ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཕུ་ཊིན་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱར་བརྩི་དགོས་པའི་ནན་སྐུལ། 


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁོངས་སུ་ཞུགས་ཡོད་པའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱར་བརྩི་སྲུང་ཚུལ་བཞིན་བྱེད་དགོས་པའི་ནན་སྐུལ་བྱས་འདུག ཕྱི་ཟླ་༣་པའི་ཚེས་༢༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོགས་ཆུང་གིས་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ལ་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱ་དགོས་པའི་ནན་སྐུལ་བྱ་འཆར་ཡོད་དམ་ཞེས་དྲིས། གཟའ་ལྷག་པའི་ཉིན་ཕྱི་སྲིད་དྲུང་བྷ་ལིན་ཁེན་གྱིས་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོགས་ཆུང་གི་ཉན་ཞིབ་སྐབས་སུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་ཡིན་པའི་རྒྱལ་ཁབ་ཚང་མས་ཕུ་ཊིན་འཛིན་བཟུང་བྱས་ཏེ་ལས་འགན་བསྒྲུབ་དགོས་ཀྱི་རེད་སྙམ་ཞེས་ལན་བཏབ།།

ཕྱི་ཟླ་༣་པའི་ཚེས་༡༦་ཉིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་དམག་འཁྲུག་གི་ནག་ཉེས་དང་ཡུག་རེན་གྱི་བྱིས་པ་བརྒྱ་ཕྲག་མང་པོ་རང་ཁྱིམ་ནས་ཕྱིར་ཕུད་བཏང་བའི་ནག་ཉེས་བཙུགས། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་ལྔའི་གྲས་ཀྱི་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ལ་ནག་ཉེས་བཙུགས་པ་ཐེངས་དང་པོ་ཡིན་འདུག རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཚོགས་འཐུས་རྒྱལ་ཁབ་༡༢༣་ཡོད་པ་དེ་དག་གི་གང་རུང་ཞིག་གི་ས་ཐོག་ཏུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བསླེབས་ན་འབྲེལ་ཡོད་རྒྱལ་ཁབ་དེས་ངེས་པར་དུ་ཕུ་ཊིན་འཛིན་བཟུང་བྱས་ནས་རྩིས་སྤྲོད་བྱ་དགོས་ཞེས་བཅད་ཁྲ་བསྒྲགས། ཨ་མི་རི་ཀ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་ཁོངས་སུ་ཞུགས་མེད་ཀྱང་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་སྲིད་འཛིན་བྷ་ཌན་ནས་ཕུ་ཊིན་གྱིས་དམག་འཁྲུག་བསླངས་ཏེ་ནག་ཉེས་ཚབས་ཆེན་བསགས་ཡོད་པ་ནི་གསལ་པོ་རེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བཀའ་རྒྱ་དེ་འོས་འཚམས་ཤིག་མཐོང་གི་འདུག་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

ཕྱི་ཟླ་༣་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཟུར་པ་མེ་ཌ་ཝེ་ཌེབ་ཀྱིས་སུ་ཞིག་གིས་སྲིད་འཛིན་ཕུ་ཊིན་འཛིན་བཟུང་བྱ་ཐབས་བྱེད་ཚེ། དེ་ནི་ཨུ་རུ་སུའི་སྟེང་དུ་དམག་འཁྲུག་བསླངས་པ་དང་ཁྱད་པར་མེད། ཨུ་རུ་སུ་དང་རྒྱ་ནག ད་དུང་ཨ་མི་རི་ཀ་ཚུད་པའི་རྒྱལ་ཁབ་མང་པོས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ཟེར་བ་དེ་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་མིན་པ་དང་ལས་དོན་རླབས་ཆེན་ཞིག་གཏན་ནས་བསྒྲུབས་མྱོང་མི་འདུག ང་ཚོས་བལྟས་ན་བཅད་ཁྲ་དེ་ནམ་ཡང་ལག་ལེན་བསྟར་མི་ཐུབ། གལ་ཏེ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཨུ་རུ་སུའི་འགོ་ཁྲིད་འཇར་མན་ཎིར་ཕྱིན་ཏེ་འཛིན་བཟུང་བྱས་པའི་དབང་དུ་ཐོངས། དེ་ལ་མཇུག་འབྲས་ཅི་ཞིག་འབྱུང་རྒྱུ་རེད། དེ་ནི་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་སྟེང་དུ་དམག་འཁྲུག་བསླངས་པ་དང་གཅིག་མཚུངས་རེད། ང་ཚོའི་མཚོན་ཆ་དང་འཕུར་མདེལ་ཡོད་དོ་ཅོག་གིས་འཇར་མན་གྱི་གྲོས་ཚོགས་ཁང་དང་སྲིད་བློན་གྱི་ལས་ཁུངས་ལ་གཏོར་རྒོལ་བྱ་རྒྱུ་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

མེ་ཌ་ཝེ་ཌེབ་ཀྱིས་༢༠༠༨་ནས་༢༠༡༢་བར་དུ་ཨུ་རུ་སུའི་སྲིད་འཛིན་གྱི་གོ་གནས་བཟུང་བའི་སྐབས་དེར་ནུབ་ཕྱོགས་པའི་འགྱུར་བཅོས་ཀྱི་ལྟ་བར་བློ་ཁ་ཕྱོགས་ཀྱང་ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་མེ་ཌ་ཝེ་ཌེབ་ཀྱི་ལངས་ཕྱོགས་ཇེ་མཁྲེགས་སུ་བཏང་སྟེ་རྟག་ཏུ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱ་རྒྱུ་མགོ་བརྩམས། ཁོ་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཉིན་ལྟར་མཚོན་ཆ་རོགས་རམ་སྤྲོད་རྒྱུ་མང་དུ་བཏང་ན་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་འབྱུང་རྒྱུའི་ཉེན་ཁ་ཇེ་ཆེ་རེད། ༡༩༩༡་ལོར་ཨུ་རུ་སུ་དམར་ཤོག་འཐོར་ཞིག་ཕྱིན་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཨུ་རུ་སུའི་དཔོན་པོ་བྱ་ཐབས་སུ་འབད། ཕུ་ཊིན་གྱིས་དེ་ལ་བཀག་འགོག་བྱས་ནས་ནུབ་ཕྱོགས་པ་ཚོར་ཕོག་ཐུག་བྱུང་། ཨུ་རུ་སུ་དང་རྒྱ་ནག་གི་རང་བཙན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་དགའ་མོས་མ་བྱུང་། ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ཁ་བྲལ་དུམ་བུ་དང་ནུས་མེད་དུ་བཏང་སྟེ་དེའི་རང་བྱུང་ཐོན་སྐྱེད་རྣམས་འཕྲོག་འདོད་བྱེད་ཀྱི་ཡོད་པ་རེད་ཅེས་སྐྱོན་བཙུགས།།

ཨུ་རུ་སུའི་སྲིད་འཛིན་ཟུར་པ་མེ་ཌ་ཝེ་ཌེབ་ཀྱིས་མུ་མཐུད་དུ་བཤད་པ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་བརྒྱབ་པ་ནི་ཕྱི་དགྲ་བཀག་སྟེ་ཨུ་རུ་སུར་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་རྩ་མེད་གཏོང་འཆར་མེད་ཟེར་གྱི་ཡོད་ཀྱང་ཡུཀ་རེན་ལ་རོགས་སྐྱོར་བྱེད་ཀྱི་འདུག ད་ལྟའི་ཡུཀ་རེན་ཟེར་བའི་རྒྱལ་ཁབ་ཧྲིལ་པོ་སྔོན་ཆད་ཨུ་རུ་སུའི་བཙན་རྒྱལ་གྱི་ཆ་ཤས་སུ་གཏོགས། ༡༩༩༡་ལོར་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་དང་༡༩༩༤་ལོར་ཧང་གྷ་རིའི་རྒྱལ་ས་བྷུ་དྷ་པེ་སི་ཊིར་ཕྱོགས་གཉིས་ཀྱི་ས་མཚམས་དབྱེ་འབྱེད་ཀྱི་གྲོས་མཐུན་བཞག ཉི་མ་གཅིག་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བ་ཡར་རྒྱས་འགྲོ་ཤས་ཆེ། ཡིན་ནའང་དེའི་བར་དུ་ཡུན་རིང་འགོར་རྒྱུ་ཡིན་པར་མ་ཟད། སྔ་ཕྱི་མ་གཏོགས་འཐབ་འཁྲུག་འདི་ཞི་འཇམ་སོང་སྟེ་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ། ངས་ཁ་ཞེ་གཉིས་མེད་ཀྱིས་སྐབས་དེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལས་ཐོག་འགོ་ཁྲིད་འདི་དག་བགྲེས་ཡོལ་དུ་ཕྱིན་ཚར་ཡོད་པའམ། ཡང་ན་ཁག་ཅིག་ཤི་ཟིན་ཡོད་པའི་རེ་ལྟོས་འཆང་གི་ཡོད་ཅེས་བཤད་འདུག
ཕྱི་ཟླ་༣་པའི་ཚེས་༢༣་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། འཇར་མན་ཎིའི་ཁྲིམས་འཛིན་བློན་ཆེན་ཟུར་པ་མར་ཀོ་བྷུ་ཤ་མན་གྱིས་བྷིལ་ཌ་(Bild)ཚགས་པར་གྱི་གསར་འགོད་པར་འཇར་མན་ཎིའི་ས་ཐོག་ཏུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བསླེབས་ན་ཁོ་པ་འཛིན་བཟུང་བྱེད་ཀྱི་རེད། ངས་བལྟས་ན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་གང་མགྱོགས་རང་གི་ཚོགས་འཐུས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་འཛིན་བཟུང་བྱ་དགོས་པའི་བརྡ་ཁྱབ་གཏོང་གི་རེད། དེས་ན་ཕུ་ཊིན་འཇར་མན་ཎིའི་ས་ཐོག་ཏུ་བསླེབས་རྗེས་འཛིན་བྱ་དགོས་ངེས་རེད་ཅེས་བཀྲལ། ཨུ་རུ་སུའི་སྲིད་འཛིན་ཟུར་པ་མེ་ཌ་ཝེ་ཌེབ་ཀྱིས་འཇར་མན་ཎིའི་ཁྲིམས་འཛིན་བློན་ཆེན་ཟུར་པའི་སྐད་ཆར་དགག་པ་བརྒྱབ་པའི་ཞོར་དུ་ཨ་མི་རི་ཀ་གཙོས་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པར་ཉེན་བརྡ་བཏང་ཞིང་། ཉམས་ཞིབ་པ་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་ཐུབ་རྒྱུ་ནི་དཀའ་བར་སྣང་། ཡིན་ནའང་ཨུ་རུ་སུའི་ནང་ཁུལ་དུ་སྲིད་འགྱུར་བྱུང་སྟེ་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་གཏོང་བར་ཕུ་ཊིན་རྩིས་སྤྲོད་བྱེད་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༢༢་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ནག་ཉེས་བཙུགས་ནས་འཛིན་བཟུང་བྱ་དགོས་པའི་གསལ་བསྒྲགས་སྤེལ་བ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཐག་གཅོད་ཅིག་རེད། ཕུ་ཊིན་ཚུལ་ཇི་ལྟར་དང་དུས་ནམ་ཞིག་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་མིན་བཤད་དཀའ། ༡༩༩༩་ལོར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་སར་བྷི་ཡའི་སྲིད་འཛིན་མཱི་ལོ་སི་ཝི་ཆིར་དམག་འཁྲུག་གི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱ་དགོས་པའི་བཅད་ཁྲ་བསྒྲགས། མཱི་ལོ་སི་ཝི་ཆིས་ང་ལ་ཉེས་འཛུགས་བྱས་པ་ནི་ནག་ཉེས་ཡོད་པས་མིན་པར་ང་ནི་རང་གི་རྒྱལ་ཁབ་ཀྱི་ཆེ་མཐོང་དོན་དུ་མཁྲེགས་པོར་ལངས་ནས་ནག་ཉེས་བཙུགས་པ་རེད་ཅེས་གཏུགས་བཤེར་བརྒྱབ། ༢༠༠༠་ལོར་སར་བྷི་ཡའི་མི་དམངས་ཀྱིས་མཱི་ལོ་སི་ཝི་ཆིར་ངོ་རྒོལ་བྱས་ནས་གནས་དབྱུང་བཏང་སྟེ་ཟླ་ཤས་རྗེས་སུ་མཱི་ལོ་སི་ཝི་ཆི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲད། ༢༠༠༡་ལོའི་ཕྱི་ཟླ་༦་པའི་ནང་མཱི་ལོ་སི་ཝི་ཆི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བཙོན་ཁང་དུ་ཤི་དགོས་བྱུང་ཡོད་པ་ལྟར་ཕུ་ཊིན་ལའང་དེ་ལྟར་འབྱུང་མི་སྲིད་པ་ཞིག་མིན་ཞེས་གནས་ཚུལ་སྤེལ་འདུག ཐོག་མར་ཨུ་རུ་སུའི་གཞུང་གིས་ཕུ་ཊིན་ལ་ཉེས་འཛུགས་བྱུང་བར་སྣང་མེད་བཏང་རུང་ཉེ་དུས་ཤིག་ནས་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་དགོས་ཞེས་གླེང་གི་ཡོད་པར་བལྟས་ན་ཨུ་རུ་སུ་དོགས་འདྲོག་ཆེན་པོ་ལངས་ཡོད་པའི་རྟགས་སུ་མངོན།།

ཨུ་རུ་སུའི་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡུཀ་རེན་ལ་དམག་འཁྲུག་རྒྱག་གི་མེད། ཡུཀ་རེན་གྱི་མངའ་ཁོངས་སུ་ཨུ་རུ་སུའི་མི་རིགས་ཡོད་པ་དེ་ཚོར་སྲུང་སྐྱོབ་ཀྱི་དམིགས་བསལ་དམག་དོན་ལས་འགུལ་ཞིག་སྤེལ་གྱི་ཡོད། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མི་དམངས་ལ་སྡུག་སྦྱོང་མནར་གཅོད་བཏང་མྱོང་མེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བཅད་ཁྲ་དེ་ནུས་མེད་དང་དོན་སྟོང་ཞིག་རེད། ཡུཀ་རེན་གྱིས་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྣང་མེད་གཏོང་གི་འདུག རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བཅད་ཁྲ་དེ་ཕྱོགས་ལྷུང་དང་ཚད་ལས་བརྒལ་བའི་ཐག་གཅོད་ཅིག་རེད་ཅེས་དགག་པ་བརྒྱབ། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་ཁོངས་སུ་ཞུགས་མེད་མོད། འོན་ཀྱང་ཡུཀ་རེན་གྱི་གཞུང་གིས་རང་གི་ས་ཐོག་ཏུ་བྱུང་བའི་ཉེས་དོན་ཁག་ལ་རྒྱལ་སྤྱིའི་ཁྲིམས་དེར་ཞིབ་འཇུག་བྱེད་དུ་བཅུག་ཅིང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་བཅད་ཁྲ་ལག་ལེན་བསྟར་ཐུབ་པའི་དབང་ཚད་མེད་པས་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཐག་གཅོད་ལག་ལེན་བསྟར་དགོས་པའི་ལས་འགན་བཅོལ་ཡོད་པའི་གནས་ཚུལ་ཐོན། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་གྱི་ཐོ་རེངས་སུ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས། ཡུ་རོབ་གླིང་དུ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བྱུང་མྱོང་མེད་པའི་འཐབ་འཁྲུག་ཆེན་པོ་ཞིག་ལངས་སོ།།

XS
SM
MD
LG