ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་ཕེབས་པར་རྒྱབ་སྐྱོར་གནང་བ། 


གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར། ཨ་མེ་རི་ཀའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་རྒྱབ་སྐྱོར་གྱི་རྣམ་པ་བསྟན། རྒྱ་ནག་གིས་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་ཕེབས་པའི་སྐོར་ལ་དཔལ་འབྱོར་དང་དམག་དོན་གྱི་སྡིགས་ར་བསྐུལ་བའི་བྱེད་ཐབས་སྣ་ཚོགས་ཀྱིས་དེར་རྒོལ་ལན་ཤུགས་ཆེན་སློག་ཁུལ་གྱི་རྣམ་པ་མངོན་ཡང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིས་དེ་དོན་དུ་ལན་འདེབས་གནང་གསལ་ལ་རྒྱ་ནག་གི་བྱེད་སྟངས་དེར་ཧ་ལས་ཧང་སངས་དགོས་དོན་གང་ཡང་མེད་ཅིང་། རྒྱ་ནག་གིས་རྩ་བའི་རྩ་དོན་ལ་འགལ་བའི་ལས་ཀ་མཚམས་མ་ཆད་པར་བྱས་པ་དེར། ཨ་རིའི་ངོས་ནས་རྒོལ་ལན་ངེས་པར་སློག་དགོས་ཀྱི་འདུག ཅེས་ནན་བརྗོད་གནང་འདུག དེ་དང་ཆབས་ཅིག རྒྱ་ནག་གིས་མུ་མཐུད་ནས་གནས་སྟངས་ཛ་དྲག་ཚ་རུ་བཏང་དང་གཏོང་མུས་ཡིན་པའི་སྐོར་ནས། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་གོ་མཚོན་གྱི་རོགས་རམ་སྔར་ལས་མང་བ་བཏང་ནས་ཐེ་ཝན་གྱི་རང་སྲུང་གི་ནུས་པ་ཡར་རྒྱས་གཏང་དགོས་པའི་སྐད་ཆ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ངོ་ལས་ཐེ་ཝན་གྱི་དུས་ཚོད་རེས་གཟའ་མིག་དམར་གྱི་དགོང་མོར་ཐེ་པེ་རུ་འབྱོར་ཞིང་། འགྲུལ་བཞུད་དེར་རྒྱལ་སྤྱི་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་གནང་འདུག རེས་གཟའ་ལྷག་པའི་སྔ་དྲོར་ལྕམ་ནན་སི་ཕེ་ལོ་སི་མཆོག་དང་ཐེ་ཝན་ཁྲིམས་བཟོ་ལྷན་ཁང་གི་འགན་འཛིན་གཞོན་པ་ཚའེ་ཆི་ཁྲང་དང་ལྷན་དུ་ཡོངས་གྲགས་ཀྱི་ཐོག་ནས་མཇལ་འཛོམས་གནང་རྗེས། སྲིད་འཛིན་ཕོ་བྲང་གི་ཕྱོགས་སུ་ཕེབས་ཏེ་སྲིད་འཛིན་ལྕམ་ཚའེ་དབྱིན་ཝེན་དང་མཇལ་འཕྲད་གནང་ཐོག་རྣམ་གཉིས་ནས་ཡོངས་གྲགས་ཐོག་གཏམ་བཤད་གནང་འདུག

ད་ལན་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ཨེ་ཤེ་ཡའི་ཁུལ་དུ་ཕྱོགས་ཕེབས་གནང་སྐབས་ལྷན་ཞུགས་ཁོངས་མི་ལྔ་པོ་ཐམས་ཅད་དམངས་གཙོ་ཚོགས་པའི་ཚོགས་མི་ཞེ་གཅིག་ཡིན་འདུག་པ་ལས། གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་Gregory Meeks ལགས་དང་། དམག་ཁོངས་ནས་ལས་ཞབས་གྲུབ་ནས་ཕྱིར་ལོག་པའི་དམག་མིའི་ལྷན་ཚོགས་ཀྱི་འགན་འཛིན་Mark Takano ལགས། དཔལ་འབྱོར་འདུ་འགོད་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་Suzan Delbene ལགས། གསང་བའི་ལས་ཀ་ལྷན་ཚོགས་ཀྱི་ཁོངས་མི་Raja Krishnamoorthi ལགས། དམག་དོན་ལྷན་ཚོགས་ཀྱི་ཁོངས་མི་Andy Kim ལགས་བཅས་སོ།།

ད་ཐེངས་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ཨེ་ཤེ་ཡའི་ཁུལ་གྱི་འགྲུལ་བཞུད་དེ་ལས། མི་ཚང་མས་དོ་སྣང་གི་མིག་དབང་དེ་ཐེ་ཝན་ལ་ཕྱོགས་པ་དང་། སྤྱི་ཟླ་བདུན་པའི་ནང་ལྕམ་ནན་སེ་ཕེ་ལོ་སི་མཆོག་ཐེ་ཝན་དུ་ཕེབས་རྒྱུ་ཡིན་སྐོར་གྱི་གནས་ཚུལ་ཕྱིར་དོན་པ་ནས་བཟུང་། རྒྱ་ནག་གཞུང་དང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་སྡིགས་ར་སྐུལ་ཤུགས་ཉིན་རེ་ནས་ཉིན་རེ་བཞིན་ཆེ་བ་དང་། རྒྱ་ནག་གི་དམག་ཕྱོགས་ནས་ཀྱང་དམག་སྦྱོང་བྱ་རྒྱུ་ཡིན་ཚུལ་གྱི་གནས་ཚུལ་སྤེལ་ནས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་ཕེབས་རྒྱུར་འགོག་རྐྱེན་བཟོ་ཐབས་བྱས། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་Bob Menendez ལགས་ནས་གསར་འགོད་པའི་དྲི་བ་འདྲི་སྐབས་ལན་འདེབས་གནང་གསལ་ལ། སུ་ཞིག་ཐེ་ཝན་ལ་འགྲོ་མིན་དེ་རྒྱ་ནག་གིས་ཐོག་གཅོད་བྱེད་དགོས་དོན་མེད། ཅེས་བརྗོད་འདུག Bob Menendez ལགས་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་Lindsey Graham ལགས་རྣམ་གཉིས་ནས་ད་ལོའི་སྤྱི་ཟླ་བཞི་པའི་ནང་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་སྣེ་ཁྲིད་ནས་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པ་རེད། གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་དེ་དུས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་དབྱིན་ཝེན་དང་། རྒྱལ་སྲུང་དང་ཕྱི་སྲིད་ཀྱི་དཔོན་རིགས་ཚོ་དང་ལྷན་དུ་མཇལ་འཕྲད་གནང་བ་རེད།

ཧྥུ་ལོ་རི་ཏཱ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་དམག་དོན་ལྷན་ཚོགས་ཀྱི་ཚོགས་མི་དང་སྤྱི་མཐུན་ཚོགས་པའི་འཐུས་མི་Rick Scott ལགས་ནི་ནམ་རྒྱུན་སྲིད་འཛིན་བྷ་ཌན་མཆོག་གིས་སྲིད་ཇུས་འཛིན་ཕྱོགས་ལ་དགག་པ་རྒྱག་མཁན་ཞིག་ཡིན་ཡང་། ཁོང་གིས་ད་ཐེངས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད། ཅེས་བསྔགས་བརྗོད་གནང་ཡོད་ཅིང་། ཁོང་གིས་གསུངས་དོན་ལ། ཁྲིམས་བཟོ་བ་ཞིག་ལ་མཚོན་ནས་བཤད་ན་ཐེ་ཝན་ལ་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཨ་རིས་ངེས་པར་དུ་སོ་སོའི་མཐུན་གྲོགས་ཚོ་དང་ནུས་པ་མཉམ་སྤུངས་བྱ་དགོས། ཐེ་ཝན་ནི་དམངས་གཙོ་ལྡན་པའི་གླིང་ཕྲན་ཞིག་རེད། ཐེ་ཝན་མི་དམངས་ཀྱིས་དམངས་གཙོའི་རིན་ཐང་ལྟ་གྲུབ་དེ་ལ་ཡིད་ཆེས་བརྟན་པོ་ཡོད་རེད། དེ་བས་ང་ཚོས་ཁོང་ཚོའི་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་འདུག ད་ལོའི་སྤྱི་ཟླ་བདུན་པའི་ཟླ་མགོ་ཙམ་ལ་Rick Scott ལགས་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་དབྱིན་ཝེན་དང་མཇལ་འཕྲད་གནང་ཡོད་པ་རེད།

དེ་ཡང་ལྕམ་ནན་སེ་ཕེ་ལོ་སི་མཆོག་ཐེ་ཝན་ནང་ཕེབས་པའི་ཉིན་མོ་དེར། རེས་གཟའ་མིག་དམར་ཉིན་གྱི་དགོང་དྲོ་ཙམ་ལ་རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱིས་ཐེ་ཝན་ཉེ་འཁོར་གྱི་མཚོ་ཁུག་བཞིའི་ནང་མེ་ཤུགས་འཕུར་མདེལ་འཕེན་ནས་དམག་སྦྱོང་གལ་ཆེ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད། གྲོས་ཚོགས་གོང་མའི་དམག་དོན་ལྷན་ཚོགས་ཀྱི་འགན་འཛིན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་Jim Inhofe ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གསལ་ལ། ཁོས་བསམས་ན་ད་ཐེངས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པ་དེ་ནི་དོན་དག་བཟང་པོ་ཞིག་ཡིན་ཞིང་། ཁོས་རྒྱ་ནག་གིས་དམག་གི་སྡིགས་ར་བསྐུལ་རྒྱུར་བློ་འཚབ་མེད། རྒྱ་ནག་གིས་དམག་གི་སྡིགས་ར་བསྐུལ་བའི་བྱེད་སྟངས་དེ་ནི་རྒྱུན་ལྡན་འདྲ་པོ་ཆགས་ཡོད། དེ་ལ་ཧ་ལས་ཧང་སངས་དགོས་དོན་གང་ཡང་མེད། རྒྱ་ནག་གི་བྱེད་སྟངས་ལ་འགྱུར་བ་ཕྱིན་མེད་ཅེས་གསུངས་འདུག

ཐེན་ནཱ་སི་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་དང་སྤྱི་མཐུན་ཚོགས་པའི་འཐུས་མི་Bill Hagerty ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ཁོས་བསམ་པར་ད་ལྟ་རྒྱ་ནག་གིས་དམག་གི་སྡིགས་ར་བསྐུལ་བའི་བྱེད་སྟངས་དེ་རྒྱུན་ལྡན་འདྲ་པོ་ཆགས་ཀྱི་ཡོད་རེད། ཅེས་གསུངས་ཡོད་པ་དང་། ཡང་དབྱིན་ཏི་ཨན་ནཱ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་Todd Young ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་ལ། པེ་ཅིང་གིས་ཚད་ལས་བརྒལ་བའི་བྱེད་སྟངས་དང་རྣམ་འགྱུར་དེ་དག་གིས་ང་ཚོས་རྒྱ་ནག་ལ་རྒོལ་ལན་སློག་ཆེད་ཐེ་ཝན་ལ་གང་མགྱོགས་གོ་ལག་མཚོན་ཆ་རིགས་མཁོ་སྤྲོད་བྱེད་དགོས་པའི་དོན་དངོས་དེ་མཚོན་གྱི་ཡོད། ད་ལྟ་ནི་ང་ཚོས་ཐེ་ཝན་ལ་གོ་ལག་མཁོ་སྤྲོད་བྱ་རྒྱུ་དུས་ལ་བབས་པ་རེད་ཅེས་གསུངས་འདུག

གྲོས་ཚོགས་གོང་མའི་དམག་དོན་ལྷན་ཚོགས་ཀྱི་ཚོགས་མི་དང་སྤྱི་མཐུན་ཚོགས་པའི་འཐུས་མི་Thom Tillis ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་ལ། ད་ཐེངས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར་རྒྱབ་སྐྱོར་ཡོད་ཅེས་དང་། ཁོ་བོའི་བསམ་པར་ང་ཚོས་ཐེ་ཝན་ཆེད་དུ་གནད་དོན་མང་པོ་ལ་གདོང་ལེན་བྱེད་དགོས། ད་ཐེངས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པ་དེ་ནི་འདས་པའི་མི་ལོ་༢༥ རིང་ལ་བྱུང་མྱོང་མེད་པའི་དོན་དག་ཆེན་པོ་སྙིང་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གིས་ག་དུས་ཡིན་ནའང་། ང་ཚོའི་མ་མཐའི་ཚད་གཞིའམ་རྩ་བའི་རྩ་དོན་ལ་འགྲན་སློང་བྱེད་བཞིན་ཡོད་པས་ང་ཚོས་ངེས་པར་དུ་དེ་ལ་རྒོལ་ལན་སློག་དགོས། ཞེས་གསུངས་འདུག

ནམ་རྒྱུན་ཝ་ཤིང་ཊོན་ལ་ཡོད་པའི་སྲིད་དོན་ཚོགས་པ་གཉིས་ཀའི་ལྟ་བ་ལངས་ཕྱོགས་ཐ་དད་ཆགས་ཡོད་ཀྱང་། ད་ཐེངས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པའི་གནད་དོན་སྐོར་ལ་སྔར་བྱུང་མྱོང་མེད་པའི་གཅིག་མཐུན་ཆགས་འདུག གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་Mitch

ལགས་ཀྱིས་རེས་གཟའ་མིག་དམར་ཉིན་དུས་ཡུན་སྐར་མ་གསུམ་གྱི་རིང་ལ་གཏམ་བཤད་སྤེལ་ཏེ། ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར་རྒྱབ་སྐྱོར་གནང་འདུག ཁོང་གིས་གསུངས་དོན་ལ། ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་རྒྱུའི་དབང་ཆ་ཆ་ཚང་ཡོད་པ་རེད། ཐེ་ཝན་གྱི་གནད་དོན་ཛ་དྲག་ཆགས་འཇུག་མཁན་པེ་ཅིང་རེད། རྒྱ་ནག་གིས་ནམ་རྒྱུན་དྲག་པོར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་བསམ་གྱི་ཡོད་རེད། པེ་ཅིང་གིས་ཐེ་ཝན་མི་དམངས་དང་ཐ་ན་དམག་གི་དྲག་སྤྱོད་བེད་སྤྱོད་བཏང་ནས་ཐེ་ཝན་གྱི་དམངས་གཙོ་རྩ་བརླག་གཏང་རྒྱུའི་ཧམ་སེམས་བཅངས་ཡོད། དོན་དམ་ལ་དཀྲོག་རྐྱེན་བཟོ་མཁན་དེ་པེ་ཅིང་ཕྱོགས་ནས་རེད། ཅེས་གསུངས་འདུག

ཨ་ལཱ་སི་ཀ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཏན་སུའུ་ལི་ཝན་Dan Sullivan ལགས་ཀྱིས་རེས་གཟའ་མིག་དམར་ཉིན་ལ་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཉི་ཤུ་ལྷག་སྣེ་ཁྲིད་དེ་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་ལས། ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར་རྒྱབ་སྐྱོར་གནང་འདུག འཐུས་མི་ཚོས་སྤེལ་བའི་གསལ་བསྒྲགས་དེའི་ནང་འཁོད་དོན་ལ། ང་ཚོས་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར་རྒྱབ་སྐྱོར་ཡོད། འདས་པའི་ལོ་བཅུ་གྲངས་ཤིག་གི་རིང་ལ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཚུད་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཐེ་ཝན་ལ་ཕེབས་མྱོང་ཡོད་རེད། ད་ཐེངས་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པ་དེ་ཡང་ཨ་རིས་འཛིན་པའི་རྒྱ་ནག་གཅིག་གི་རྩ་དོན་དང་མཐུན་གྱི་ཡོད་རེད། ང་ཚོས་ཐེ་ཝན་དང་འབྲེལ་ལམ་སྐོར་གྱི་ཁྲིམས་ལུགས་ཀྱི་འབྲུ་དོན་ཁག་ལ་སྔར་ལས་ལྷག་པར་བརྩི་སྲུང་བྱེད་བཞིན་ཡོད། ཅེས་བཀོད་འདུག

མཉམ་འབྲེལ་གསལ་བསྒྲགས་དེ་ནི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཏན་སུའུ་ལི་ཝན་Dan Sullivan ལགས་དང་། གཞན་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི MIitch McConnell ལགས། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མིJohn Thune ལགས། གྲོས་ཚོགས་གོང་མའི་དམག་དོན་ལྷན་ཚོགས་ཀྱི་འགན་འཛིན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་Jim Inhofe ལགས། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་Jim Risch ལགས་སོགས་ཁྱོན་སྤྱི་མཐུན་ཚོགས་པའི་འཐུས་མི་༢༥ ཡིས་ཐུན་མོང་ཐོག་ནས་སྤེལ་གནང་བ་ཞིག་རེད།།

XS
SM
MD
LG