ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་༡༢་ཨ་རི་ནས་ཕྱིར་འབུད།


༄༅།། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་བཅུ་༡༢་ལ་གསང་ཉུལ་གྱི་ནག་ཉེས་བཙུགས། ཁོ་ཚོ་ཕྱི་ཟླ་༣་པའི་ཚེས་༧་མི་འགྱངས་པར་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་ཞེས་ཨ་མིའི་གཞུང་གིས་བཀོད་ཁྱབ་བཏང་འདུག དེ་རིང་ཕྱི་ཟླ་༣་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་དེ་དག་སུ་སུ་ཡིན་མིན་གྱི་མིང་ཐོ་ཕྱིར་བསྒྲགས་བྱས་མེད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་མགྲིན་ཚབ་པ་ཨོ་ལི་ཝི་ཡ་ཌལ་ཊོན་གྱིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་དེ་ཚོས་ཨ་མི་རི་ཀར་གནས་སྡོད་བྱེད་ཆོག་པའི་ཐོབ་ཐང་ལོངས་སུ་སྤྱད་ནས་གསང་ཉུལ་གྱི་ལས་དོན་བསྒྲུབས་ཏེ་ཨ་རིའི་བདེ་འཇགས་ལ་ཉེན་ཁ་འབྱུང་གི་འདུག ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་དེ་དག་ཕྱིར་འབུད་བྱ་རྒྱུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་སྤྱི་ཁྱབ་ཁང་ལ་གྲོས་སྡུར་བྱས་ནས་མོས་མཐུན་བྱུང་ཡོད། ང་ཚོས་ཟླ་བ་མང་པོར་ཞིབ་འཇུག་བྱས་ནས་འདི་ལྟར་ཐག་གཅོད་བྱ་དགོས་བྱུང་སོང་ཞེས་གསལ་བསྒྲགས་སྤེལ། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨུ་རུ་སུའི་སྐུ་ཚབ་ནེ་བྷན་ཛི་ཡས་གསར་འགོད་ལྷན་ཚོགས་བསྐོངས་ནས་ང་ཚོའི་ཕྱི་འབྲེལ་མི་སྣ་ཁག་ཅིག་ཕྱི་ཟླ་༣་པའི་ཚེས་༧་མི་འགྱངས་པར་རང་ཡུལ་དུ་ཕྱི་ལོག་བྱ་དགོས་པའི་བཀའ་བཏང་སོང་། འདི་ནི་ཨུ་རུ་སུ་དགྲར་འཛིན་བྱེད་ཀྱི་ཡོད་པ་སླར་ཡང་ར་འཕྲོད་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཕྱིར་འབུད་བྱེད་ཀྱི་ཡོད་པ་ནི་གནས་ཚང་རྒྱལ་ཁབ་དེས་མཉམ་འབྲེལ་རྒྱལ་ཚོགས་སྒྲིག་ཁྲིམས་ཁག་ལ་བརྩི་འཇོག་བྱ་རྒྱུའི་ཁས་ལེན་དམའ་བཅའ་བྱས་པར་རྒྱབ་འགལ་བྱུང་བ་རེད་ཅེས་ཁ་རྡུང་བཏང་ཞིང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཞོགས་པར་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཕྱིར་ཕུད་དང་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་མང་དག་ཅིག་བྱུང་འདུག

དེ་རིང་ཕྱི་ཟླ་༣་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་མཐུན་ཕྱོགས་དང་ཡུཀ་རེན་གྱི་བཙན་འཛུལ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་བྷེ་ལ་རུ་སིར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་སྒོ་བརྒྱབ་སྟེ་དགོས་ངེས་མིན་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག་ཅེས་ཐག་བཅད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་ཡུཀ་རེན་གྱི་འཁྲུག་རྩོད་མ་བསླངས་ཀྱང་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱེད་ཀྱི་ཡོད་པ་དང་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་ལས་བྱེད་པའི་བདེ་འཇགས་ལ་འགན་ལེན་བྱེད་མི་ཐུབ་པས་བྷེ་ལོ་རུ་སིར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། བྷ་ལོ་རུ་སིར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཇཱུ་ལི་ཧྥི་ཤཱེར་གྱིས་ཊོས་དྲར་དྲྭ་ལམ་དུ་ཨ་མི་རི་ཀའི་རྒྱལ་དར་ཕབ་ནས་བསྡུ་གསོག་རྒྱག་གི་ཡོད་པའི་འདྲ་པར་ཞིག་དང་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱས་ཟིན་ཞེས་འཕྲིན་ཐུང་ཞིག་སྤེལ་འདུག ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བྷེ་ལོ་རུ་སིར་གནས་འཁོད་ཨ་མི་རི་ཀའི་སྤྱི་དམངས་རྣམས་འཕྲལ་དུ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས། བྷེ་ལོ་རུ་སིའི་སྲིད་གཞུང་ནི་ཨུ་རུ་སུའི་རྒྱབ་སྐྱོར་བ་གཏེ་དཔོན་ཞིག་རེད། བྷེ་ལོ་རུ་སིའི་ས་ཐོག་བརྒྱུད་ནས་ཡུཀ་རེན་ལ་བཙན་འཛུལ་བྱེད་དུ་བཅུག་པ་རེད་ཅེས་གསལ་བསྒྲགས་སྤེལ་འདུག་པར་མ་ཟད། ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་སྒོ་བརྒྱབ་སྟེ་པཱོ་ལན་ཌིའི་ས་མཚམས་སུ་ཆགས་པའི་ཡུཀ་རེན་གྱི་ལེ་ཝི་གྲོང་ཁྱེར་དུ་གནས་སྤོར་བྱས་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཕྱིར་འབུད་དང་ཨ་མི་རི་ཀའི་གཞུང་ཚབ་ཁང་སྒོ་བརྒྱབ་པའམ། ཡང་ན་ཨ་རིའི་གཞུང་ཚབ་ཁང་གནས་སྤོར་བྱེད་ཀྱི་ཡོད་པ་རྣམས་ཨུ་རུ་སུ་དང་བྷེ་ལོ་རུ་སི་གཉིས་ལ་ངོ་རྒོལ་བྱས་ནས་ངན་ལན་སློག་གི་ཡོད་པ་ཞིག་མིན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆའི་དཔུང་སྡེས་གྲ་སྒྲིག་བྱོས་ཞེས་བཀའ་བཏང་ཡོད་པས་ཨི་རིའི་གཞུང་ཚབ་ཁང་གི་ལས་བྱེད་པའི་བདེ་འཇགས་ལ་མནོ་བསམ་གཏོང་དགོས་པ་ཞིག་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། གཟའ་ཉི་མའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུའི་ས་གནས་ཁག་ཏུ་གནས་འཁོད་ཨ་རིའི་སྤྱི་དམངས་རྣམས་མྱུར་དུ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས། རྒྱལ་ཁབ་མང་དག་ཅིག་གིས་ཨུ་རུ་སུ་ལ་མཁའ་ལམ་འགྲིམ་འགྲུལ་བཀག་ནས་ཨ་རིའི་སྤྱི་དམངས་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་སྲིད་ཅེས་བརྡ་སྦྱོར་བཀྲམ། ཁ་སང་གཟའ་ཟླ་བ་ནས་རྒྱལ་ཁབ་༣༦་གིས་ཨུ་རུ་སུ་ལ་མཁའ་ལམ་བཀག་ནས་འགྲིམ་འགྲུལ་མཚམས་བཅད། ད་དུང་ཨ་མི་རི་ཀས་བྷེ་ལོ་རུ་སི་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན། ཁོ་ཚོས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་ནས་ཡུཀ་རེན་ལ་བཙན་འཛུལ་བྱེད་དུ་བཅུག་པར་མཇུག་འབྲས་ངན་པ་ཞིག་མྱོང་དགོས་ཞེས་བསྡིགས། དེ་བཞིན་གཟའ་འཁོར་འདིར་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་བྷེ་ལོ་རུ་སི་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་སྤེལ། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝོན་ཌར་ལེ་ཡན་གྱིས་བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཀོ་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ངན་འབྲེལ་བྱེད་མཁན་ཞིག་རེད། ཁོ་ཚོས་ངན་པ་ཁ་མཐུན་བྱས་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་ཀྱང་སྲིད་འཛིན་ཛེ་ལན་སི་ཀིའི་འགོ་ཁྲིད་འོག་ཡུཀ་རེན་ཕམ་ཐུབ་མེད་པ་རེད་ཅེས་བསྔགས་བརྗོད་གནང་འདུག

ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་པུ་མིན་ཞིང་། ཨུ་རུ་སུའི་ཕྱུག་བདག་མཱི་ཧེལ་ཧྥ་རི་ཌི་མན་དང་ཨོ་ལེག་ཌེ་རི་པ་སི་ཀ་གཉིས་ཀྱིས་ཀྱང་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་བཅད་ནས་ཡུཀ་རེན་ལ་བཙན་འཛུལ་གྱི་དམག་འཁྲུག་མཚམས་འཇོག་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། ཕྱུག་བདག་ཧྥ་རི་ཌི་མན་ནི་ཡུཀ་རེན་དུ་སྐྱེས་པའི་མི་ཞིག་ཡིན་ཞིང་། ཁོ་པས་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་འདི་མཚམས་འཇོག་བྱ་དགོས། ངའི་ཕ་མ་གཉིས་ཡུཀ་རེན་གྱི་སྤྱི་དམངས་ཡིན་པ་དང་ལེ་ཝི་གྲོང་ཁྱེར་དུ་འཚོ་གནས་བྱེད་བཞིན་ཡོད། ལེ་ཝི་གྲོང་ཁྱེར་ནི་ཁོ་བོ་ཧ་ཅང་དགའ་མོས་ཡོད་སའི་གྲོང་ཁྱེར་ཞིག་ཡིན། འོན་ཀྱང་ངའི་མི་ཚེའི་ཕྱེད་ཀ་ལྷག་ལ་ཨུ་རུ་སུའི་སྤྱི་དམངས་ཀྱི་གནས་ཐོབ་ཐོག་ཏུ་ཚོང་ལས་གཉེར་ནས་བསྡད་ཡོད། ང་ནི་ཡུཀ་རེན་དང་ཨུ་རུ་སུའི་མི་རིགས་གཉིས་ཀར་བརྩེ་སེམས་ཟབ་མོ་ཡོད་པའི་མི་ཞིག་ཡིན། ད་ལྟའི་དམག་འཁྲུག་གིས་མི་རིགས་གཉིས་ཀར་ཆག་སྒོ་ཆེན་པོ་ཞིག་འབྱུང་དུ་འཇུག་གི་འདུག ད་ཐེངས་ཀྱི་འཐབ་འཁྲུག་གིས་མིའི་ཚེ་སྲོག་འཕྲོག་སྟེ་ང་ཚོ་རྒྱལ་ཁབ་གཉིས་ཀ་དུས་རབས་མང་པོར་ཕུ་ནུའི་འདུ་ཤེས་བཅངས་ནས་མཉམ་གནས་བྱས་པའི་འབྲེལ་བ་གཅོད་རྒྱུ་རེད། ང་ཚོས་འཐབ་འཁྲུག་འགོག་ཐུབ་པའི་ཐབས་ལམ་ཞིག་རྙེད་དཀའ། འོན་ཀྱང་ང་ནི་ལྷག་བསམ་རྣམ་དག་གིས་དམག་འཁྲུག་མཚམས་འཇོག་བྱ་དགོས་ཟེར་གྱི་ཡོད་པའི་ཤོག་ཁག་དེའི་ཕྱོགས་སུ་ལང་རྒྱུ་ཡིན་ཞེས་འཕྲིན་ཡིག་ཅིག་བཀྲམ། ཨུ་རུ་སུའི་ཕྱུག་བདག་གཞན་པ་ཌེ་རི་པ་སི་ཀས་ཀྱང་ཞི་བདེ་ནི་གལ་འགངས་ཆེན་པོ་ཡིན། ཞི་བའི་གྲོས་མོལ་འཕྲལ་དུ་མགོ་འཛུགས་ཐུབ་ཐབས་བྱ་དགོས། མ་འོངས་པར་ཨུ་རུ་སུའི་དཔལ་འབྱོར་སྲིད་འཛིན་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཁ་གསལ་ཞིག་དགོས་ཀྱི་འདུག དེང་སྐབས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་ཨུ་རུ་སུའི་དངུལ་ལོར་རུ་བྷུལ་གྱི་འཛའ་ཐང་ཆག་གི་ཡོད་པ་དེ་བློ་ཚབས་ཆེན་པོ་བྱ་དགོས་པ་ཞིག་རེད་ཅེས་དར་འཕྲིན་ནང་དུ་འཕྲིན་ཞིག་སྤེལ།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གང་གི་ཕྱོགས་སུའང་མ་ལངས་པར་བཏང་སྙོམས་སུ་གནས་པའི་སུད་སིའི་གཞུང་གིས་ཀྱང་དེ་རིང་གཟའ་མིག་དམར་ཉིན་རང་གི་དངུལ་ཁང་ཁག་ཏུ་ཨུ་རུ་སུའི་འགོ་ཁྲིད་ཚོ་དང་ཕྱུག་བདག་ཚོས་བཅོལ་ཡོད་པའི་དངུལ་སྒོར་རྣམས་འགོག་ཉར་བྱ་རྒྱུ་ཡིན། ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པར་སུད་སིའི་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་སྲིད་བློན་མཱི་ཤུ་སི་ཊིན། ཕྱི་སྲིད་བློན་ཆེན་ལཱ་བ་རོབ་བཅས་ཀྱིས་སུད་སིའི་དངུལ་ཁང་ཁག་ཏུ་དངུལ་སྒོར་བཅོལ་ཡོད་ན་དངུལ་སྒོར་དེ་རྣམས་འགོག་ཉར་བྱ་རྒྱུ་ཡིན། ཁོ་ཚོས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་དགོས་པའི་ཐག་གཅོད་བྱས་པ་རེད། ཨུ་རུ་སུའི་དམག་གིས་ཡུ་རོབ་ཀྱི་རང་བཙན་རྒྱལ་ཁབ་ཅིག་ལ་བཙན་འཛུལ་བྱས་པ་ནི་ཧང་སང་དགོས་པ་ཞིག་རེད། ང་ཚོ་ཛ་དྲག་གི་གནས་སྟངས་ཤིག་གི་འོག་ཏུ་ཚུད་སོང་ཞེས་སུད་སིའི་སྲིད་འཛིན་གྱི་གསར་འགོད་པ་ཚོར་གསལ་བསྒྲགས་སྤེལ། དེ་རིང་ནས་སུད་སིའི་གཞུང་གིས་ཨུ་རུ་སུ་ལ་མཁའ་ལམ་འགྲིམ་འགྲུལ་བཀག་སྟེ་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་ཡོད་པའི་སྐྱེ་བོ་བྱེ་བྲག་པ་ཁག་ཅིག་སུད་སུ་རྒྱལ་ཁབ་ལ་ཡོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུའི་ཐག་བཅད། བདུན་ཕྲག་སྔོན་མ་ནས་ཨ་རི་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་སུད་ཛར་ལན་ཌིར་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པར་རྒྱབ་སྐྱོར་བྱ་དགོས་ཞེས་གནོན་ཤུགས་སྤྲད། འཛམ་གླིང་གི་གཏེར་བདག་ལྟ་བུའི་འབྱོར་ལྡན་པ་ཚོས་རང་གི་དངུལ་སྒོར་དང་རྩ་ཆེའི་རྒྱུ་ནོར་རྣམས་སུད་སིའི་དངུལ་ཁང་ཁག་ལ་བཅོལ་ནས་ལྐོག་ཏུ་སྦས་ཡོད་པ་རེད།།

XS
SM
MD
LG