ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་རང་སྐྱོང་ལྗོངས་ཞེས་པའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིང་ཅེ་ལ་ཨ་རིས་ཉེས་ཆད་བཅད་འདུག


རེ་ཌར་སི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མེ་རི་ཀའི་ནོར་སྲིད་ལས་ཁུངས་ཀྱིས་ཁ་སང་རེས་གཟའ་པ་སངས་ཀྱི་ཉིན་ལ་སྤེལ་བའི་གསལ་བསྒྲགས་ཤིག་ལས། དེ་སྔར་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་། དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མྱོང་མཁན་ཝུ་དབྱིང་ཅེ་ལ་བོད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་རྒྱུ་མཚན་དུ་བྱས་ཏེ་ཨ་རིས་ཉེས་ཆད་བཀག་སྡོམ་བྱས་འདུག། དེ་དང་མཉམ་དུ་༢༠༡༨ལོ་ནས་ད་བར་བོད་རང་སྐྱོང་ལྗོངས་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་ཡིན་པ་ཀྲང་ཧོང་པཱོ་གཉིས་ཀྱི་ཨ་རིར་ཡོད་པའི་རྒྱུ་དངུལ་ཡོད་ཚད་སྒོ་བསྡམས་ཐེལ་བརྒྱབ་ཀྱིས་བེད་སྤྱོད་གཏོང་མི་ཆོག་པར་རྒྱས་བཅད་འདུག། ཝུ་དབྱིང་ཅེ་ནི་༢༠༡༦ལོ་ནས་༢༠༢༡ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་གི་དྲུང་ཆེའི་གོ་གནས་བཟུང་ཡོད་པ་དང་། ཨ་མེ་རི་ཀས་ཁོ་གཉིས་ལ་ཉེས་ཆད་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་ནི། ཁོ་གཉིས་ཀྱིས་བཙོན་པར་སྡུག་སྦྱོང་མནར་གཅོད་བཏང་བ་དང་། ཁྲིམས་ཀྱི་འགྲོ་ལུགས་གང་ཡང་མི་དགོས་པར་གང་བྱུང་བཙོན་པ་སྲོག་ཐོག་བཏང་བས་རྐྱེན་གྱིས་རེད་འདུག། ཨ་རིའི་ནོར་སྲིད་ལས་ཁུངས་ཀྱི་གསལ་བསྒྲགས་དེ་ལས་གསལ་བ་ལྟར་ན། ཝུ་དབྱིང་ཅེ་ཡིས་རྒྱ་ནག་གཞུང་གིས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་འགོ་ཁྲིད་ཀྱི་གོ་གནས་བཟུང་རིང་། བདེ་འཇགས་བརྟན་བརླིང་ཞེས་པའི་སྲིད་ཇུས་ཤིག་སྤེལ་ནས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ཁོངས་སུ་ཆབ་སྲིད་དང་ཆོས་ལུགས་ཀྱི་རང་དབང་ལ་སྟངས་འཛིན་བྱས་པ། དོན་མེད་དུ་མི་འཛིན་བཟུང་དང་། གཞི་ཁྱོན་ཆེན་པོས་བཀག་ཉར་བྱས་པ། མི་ལ་ཉེས་རྡུང་བཏང་བ། ཁྲིམས་ཀྱི་འགྲོ་ལུགས་སོགས་གང་ཡང་མི་དགོས་པར་སྲོག་ཐོག་བཏང་བ། བཙན་དབང་གིས་སྒོ་ནས་བཅད་སྒོ་བཀག་པ་དང་། བཙན་དབང་གིས་བུད་མེད་ཀྱི་ཁོག་ནས་ཕྲུ་གུ་མངལ་དབྱུང་བཏང་བ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཧ་ཙང་ཚབས་ཆེན་བཏང་ཡོད་པ་འཁོད་འདུག།

སྤྱི་ཟླ་༡༢ པའི་ཚེས་༩ རེས་གཟའ་པ་སངས་ཉིན་གྱི་གསལ་བསྒྲགས་དེའི་ཁོངས་སུ། གོ་ལ་ཁྱོན་ཡོངས་ནས་རྒྱལ་ཁབ་དགུའི་ནང་གི་ལྐོག་ཟ་རུལ་སུངས་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་སྒྲིག་འཛུགས་དང་མི་སྒེར་པ་༤༠་ལྷག་ཚུད་འདུག། ཨ་མེ་རི་ཀའི་ནོར་སྲིད་ལས་ཁུངས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ལྐོག་ཟ་རུལ་སུངས་དང་འབྲེལ་ནས། སྒེར་དང་སྒྲིག་འཛུགས་༤༠ ལྷག་ལ་ཉེས་ཆད་བཀག་སྡོམ་གྱི་གསལ་བསྒྲགས་སྤེལ་བའི་དུས་ཚོད་དེ། རྒྱལ་སྤྱིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ཉིན་མོར་འཁེལ་ཡོད་པ་དང་། དེ་དོན་གསལ་བསྒྲགས་བསྐྱངས་པ་དེས་ཉིན་མོ་དེ་གཉིས་ལ་སྲུང་བརྩི་ཞུས་པ་ཞིག་ཡིན་པ་དང་། སྤྱི་ལོ་༢༠༢༢ ལོའི་ལོ་གཅིག་གི་རིང་། ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་འཛམ་གླིང་གང་སར། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་དང་། ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་འགན་འཁྲི་བདའ་འདེད་གཏོང་བའི་ལས་དོན་ཡར་རྒྱས་གཏོང་ཆེད་ཕྱག་ལས་དང་ཐབས་ཤེས་མང་པོ་གནང་སའི་རྒྱལ་ཁབ་ཁོངས་སུ། བྷལ་ཁཱན་སི་Balkans ནུབ་མ་དང་། བྷེ་ལ་རུ་སི། ལི་བྷེ་རི་ཡ།་Liberia ཀཱ་ཐེ་མཱ་ལཱGuatemala ཨུ་རུ་སུ། རྒྱ་ནག། འབར་མ། ཨི་རན་བཅས་ལྐོག་ཟ་རུལ་སུངས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པའི་རྒྱལ་ཁབ་དེ་ཚོ་ཚུད་ཡོད་པ་རེད།

ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་གིས། ཨ་རིས་རྒྱལ་ཁབ་གཞན་གྱི་དོན་དག་ལ་ཇུས་གཏོགས་བྱེད་ཀྱི་འདུག། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཕྱོགས་རིས་ཁོ་ནས་ཉེས་ཆད་བཀག་སྡོམ་བྱས་སོང་ཞེས་གོང་འཁོད་གནད་དོན་འབྲེལ་ནས་སྐྱོན་བརྗོད་བྱས་འདུག། རྒྱ་ནག་གི་གཞུང་ཚབ་ཆེན་མོའི་མགྲིན་ཚབ་པ་ལུའུ་ཕེན་ཡུས་ཀྱིས་བརྗོད་དོན་ལ། ཨ་རིས་རྒྱལ་ཁབ་གཞན་ལ་ཉེས་ཆད་བཀག་སྡོམ་བྱེད་པའི་ཐོབ་ཐང་མེད། འཛམ་གླིང་གི་ཉེན་རྟོག་པའི་ངང་ཚུལ་འཛིན་པའི་ཐོབ་ཐང་མེད། ཅེས་བཤད་འདུག།

ཨ་མེ་རི་ཀས་གོ་ལ་ཁྱོན་ཡོངས་ཀྱི་མཱ་ཁེ་ནེ་ཚི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་འཁྲིའི་ཁྲིམས་ལུགས་གཞིར་བཟུང་གིས། གཞུང་གི་ངོས་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཡར་རྒྱས་ཡོང་བ་དང་། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བར་རྩ་འཛིན་བྱེད་ཀྱི་ཡོད་པ་དང་། ཨ་མེ་རི་ཀ་ཡིས་རིན་ཐང་ལྟ་བ་དང་མཐུན་པའི་བྱ་སྤྱོད་སྤེལ་བར་འབད་བརྩོན་གནང་གི་ཡོད་པར་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོང་ཐང་ལ་བརྩི་བཀུར་བྱ་རྒྱུ་དེ་ནི། གོ་ལ་ཁྱོན་ཡོངས་ཀྱི་ཞི་བདེ་དང་། བདེ་འཇགས། དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་དེ་ཡིན་པའི་ངོས་འཛིན་གསལ་པོ་ཡོད་པ་རེད། ཅེས་གསལ་བསྒྲགས་དེ་ལས་འཁོད་ཡོད་པ་དང་། རེས་གཟའ་པ་སངས་ཉིན་ལ་དམར་ཤོག་དྲུང་ཆེ་བྱས་མྱོང་མཁན་ཝུ་དབྱིང་ཅེ་སོགས་གང་ཟག་སྒེར་པ་དང་སྒྲིག་འཛུགས་༤༠ ལྷག་གི་མིང་འདོན་བྱས་ཡོད་པ་དེ་ཚོའི་ཨ་རིར་ཡོད་པའི་རྒྱུ་དངུལ་ཡོད་ཚད་སྒོ་བསྡམས་ཐེལ་བརྒྱབ་ཀྱིས་བེད་སྤྱོད་གཏོང་མི་ཆོག་པར་རྒྱས་བཅད་འདུག་པ་དང་། ཨ་མེ་རི་ཀའི་མི་སེར་ཚོས་ཁོ་ཚོ་མཉམ་དུ་ཚོང་ཡང་བརྒྱབ་མི་ཆོག་པ་བྱས་འདུག།

XS
SM
MD
LG