཟླ་བའི་ཉིན་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་རྒྱ་ནག་ལ་བརྟེན་རྒྱུ་མཇུག་བསྒྲིལ་དགོས། དེང་སྐབས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པ་ང་ལ་རྒྱུན་འཁྱོངས་བྱེད་དུ་འཇུག་འདོད་མེད། རྒྱ་ནག་གིས་ཨ་མི་རི་ཀར་དངོས་ཟོག་བཙོངས་ནས་ཨ་རིའི་དངུལ་སྒོར་གྱིས་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་གི་འདུག་ཅེས་བསྒྲགས། ད་ལྟ་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱ་རྒྱུ་དེར་དུས་ཡུན་ཟླ་བ་གཉིས་ཀྱང་མེད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཇེ་མཁྲེགས་སུ་བཏང་སྟེ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཐབས་བྱེད་ཀྱི་ཡོད་པར་མ་ཟད། ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་གྱི་དྲིལ་བསྒྲགས་གཙོ་བོ་ཞིག་ཨ་མི་རི་ཀས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་འབྲེལ་གཅོད་དགོས། རྒྱ་ནག་ནི་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་བགོ་ཁྱབ་གཏོང་མཁན་དེ་རེད་ཅེས་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་པར་ཨ་མི་རི་ཀ་བ་བརྒྱ་ཆ་མང་པོ་ཞིག་གིས་མོས་མཐུན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།།

རོ་ཡེ་ཊེར་གསར་འགྱུར་ལས་ཁང་གིས་དེ་རིང་གཟའ་མིག་དམར་ཉིན་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་འདེབས་ལས་བྱེད་དུ་བཅུག་པའི་སྲིལ་བལ་གྱི་ཐོན་སྐྱེད་རྣམས་ཨ་མི་རི་ཀར་ནང་འདྲེན་བྱ་རྒྱུ་འགོག་དགོས་ཞེས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་གིས་ཁྱབ་བསྒྲགས་བྱ་རྒྱུའི་རྟགས་མཚན་འདུག་ཅེས་བསྒྲགས། ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཨ་རིའི་གཞུང་གིས་ཞིན་ཅང་གི་སྲིལ་བལ་གྱིས་བཏགས་པའི་རས་ཆ་རྣམས་ནང་འདྲེན་བྱེད་ཀྱི་ཡོད་པ་བཀག་ཚེ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཐད་ཀར་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་རས་ཆ་ཁོ་ན་མ་རེད། རྒྱ་ནག་གིས་ཞིན་ཅང་གི་སྲིན་བལ་གྱིས་བཏགས་པའི་རས་ཆ་རྣམས་རྒྱལ་ཁབ་གཞན་ལ་བཙོངས་ཏེ་རྒྱལ་ཁབ་གཞན་པ་དེ་ཚོས་ཨ་མི་རི་ཀར་རྒྱ་ནག་གི་རས་ཆ་བཙོང་གི་ཡོད་པ་རྣམས་ཀྱང་འགོག་དགོས་པའི་ཐོ་གཞུང་དུ་ཚུད་འདུག དེར་བརྟེན་འཛམ་གླིང་གི་གྱོན་གོས་བཟོ་ཚོང་ཁང་མང་དག་ཅིག་གི་ཚོང་ལས་བར་ཆད་བྱུང་སྟེ་དངོས་ཟོག་གི་རིན་གོང་འཕར་རྒྱུའི་ཉེན་ཁ་ཆེ། རྒྱ་ནག་ལའང་རས་ཆ་ཕྱིར་ཚོང་བྱ་ཡུལ་རྒྱ་ཆེན་པོ་ཞིག་མེད་པར་འགྱུར་ས་རེད་ཅེས་གནས་ཚུལ་སྤེལ། ༢༠༢༠་ལོའི་ཕྱི་ཟླ་༣་པ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཡོད་དོ་ཅོག་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ནང་འདྲེན་བྱེད་མི་ཆོག་ཅེས་གྲོས་གཞི་བཏོན། ཨ་རིའི་གྲོས་ཚོགས་ཀྱིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གིས་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ལ་གཉའ་གནོན་དང་དམ་དྲག་བྱེད་ཀྱི་ཡོད་པར་ངོ་རྒོལ་གྱི་ཁྲིམས་གཞི་འགའ་ཞིག་གཏན་ལ་ཕབ།།

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་གཉིས་ཡས་མས་ཤིག་བཀག་ཉར་ཁང་འདྲ་མིན་ཞིག་གི་ནང་དུ་བཅུག་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བ་དང་ངལ་རྩོལ་བཙན་བཀོལ། ཁོ་ཚོར་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས་པ་དང་ཞིས་ཅིན་ཕིང་ལ་བསྟོད་དབྱངས་ལེན་དགོས་པ། རྒྱ་ནག་དང་རྒྱ་མི་རིགས་ལ་དགའ་ཞེན་བྱ་དགོས། ཞིན་ཅང་གི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག་པ་དང་བུད་མེད་ཚོས་མགོ་རས་དང་གདོང་ཁེབས་གཡོགས་མི་ཆོག་པ། ཕྲུ་གུ་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་མིང་འདོགས་མི་ཆོག་པ། ཡུ་གུར་བའི་སྐད་དང་རིག་གཞུང་ནི་ཁ་བྲལ་དང་འཇིགས་སྐུལ། མཐའ་ལྷུང་བཅས་ཀྱི་སྐད་ཡིག་དང་རིག་གཞུང་ཞིག་རེད་ཅེས་ཀླད་བཀྲུ་བྱེད་ཀྱི་ཡོད་ཅིང་། དེས་ན་ཨ་མི་རི་ཀ་གཅིག་པུ་མིན་པར་རྒྱ་ནག་གཞུང་གིས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ཡུ་རོབ་མཉམ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སྟེ། གཟའ་འཁོར་སྔོན་མར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡུ་རོབ་རྒྱལ་ཁབ་ལ་འཚམས་འདྲིར་བསྐྱོད་པའི་དུས་སུ་འཇར་མན་ཎིའི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཞིན་ཅང་གི་ཡུ་གུར་བ་དང་ཧོང་ཀོང་ལ་དྲག་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱས་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་རེད་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། ཞིན་ཅང་གི་ཡུ་གུར་བ་མང་དག་ཅིག་ལ་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ནས་ལམ་ལོག་ཏུ་འཕྱན་འདུག རྒྱ་ནག་གཞུང་གིས་ཡུ་གུར་བ་དེ་དག་ལ་ལག་ཤེས་དང་སྐད་ཡིག་སློབ་ཁྲིད་བྱས་ནས་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་མེད་ཅེས་བཀྲལ།།

རྒྱ་ནག་གི་རས་ཆའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀས་རྒྱ་ནག་ནས་རས་ཆ་ནང་འདྲེན་བྱེད་ཀྱི་ཡོད་པ་བཀག་ན་ཞིན་ཅང་གི་སྲིལ་བལ་གྱིས་བཏགས་པ་མིན་པའི་རས་ཆ་གཞན་རྣམས་ཀྱང་ཨ་མི་རི་ཀར་ཕྱིར་ཚོང་བྱ་རྒྱུ་འགག་སྲིད་པའི་ཉེན་ཁ་འདུག་ཅེས་བློ་འཚབ་བྱེད་འགོ་ཚུགས ཁོ་ཚོས་ཨ་རིའི་གཞུང་གིས་རྒྱ་ནག་གི་རས་ཆ་རྣམས་ནང་འདྲེན་བྱེད་མི་ཆོག་ཅེས་ཐག་གཅོད་མ་བྱས་ཀྱང་མཚོ་ཁ་སོགས་ནས་རྒྱ་ནག་གི་རས་ཆ་རྣམས་ཞིན་ཅང་གི་སྲིལ་བལ་གྱིས་བཏགས་པའི་རས་ཆ་ཡིན་མིན། ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་འདེབས་ལས་བྱེད་དུ་བཅུག་པའི་ཐོན་སྐྱེད་ཡིན་མིན་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཡུན་རིང་བཀག་ནས་རྒྱ་ནག་གི་རས་ཆའི་བཟོ་ཚོང་ལས་ཁང་ཁག་ལ་གྱོང་གུད་འཕོག་ཏུ་འཇུག་ངེས་རེད། དེར་བརྟེན་ཨ་མི་རི་ཀའི་གྱོན་གོས་བཟོ་ཚོང་ལས་ཁང་ཁག་གིས་ཟླ་བ་མང་པོར་སྒུག་མ་ཐུབ་པར་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ནས་རས་ཆ་ནང་འདྲེན་བྱས་ཏེ་ཨ་རིའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་རས་ཆའི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་མེད་པར་འགྱུར་སྲིད་ཅེས་གླེང་། ད་སྔ་ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་༥༠་ཡས་མས་ཤིག་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་ནས་ཁྲིམས་འགལ་གྱི་ཚོང་ལས་ལ་འབྲེལ་བ་འདུག ཨ་རིའི་ཚོང་དོན་ལྷན་ཁང་གི་ཐོ་གཞུང་ནག་པོར་བཀོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་འབྲེལ་འཛུགས་མི་ཆོག་ཅེས་བཀག་ཟིན་ཞིང་། ཨ་མི་རི་ཀས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་བཅད་ནས་ཉེས་ཆད་གཅོད་ཀྱི་ཡོད་པ་འདིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་རྒྱ་སྐྱེད་ལ་གནོད་སྐྱོན་ཚབས་ཆེན་ཞིག་འཕོག་གི་ཡོད་པ་རེད།།

XS
SM
MD
LG