ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་མི་རི་ཀས་རྒྱ་ནག་གི་སློབ་ཆེན་ཁག་ལ་དོགས་ཟོན།


༄༅།། ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་། རྒྱལ་སྲུང་ལྷན་ཁང་གིས་གསང་བའི་སྡེ་ཚན་སོགས་ཀྱིས་རྒྱ་ནག་གི་སློབ་ཆེན་ཁག་དང་ཞིབ་འཇུག་སྡེ་ཚན་བཅས་ཀྱིས་ཨ་མི་རི་ཀའི་སློབ་ཆེན་ཁག་དང་བཟོ་ཚོང་ལས་ཁང་ལ་མཉམ་འབྲེལ་གྱིས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ། ཨ་མི་རི་ཀའི་ཤེས་བྱ་གསར་པ་དང་གསར་གཏོད་ཀྱི་གྲུབ་འབྲས་རྣམས་རྐུ་འཁྱེར་བྱས་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། དམག་གི་སྟོབས་ཤུགས་རྣམས་ཡར་རྒྱས་གཏོང་གི་ཡོད་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀའི་སློབ་ཆེན་ཁག་དང་རྒྱ་ནག་གི་སློབ་ཆེན་ཁག་མཉམ་འབྲེལ་བྱེད་ཀྱི་ཡོད་པ་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བའི་ནང་དུ་རྩོད་གཞི་ཆེན་པོ་ཞིག་ལ་གྱུར། དེར་བརྟེན་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་སློབ་ཆེན་ཁག་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་ཨ་རིའི་སློབ་ཆེན་ཁག་གིས་ཤེས་ཡོན་སློབ་སྦྱོང་འཐུས་ཚང་ཞིག་སྤྲོད་ཐུབ་ཀྱི་ཡོད་མེད། ཨ་མི་རི་ཀའི་སློབ་ཆེན་དེ་དག་གི་རིག་དངོས་རྣམས་རྒྱ་ནག་གི་སློབ་ཆེན་དེ་ཚོས་རྐུ་འཁྱེར་བྱེད་ཀྱི་ཡོད་མེད་སོགས་ལ་ཞིབ་འཇུག་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག

འདས་པའི་ལོ་མང་རིང་རྒྱ་ནག་གི་གསང་བའི་ལས་ཁང་ཁག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སློབ་ཕྲུག་གི་ངོ་བོའི་ཐོག་ཏུ་གསང་ཉུལ་བ་སྟོང་ཕྲག་མང་པོ་བཏང་ནས་རྒྱལ་ཁབ་གཞན་གྱི་ཚན་རིག་དང་འཕྲུལ་རིག་ལག་རྩལ། བཟོ་ལས་དང་ཚོང་ལས། དཔལ་འབྱོར་སོགས་ཀྱི་ཤེས་བྱ་གསར་པ་རྣམས་རྐུ་བསྡུ་བྱས་ཡོད་པར་མ་ཟད། ད་ལྟ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ནས་རྐུ་བསྡུ་བྱས་པའི་ཤེས་བྱ་གསར་པ་དང་ལག་རྩལ་གསར་པ་རྣམས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས། རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་དེ་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅིང་། ད་ལྟའི་བར་དུ་རྒྱ་ནག་གི་སློབ་ཆེན་ཁག་གིས་གསར་བཟོ་བྱས་མ་ཐུབ་པ་དང་ཞིབ་འཇུག་བྱས་མ་ཐུབ་པའི་ཤེས་བྱ་གསར་པ་དང་ལག་རྩལ་གསར་པ། འཕྲུལ་རིག་གསར་པ་དང་ཆེད་ལས་པའི་ཉམས་མྱོང་གི་སྟོང་ཆ་ལུས་ཡོད་པ་རྣམས་ཕྱི་རྒྱལ་ནས་རྐུ་བསྡུ་བྱས་པའི་ཚན་རིག་དང་འཕྲུལ་རིག ཤེས་བྱ་དང་ལག་རྩལ། ཉམས་མྱོང་གསར་པ་སོགས་ཀྱིས་ཁ་སྐོང་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གིས་ལས་དོན་དེ་གཙིགས་སུ་འཛིན་གྱི་འདུག་ཅེས་ཨ་མི་རི་ཀའི་ཉམས་ཞིབ་པ་ཚོས་བཤད། དཔེར་ན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་རྒྱལ་ཡོངས་བདེ་འཇགས་ཚན་པའི་འགོ་ཁྲིད་ཇཱོན་ཌེ་མེར་སི་ཀི་ཞེས་པ་ཞིག་གིས་རྒྱ་ནག་གིས་ཤེས་བྱ་དང་རིག་གནས་གསར་པ་ཅི་ཞིག་རྐུ་བསྡུ་བྱ་དགོས་མིན་དབྱེ་གསེས་མཁན་ཞིག་ཏུ་གྱུར་འདུག ད་ལྟ་ཁོ་ཚོ་རྒྱ་ནག་གིས་བསྒྲུབས་མ་ཐུབ་པའི་ལག་རྩལ་རྣམས་ཕྱི་ལོགས་ནས་རྐུ་བསྡུ་བྱ་རྒྱུའི་མཚམས་དེར་སླེབས་འདུག་ཅེས་བཤད།

ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ཨ་མི་རི་ཀའི་གཞུང་གིས་མན་སན་ཏོ་བཟོ་ཚོང་ཁང་གི་འཕྲུལ་རྩལ་བ་ཟུར་པ་ཧེ་ཐའོ་ཤེང་ཞེས་པ་ཞིག་གིས་ས་ཞིང་གི་སྤུས་ཚད་བརྟག་དཔྱད་བྱེད་སྤྱད་འཕྲུལ་རྩལ་ཞིག་བརྐུས་ནས་རྒྱ་ནག་གི་ནན་ཅིང་སྤྱི་ཚོགས་ཚན་རིག་ཁང་ལ་བཙོངས། ཨ་མི་རི་ཀའི་མན་སན་ཏོ་བཟོ་ཚོང་ཁང་གིས་ས་ཞིང་གི་སྤུས་ཚད་ལ་བརྟག་དཔྱད་བྱས་ནས་ཞིང་པ་ཚོར་རྫས་ལུད་ཚད་ཅི་ཙམ་རྒྱག་དགོས་མིན་ལམ་སྟོན་བྱེད་ཀྱི་ཡོད་པས་ཨ་རིའི་ཞིང་པ་ཚོས་གཞན་དང་མ་འདྲ་བའི་ཐོན་སྐྱེད་འདོན་ཐུབ། ཧེ་ཐའོ་ཤེང་གིས་རང་ལ་ནག་ཉེས་ཕོག་ཡོད་པ་དེར་ངོས་ལེན་བྱས་མེད་ཀྱང་ནན་ཅིང་སྤྱི་ཚོགས་ཚན་རིག་ཁང་གིས་༢༠༡༥་ལོ་ནས་ས་ཞིང་གི་སྤུས་ཚད་བརྟག་དཔྱད་བྱེད་ཐུབ་པའི་འཕྲུལ་རྩལ་ལ་དོ་སྣང་ཡོད། ཁོ་ཚོས་ལོ་བཅུའི་ནང་དུ་ཞིང་ལས་ཐོན་སྐྱེད་ཡར་རྒྱས་གཏོང་ཐུབ་རྒྱུའི་དམིགས་ཚད་བཟུང་ཡོད་ཅེས་བསྒྲགས། བདུན་ཕྲག་སྔོན་མར་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེར་མིང་རྟགས་བཀོད་ཀྱང་ཨ་མི་རི་ཀའི་རིག་དངོས་དང་ལག་རྩལ། ཤེས་བྱ་གསར་པ་རྣམས་རྒྱ་ནག་གིས་བཙན་འཕྲོག་དང་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་དཀའ་ངལ་རྣམས་གྲོས་མཐུན་དེའི་ཁོངས་སུ་སེལ་ཐུབ་མེད་ཅིང་། རྒྱ་ནག་གིས་རྐུ་འཁྱེར་དང་བཙན་འཕྲོག་བྱས་ནས་ཨ་མི་རི་ཀའི་དམག་དོན་འཐབ་ཇུས་དང་གནད་འགག་ཅན་གྱི་འཕྲུལ་རིག་ལག་རྩལ་རྣམས་ལེན་གྱི་ཡོད་པ་རེད།

ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་དང་སློབ་ཆེན་ཁག་ལ་དོགས་ཟོན་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཞིས་ཅིན་ཕིང་གིས་རྒྱ་ནག་གི་དམག་དོན་དང་དམངས་སྲིད་ཀྱི་ལས་དོན་གཉིས་མཉམ་དུ་བསྲེ་དགོས། རྒྱ་ནག་གི་ཞི་དྲག་སྟོབས་ཤུགས་གཉིས་མཉམ་དུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ཐུག་ཡོད། ཨ་མི་རི་ཀའི་སློབ་ཆེན་ཁག་ཀྱང་ཨ་རིའི་དམག་དོན་དང་རྒྱལ་སྲུང་ལྷན་ཁང་ལ་འབྲེལ་བ་མེད་པ་ཞིག་མིན་མོད། འོན་ཀྱང་ཨ་རིའི་ཤེས་ཡོན་གྱི་ལྟེ་གནས་ཁག་དང་སློབ་ཆེན་ཁག་གིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་དམག་གི་སྒྲིག་འཛུགས་ཁག་ལ་རྒྱ་ནག་ལྟར་མཐའ་གཅིག་ཏུ་བསྟུན་དགོས་པའི་ངེས་པ་མེད། བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་མི་རི་ཀའི་ཚན་རྩལ་ལུང་གཤོང་དུ་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་པ་བརྗོད་གཞིར་བཟུང་གཏམ་བཤད་བྱས་ཤིང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ཁྲིམས་ལུགས་ལྟར་ན་བཟོ་ཚོང་ལས་ཁང་ཁག་དང་ཉམས་ཞིབ་སྡེ་ཚན་ཁག་གིས་ངེས་པར་དུ་རང་གི་འཕྲུལ་རིག་ལག་རྩལ་དང་ཤེས་བྱ་གསར་པ་རྣམས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་མཁོ་སྤྲོད་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ར་མོ་ཏོབ་སི་ཀིས་ཀྱང་ཨ་རིའི་གྲོས་ཚོགས་གོང་མར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རང་ཡུལ་གྱི་སློབ་ཆེན་ཁག་ཞི་དྲག་གཉིས་ཀྱི་ལས་དོན་ཁག་མཉམ་བསྲེས་བྱ་ཡུལ་གྱི་མདུན་ས་དེར་བཟུང་འདུག་ཅེས་སྙན་སེང་ཞུས།

རྒྱ་ནག་གཞུང་གིས་རང་ཡུལ་གྱི་སློབ་ཆེན་ཁག་ཏུ་རང་དབང་གི་ལྟ་གྲུབ་ཁྱབ་སྤེལ་གཏོང་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པ་སྟེ། ཧྲང་ཧེ་གྲོང་ཁྱེར་གྱི་ཧྥུ་ཏན་སློབ་གྲྭ་ཆེན་མོ་སོགས་སློབ་ཆེན་གསུམ་གྱིས་ཟླ་བ་སྔོན་མ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་སྟོན་དབུ་ཁྲིད་ལ་གོང་བཀུར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པས་རྒྱ་ནག་གི་ཤེས་ཡོན་ཅན་དང་མཁས་པ་ཚོས་ཧྥུ་ཏན་སློབ་གྲྭ་ཆེན་པརོ་ཁ་རྡུང་དྲག་པོ་བཏང་ཞིང་། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཨ་མི་རི་ཀས་རང་གི་རིག་དངོས་རྣམས་རྒྱ་ནག་གིས་རྐུ་འཁྱེར་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་པ་རྣམས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་རེད་ཅེས་དགག་པ་བརྒྱབ། ༢༠༡༨་ལོར་ཞིས་ཅིན་ཕིང་གིས་དུས་རབས་གསར་པ་འདིར་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ལྡན་པ་ཞིག་ལ་འགྱུར་ཐུབ་པའི་དམིགས་ཡུལ་འགྲུབ་པར་ཞི་དྲག་གཉིས་མཉམ་འདྲེས་བྱ་དགོས་ཀྱི་འདུག་ཅེས་བཤད། ༢༠༡༩་ལོར་རྒྱ་ནག་གིས་སློབ་ཆེན་བཞིས་ལུགས་མཐུན་དང་ཚུལ་མཐུན་མིན་པར་ཨ་མི་རི་ཀའི་གནད་འགག་ཅན་གྱི་འཕྲུལ་རིག་ལག་རྩལ་རྣམས་རྐུ་ལེན་བྱ་ཐབས་བྱས་སོང་ཞེས་ཁྲིམས་ལ་གཏུགས། ལོ་བཅུ་ཕྲག་གཅིག་གི་སྔོན་དང་བསྡུར་ན་རྒྱ་ནག་གིས་ཨ་མི་རི་ཀ་ནས་ཚན་རིག་དང་འཕྲུལ་རིག་ལག་རྩལ། ཤེས་བྱ་གསར་པ་སོགས་རྐུ་འཁྱེར་བྱས་པའི་གནས་ཚུལ་འབྱུང་རྒྱུ་ལྡབ་གཅིག་མང་དུ་ཕྱིན་འདུག རྒྱ་ནག་གི་སློབ་ཆེན་ཁག་རྒྱལ་ཁབ་དེའི་རྒྱལ་སྲུང་ལྷན་ཁང་དང་ཉམས་ཞིབ་ལས་ཁང་ཁག་ལ་འབྲེལ་བ་ཡོད་པ་སྟེ། རྒྱ་ནག་གི་སློབ་ཆེན་བརྒྱ་ཁག་གིས་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ལ་མཉམ་འབྲེལ་བྱ་རྒྱུ་ཡིན་ཞེས་གྲོས་མཐུན་འཇོག་རྒྱུ་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་རྣམས་ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་། ཁྲིམས་འཛིན་ལྷན་ཁང་སོགས་ཀྱི་རྒྱལ་ཡོངས་བདེ་འཇགས་ཚན་པ་ཁག་གིས་ཤེས་རྟོགས་བྱུང་འདུག ད་ལྟ་ཨ་མི་རི་ཀའི་སློབ་ཆེན་མང་དག་ཅིག་གིས་རྒྱ་ནག་གི་སློབ་ཆེན་ཁག་ལ་མཉམ་འབྲེལ་གྱི་ལས་གཞི་གཉེར་གྱི་ཡོད་པ་རྣམས་མཚམས་འཇོག་བྱས་པའམ། ཡང་ན་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་སོགས་རྒྱ་ནག་གི་སློབ་ཆེན་ཁག་གི་ཡན་ལག་བཙུགས་ཡོད་པ་རྣམས་སྒོ་རྒྱག་གི་ཡོད་པ་རེད།

XS
SM
MD
LG