ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་མངའ་སྡེ་༡༥་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ།


༄༅།། ཕྱི་ཟླ་༣་པའི་ཚེས་༣་གྱི་མཚམས་སུ་ཨ་མི་རི་ཀར་མངའ་སྡེ་༥༠་ཡོད་པ་དེའི་ཁོངས་ནས་མངའ་སྡེ་༡༥་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ། ད་ལྟ་ཨ་མི་རི་ཀའི་རིམས་ནད་ཁྱབ་ཡུལ་མངའ་སྡེ་ཁག་ཏུ་ནད་པ་༡༠༠་ལྷག་ཡོད་པ་དང་མི་༦་ལ་འཆི་སྐྱོན་བྱུང་། མི་ལ་འཆི་སྐྱོན་བྱུང་བ་ཚང་མ་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་མངའ་སྡེའི་རྫོང་ཁག་གཅིག་གི་མི་ཡིན་པས་རྫོང་དེའི་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་ནས་རིམས་ནད་ཁྱབ་གདལ་ལ་དོགས་ཟོན་བྱེད་ཀྱི་ཡོད་ཅིང་། ཨ་རིའི་ནད་པ་བརྒྱ་ཆ་༩༠་ལྷག་རྒྱ་ནག་དང་ཉི་ཧོང་གི་མཚོ་ཁར་འགགས་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས། ཨི་ཊི་ལི་དང་ཨི་རན་བཅས་ལ་འགྲིམ་འགྲུལ་བྱས་ནས་ནད་དུག་འགོས་པའམ། ཡང་ན་མི་ནས་མི་ལ་བགོས་པ་ཡིན་རུང་ཨ་མི་རི་ཀའི་ས་ཐོག་ཏུའང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་ཉུང་ཤས་ཤིག་ཡོད་ཀྱང་མི་དེ་དག་ལ་རིམས་ནད་ཇི་ལྟར་འགོས་པ་རྩད་གཅོད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན། ཡིན་ནའང་གཟའ་མཇུག་འདི་མི་འགྱངས་པར་ཨ་རིའི་དབུས་གཞུང་དང་མངའ་སྡེ་ཁག ས་གནས་བཅས་ཀྱི་འབྲེལ་ཡོད་འཕྲོད་བསྟེན་ལྷན་ཁང་ཁག་གིས་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་ཨ་རི་བ་ས་ཡ་༡་ཡས་མས་ཤིག་ལ་བརྟག་དཔྱད་བྱ་ཐུབ་རྒྱུའི་ཚོད་དཔག་བྱས་འདུག

རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་གཟའ་མིག་དམར་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཆུ་ཚོད་༢༤་རིང་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༡༢༥་བྱུང་བ་དང་མི་༣༡་ལ་འཆི་སྐྱོན་བྱུང་སོང་། འདི་ནི་ཕྱི་ཟླ་དང་པོའི་ཚེས་༢༡་ནས་བཟུང་སྟེ་རྒྱ་ནག་གི་ས་ཐོག་ཏུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཆེས་ཉུང་ཤོས་དེ་ཡིན་ཞེས་བསྒྲགས། འོན་ཀྱང་ད་བར་རྒྱ་ནག་གི་ས་ཐོག་ཏུ་ཏོག་དབྱིབས་རིམས་ནད་བྱུང་ནས་མི་༨༠༡༥༡་ལ་ནད་མནར་དང་མི་༢༩༤༣་ལ་འཆི་སྐྱོན། ད་དུང་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འཛམ་གླིང་གི་རྒྱལ་ཁབ་༧༠་ཙམ་ལ་ཁྱབ་ཟིན། རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཨི་ཊི་ལི་དང་ཨི་རན་སོགས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་འགྲོ་སའི་རྒྱལ་ཁབ་ཁག་གི་འགྲུལ་པ་རྣམས་རྒྱ་ནག་ལ་ཡོང་ན་ཉིན་༡༤་ལ་ལོགས་སུ་འགོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ཀྱང་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་བཀག་སྡོམ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་གཏམ་བཤད་བྱས་འདུག

ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༥༡༨༦་ཡོད་པ་དང་མི་༣༡་ལ་འཆི་སྐྱོན། གཟའ་མིག་དམར་ཉིན་སྲིད་འཛིན་མུ་ཅེ་དབྱིན་གྱིས་ལྷོ་ཀོ་རི་ཡའི་ལྷན་ཁང་ཁག་གི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཉིན་མཚན་དབྱེར་མེད་ཀྱིས་ཚབས་ཆེའི་འགོས་ནད་འདི་འགོག་པར་འཐབ་རྒོལ་བྱེད་བཞིན་ཡོད། ཏོག་དབྱིབས་རིམས་ནད་ཀྱིས་ལྷོ་ཀོ་རི་ཡའི་དཔལ་འབྱོར་ལ་གནོད་སྐྱོན་མི་ཐེབས་པ་དང་རིམས་ནད་བཀག་སྡོམ་ནུས་པ་ཐོན་པ་ཞིག་བྱེད་པར་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་སྒེར་ཐེར་འབུམ་༢༥་འགྲོ་གྲོན་གཏོང་རྒྱུ་ཡིན། ལྷོ་ཀོ་རི་ཡའི་གཞུང་དམངས་གཉིས་རིམས་ནད་སྔོན་འགོག་གི་འཐབ་འཁྲུག་ལ་ཞུགས་ཡོད་ཅེས་གཏམ་བཤད་བྱས་འདུག རྒྱ་ནག་གི་འཕྲོ་ནས་ལྷོ་ཀོ་རི་ཡར་ཉིན་ལྟར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྒྱལ་ཁབ་དེའི་གླུ་གཞས་འཁྲབ་སྟོན་གྱི་འདུ་འཛོམས་ཁག་དང་རྩེད་འགྲན་ཁག ཆོས་ལུགས་དང་སྲོལ་རྒྱུན་བྱེད་སྒོ་ཁག་རེ་ཞིག་མཚམས་འཇོག་བྱས་ནས་མི་ཚོགས་འདུ་མི་དགོས་པའི་འབད་བརྩོན་བྱེད་བཞིན་འདུག

ཨི་རན་ལ་ཕྱི་ཟླ་༣་པའི་ཚེས་༣་ཉིན་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༢༣༣༦་ཡོད་པ་དང་མི་༧༧་ལ་འཆི་སྐྱོན་བྱུང་སོང་ཞེས་རྒྱལ་ཁབ་དེའི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག མི་ལ་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིའི་མཐོ་རིམ་སློབ་སྟོན་པ་ཞིག་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དུ་བཅའ་སྡོད་ཨི་རན་གྱི་གཞུང་ཚབ་པ་སོགས་ཡོད་པར་མ་ཟད། ཨི་རན་གྱི་ནད་པ་དེ་དག་གི་གྲས་སུ་རྒྱལ་ཁབ་དེའི་སྲིད་འཛིན་གཞོན་པ་དང་འཕྲོད་བསྟེན་བློན་ཆེན་གཞོན་པ་སོགས་གཞུང་གི་མཐོ་རིམ་འགོ་ཁྲིད་༦་དང་གནད་ཡོད་གྲོས་ཚོགས་འཐུས་མི་ཞིག ཨི་རན་གྱི་ཆོས་ལུགས་དབང་འཛིན་པའི་གྲས་ཀྱི་མཐོ་རིམ་ཆོས་ལུགས་པ་ཞིག་བཅས་འདུས། ད་ལྟ་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་ཨི་རན་གྱི་དམག་རྣམས་ཚབས་ཆེའི་འགོས་ནད་དེ་སྔོན་འགོག་གི་ལས་སུ་མཉམ་ཞུགས་བྱ་དགོས་ཞེས་བཀའ་བཏང་ཡོད་པར་བརྟེན། ཨི་རན་གྱི་དམག་དང་མི་མང་དང་བླངས་པ་༣༠༠༠༠༠་ལྷག་རིམས་ནད་སྔོན་འགོག་གི་ལས་སུ་ཞུགས་འདུག

ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་གཞུང་གིས་ཕྱི་ཟླ་༣་པའི་ཚེས་༣་ཉིན་ཨི་ཊི་ལི་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༨༣༥་ཡོད་པ་དང་མི་༥༢་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ཨི་ཊི་ལིའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁག་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན། ཡུལ་སྐོར་སྤྲོ་འཆམ་དང་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པའི་སྒྲིག་ཁྲིམས་རྣམས་ལག་ལེན་ཚུལ་བཞིན་བསྟར་གྱི་ཡོད། གལ་སྲིད་རིམས་ནད་སྔོན་འགོག་གི་ཁྲིམས་ལ་འགལ་འཛོལ་བྱེད་མཁན་བྱུང་ན་ཉེས་ཆད་གཅོད་རྒྱུ། ཨི་ཊི་ལིའི་འཕྲོ་ནས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༥༠་ཡོད་ཀྱང་རྒྱལ་ཁབ་དེའི་ས་ཐོག་ཏུ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་མ་ཐོན། ཧྥ་རན་སིར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༠༠་ལྷག་ཡོད་པ་དང་མི་༢་ལ་འཆི་སྐྱོན་བྱུང་། ཁ་སང་ནས་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་འགྲེམ་སྟོན་ཆེན་མོ་དང་ཡུལ་སྐོར་སྤྲོ་འཆམ་པ་འདུ་ས་ཁག་ཅིག་རེ་ཞིག་སྒོ་བརྒྱབ། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རང་གི་མངའ་ཁུལ་དེར་རིམས་ནད་ཁྱབ་གདལ་གྱི་ཚད་གཞི་འབྲིང་ཚད་ནས་མཐོ་ཚད་བར་དུ་ཡར་སྤར། ད་ལྟ་ཡུ་རོབ་གླིང་དུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༢༠༠༠་ལྷག་ཡོད་ཀྱང་ནད་པ་མང་ཆེ་བ་ཨི་ཊི་ལི་རྒྱལ་ཁབ་གཅིག་པུ་ཡིན་པས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཨི་ཊི་ལིར་ས་མཚམས་བཀག་ནས་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་རྒྱུ་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་ལ་ཕྱི་ཟླ་༣་ཚེས་༣་གྱི་མཚམས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༦་ཡོད་པ་དང་ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་མི་༧་ཡོད། མི་༦་ཨ་གྷ་ར་མངའ་སྡེའི་ནང་དུ་ཡོད་ཅེས་བསྒྲགས། རྒྱ་གར་གཞུང་གིས་རིམས་ནད་སྔོན་འགོག་ཆེད་དུ་ཨི་ཊི་ལི་དང་ཨི་རན། ལྷོ་ཀོ་རི་ཡ་དང་ཉི་ཧོང་བཅས་རྒྱལ་ཁབ་བཞིའི་སྤྱི་དམངས་རྣམས་རྒྱ་གར་གྱི་གནམ་ཐང་ཁག་ལ་འབྱོར་མཚམས་སུ་ཐོངས་མཆན་སྤྲོད་རྒྱུ་སྐབས་ཤིག་ལ་མཚམས་བཞག རྒྱ་གར་གྱི་ནད་པ་གཅིག་ལོ་ན་༤༥་ལ་སོན་པའི་རྒྱལ་ས་ལྡི་ལིའི་སྐྱེས་པ་ཞིག་ཡིན་པ་སྟེ། ཁོ་པ་ཨི་ཊི་ལིར་སྤྲོ་འཆམ་དུ་སོང་ནས་ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ཨོ་སི་ཊི་རི་ཡ་བརྒྱུད་ནས་རྒྱ་གར་ལ་ཕྱིར་ལོག་བྱས་འདུག བདུན་ཕྲག་སྔོན་མར་སྐྱེས་པ་དེ་ཨ་གྷ་ར་མངའ་སྡེའི་ཁྱིམ་ཚང་ཞིག་ལ་སྐྱེས་སྐར་དགའ་སྟོན་འཚོགས་པར་མགྲོན་འབོད་བྱས་ནས་ཁྱིམ་ཚང་དེའི་བཟའ་མི་ཚོར་ནད་དུག་བགོས། དེར་བརྟེན་རྒྱ་གར་གཞུང་དང་ཨོ་སི་ཊི་རི་ཡའི་གཞུང་གིས་ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ཝྭི་ཡ་ན་ནས་ལྡི་ལི་བར་དུ་འཕུར་སྐྱོད་བྱས་པའི་གནམ་གྲུ་དེའི་ནང་གི་འགྲུལ་པ་རྣམས་ཉི་མ་༡༤་ལ་རང་ཁྱིམ་དུ་འཛུལ་དགོས་ཞེས་བཀོད་ཁྱབ་བཏང་ཞིང་། སྲིད་བློན་མོ་དྷིས་མང་ཚོགས་ཀྱི་དངངས་འཚབ་བྱེད་དགོས་དོན་མེད། ང་ཚོ་མཉམ་འབྲེལ་བྱས་ནས་རིམས་ནད་སྔོན་འགོག་དང་རང་ཉིད་སྲུང་སྐྱོབ་ཀྱི་ལས་སུ་ཞུགས་དགོས། རྒྱ་གར་དབུས་གཞུང་དང་མངའ་སྡེ་རིམ་པའི་འཕྲོད་བསྟེན་ལས་སྣེ་ཚོས་རྒྱ་གར་ལ་འབྱོར་བའི་མི་ཚོར་ཚ་བ་ཡོད་མེད་བརྟག་དཔྱད་བྱས་ནས་རིམས་ནད་སྔོན་འགོག་ལ་གཟབ་ནན་བྱེད་ཀྱི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། འདི་དང་དུས་མཚུངས་སུ་བལ་ཡུལ་གཞུང་གིས་ཀྱང་རྒྱ་ནག་དང་ལྷོ་ཀོ་རི་ཡ། ཉི་ཧོང་དང་ཨི་རན། ཨི་ཊི་ལི་སོགས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེ་བའི་རྒྱལ་ཁབ་ཁག་གི་སྤྱི་དམངས་ཚོ་གནམ་ཐང་ལ་འབྱོར་མཚམས་སུ་ཐོངས་མཆན་སྤྲོད་རྒྱུ་གནས་སྐབས་རིང་མཚམས་བཞག་འདུག

XS
SM
MD
LG