ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་འདེམས་འཐུས་ལྷན་ཚོགས་ཀྱིས་བྷ་ཌན་སྲིད་འཛིན་ལ་འོས་འདེམས།


༄༅།། ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་མི་རི་ཀའི་རྩ་ཁྲིམས་ལྟར་མངའ་སྡེ་༥༠་ཐམ་པའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་མངའ་སྡེ་སོ་སོའི་རྒྱལ་ས་ཁག་ལ་འདུ་འཛོམས་ཀྱིས་གཞུང་འབྲེལ་ཐོག་ཏུ་ཇཱོ་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་༤༦་པ་དང་ཀ་མ་ལ་ཧེ་རི་སི་ཨ་མི་རི་ཀའི་སྲིད་འཛིན་གཞོན་པར་འོས་འདེམས་བྱས་ཡོད་ཅིང་། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་༣༠༢་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་༢༣༢་ཐོབ། དེས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་དྲང་སྙོམས་བྱུང་མེད་པ་དང་སྲིད་འཛིན་འོས་འདེམས་ལ་གཡོ་ཁྲམ་བྱུང་སོང་། ཁོང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཀྱང་དམངས་གཙོ་ཚོགས་པ་དང་ཇཱོ་བྷ་ཌན་གྱིས་རྐུ་འཕྲོག་བྱས་སོང་ཞེས་རྩོད་པ་བརྒྱབ་ནས་ཕན་ཐོགས་མེད་པར་གྱུར། ཨ་རིའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་དངོས་སུ་འོས་ཤོག་འཕངས་ནས་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་གཞུང་འབྲེལ་གྱིས་ངེས་གཏན་བྱུང་བས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་ཇཱོ་བྷ་ཌན་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ལ་ངོས་ལེན་བྱ་དགོས་པའི་དུས་སུ་བབས། ༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཇཱོ་བྷ་ཌན་ལ་མི་དམངས་ཀྱི་འོས་ཤོག་༨༡༢༨༢༣༧༦་སྟེ། འོས་ཤོག་བརྒྱ་ཆ་༥༡་དང་གྲངས་ཉུང་༣་ཐོབ། སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་མི་དམངས་ཀྱི་འོས་ཤོག་༧༤༢༢༢༥༧༦་སྟེ། འོས་ཤོག་བརྒྱ་ཆ་༤༦་དང་གྲངས་ཆུང་༩་ཐོབ། ཇཱོ་བྷ་ཌན་ལ་མི་དམངས་ཀྱི་འོས་ཤོག་༧༠༥༩༨༠༠་མང་བ་ཐོབ་འདུག

ཨ་རིའི་རྒྱལ་ཡོངས་སུ་འདེམས་འཐུས་ལྷན་ཚོགས་ལ་གདན་གྲངས་༥༣༨་ཡོད་པ་རྣམས་མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་འོག་མར་འཐུས་མི་ཅི་ཙམ་ཡོད་པ་དེའི་ཚད་མཉམ་ཀྱི་གདན་གྲངས་དང་གྲོས་ཚོགས་གོང་མར་ཨ་རིའི་མངའ་སྡེ་རེར་འཐུས་མི་གཉིས་རེ་ཡོད་པ་དེའི་ཚད་མཉམ་གྱི་གདན་གྲངས། རྒྱལ་ས་ཝ་ཤིང་ཊོན་གྲོང་ཁྱེར་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་༣་གྱི་གདན་གྲངས་ཡོད་པ་བཅས་ཁྱོན་བསྡོམས་ཨ་མི་རི་ཀར་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་༥༣༨་ཡོད་ཅིང་། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་མངའ་སྡེ་ཞིག་གི་མི་དམངས་ཀྱི་འོས་ཤོག་མང་བ་ཐོབ་ན་འོས་མི་དེར་མངའ་སྡེ་དེའི་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ཚང་མ་འཐོབ་དགོས་པར་མ་ཟད། མངའ་སྡེ་གཞུང་གིས་མི་དམངས་ཀྱི་འོས་ཤོག་མང་བ་ཐོབ་མཁན་འོས་མི་དེའི་སྲིད་དོན་ཚོགས་པར་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་འདེམས་བསྐོ་བྱེད་དུ་འཇུག་དགོས། འོས་མི་གཉིས་ཀྱི་སུ་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འགྱུར། ཨ་མི་རི་ཀར་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་ལམ་ལུགས་ཤིག་དར་ཡོད་པས་རྒྱལ་ཡོངས་སུ་མི་དམངས་ཀྱི་འོས་ཤོག་གྲངས་མང་ཐོབ་ཀྱང་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་མ་ཐོབ་ན་སྲིད་འཛིན་ལ་འདེམས་ཐོན་འབྱུང་དཀའ། ཨ་མི་རི་ཀའི་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་འཐོབ་པའི་ཆེད་དུ་སྲིད་དོན་ཚོགས་པ་ཁག་གི་འོས་མི་རྣམས་ཨ་རིའི་རྒྱལ་ཡོངས་ཀྱི་མངའ་སྡེ་ཚང་མར་བསྐྱོད་ནས་འོས་འདེམས་ཀྱི་ལས་འགུལ་སྤེལ་དགོས།།

ཨ་མི་རི་ཀའི་རྩ་ཁྲིམས་སུ་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་མཐའ་གཅིག་ཏུ་རང་གི་སྲིད་དོན་ཚོགས་པའི་འོས་མི་དེར་འོས་ཤོག་འཕེན་དགོས་ཞེས་བཀོད་མེད་མོད། འོན་ཀྱང་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀས་རང་རང་གི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་སྲིད་ཚོགས་པར་གཞུང་དྲང་བློ་དཀར་ཡིན་པ་དང་སྲིད་དོན་ཚོགས་པའི་ལངས་ཕྱོགས་མཁྲེགས་འཛིན་པ། སྲིད་དོན་ཚོགས་པའི་དྲག་གྲས་རྣམས་བསྐོ་བཞག་བྱེད་སྲོལ་ཞིག་འདུག ད་ལོ་ནེའུ་ཡོཀ་མངའ་སྡེའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མིའི་གྲས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་ཟུར་པ་ཁེ་ལིན་ཊོན་སྟངས་དཔྱལ་གཉིས་དང་ནེའུ་ཡོཀ་མངའ་སྡེའི་སྤྱི་ཁྱབ་ཨན་ཌི་རིའུ་ཁོ་མོ། འཇོར་ཇཱོ་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གནད་ཡོད་འགོ་ཁྲིད་ཨེབ་རཱེམ་སི་ཊེ་སི་ལྟ་བུ་ཌོ་ནལ་ཊམ་ལ་ནམ་ཡང་འོས་ཤོག་མི་འཕེན་པའི་འཐུས་མི་རྣམས་འདེམས་བསྐོ་བྱས་འདུག གལ་ཏེ་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་གང་ཞིག་གིས་རང་གི་སྲིད་དོན་ཚོགས་པའི་ལངས་ཕྱོགས་ལ་རྒྱབ་འགལ་བྱས་ནས་སྲིད་དོན་ཚོགས་པ་གཞན་དེའི་འོས་མི་དེར་འོས་ཤོག་འཕངས་ཚེ། ཕྱིས་སུ་མི་དེ་རང་གི་སྲིད་དོན་ཚོགས་པའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མིར་ནམ་ཡང་བསྐོ་བཞག་མི་བྱེད་པ་དང་སྲིད་དོན་ཚོགས་པའི་གནད་ཡོད་ལས་སྣེ་ཞིག་ལ་འགྱུར་མི་ཐུབ་པའི་གནས་སུ་ལྷུང་གི་ཡོད་པ་རེད།།

ད་ནི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་མངའ་སྡེའི་ཁག་གི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་རང་རང་གི་འོས་ཤོག་འཕངས་པ་རྣམས་ཨ་རིའི་གྲོས་ཚོགས་གོང་མར་སྐྱེལ་ནས་འོས་ཤོག་ལ་བསྐྱར་དུ་གྲངས་བཤེར་བྱ་རྒྱུ། དེ་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་རྒྱས་འཛོམས་ཐོག་ཏུ་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱ་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྐབས་དེར་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་བྱུང་མ་སོང་ཞེས་རྩོད་པ་རྒྱག་རྒྱུའི་འཆར་གཞི་ཡོད་ཀྱང་ཨ་རིའི་གྲོས་ཚོགས་འོག་མར་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་ཡོད་པས་སྲིད་འཛིན་འོས་འདེམས་ཀྱི་གྲུ་འབྲས་ལ་འགོག་རྐྱེན་འབྱུང་རྒྱུ་ཤིན་ཏུ་དཀའ་ཞིང་། ད་སྔ་ཨ་མི་རི་ཀའི་པེན་སི་ཝྭེ་ཎི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་མི་ཁག་ཅིག་གིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་མངའ་སྡེ་དེའི་འོས་འདེམས་ཀྱི་གྲུབ་འབྲས་བརྩི་མེད་གཏོང་དགོས་ཞེས་མཁུ་བཙུགས། དེའི་རྗེས་སུ་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཁྲིམས་འཛིན་པེག་སི་ཊོན་གྱིས་འགོ་ཁྲིད་ནས་ཨ་རིའི་མངའ་སྡེ་༡༨་གྱི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཚོས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཇཱོ་བྷ་ཌན་ལ་རྒྱལ་ཁ་ཐོབ་སའི་མངའ་སྡེ་བཞིའི་འོས་འདེམས་ཀྱི་གྲུབ་འབྲས་རྣམས་བརྩི་མེད་དགོས་གཏོང་ཞེས་ཁ་མཆུ་བཙུགས། ད་དུང་ཁྲིམས་གཏུག་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་༡༠༠་ལྷག་གིས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད། འོན་ཀྱང་ཨ་མི་རི་ཀའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་གཏུག་དེ་ཚོར་དཔང་རྟགས་མི་འདུག ཁ་མཆུ་དེ་ཚོར་ཆེས་མཐོའི་ཁྲིམས་ཁང་གིས་ངོས་ལེན་བྱ་རྒྱུ་མིན་ཞེས་སྔ་རྗེས་སུ་བཅད་ཁྲ་བསྒྲགས། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཐག་ཆོད་པའི་ཉིན་མོ་དེ་ནས་སྲིད་འཛིན་ཊམ་གྱིས་རང་ལ་ཕམ་ཉེས་འབྱུང་སའི་མངའ་སྡེ་ཝི་སི་ཀོན་གྱི་མཱིལ་ཝ་ཀི་གྲོང་ཁྱེར་དང་མཱི་ཆི་གྷན་མངའ་སྡེའི་ཌི་ཊི་རོ་ཡེ་ཊི་གྲོང་ཁྱེར། པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར། འཇོར་ཇཱི་ཡ་མངའ་སྡེའི་ཨ་ཊི་ལན་ཊ་གྲོང་ཁྱེར་བཅས་ཀྱི་འོས་འདེམས་ལས་སྣེ་ཚོས་མཚན་མོར་འོས་ཤོག་རྫུན་མ་ས་ཡ་མང་པོ་ཁ་སྣོན་བྱས་ནས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཏུ་བཅུག་པ་རེད་ཅེས་རྫོང་རིམ་པའི་ཁྲིམས་ནས་མཐའ་མཇུག་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁ་མཆུ་བཙུགས་ཀྱང་སྲིད་འཛིན་ཊམ་ལ་འོས་འདེམས་དྲང་སྙོམས་མ་བྱུང་བའི་དཔང་རྟགས་ཁུངས་འཁྱོལ་བ་ཞིག་སྟོན་རྒྱུ་མེད་པར་ཁ་མཆུ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཤོར། དེར་བརྟེན་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀའི་སྲིད་འཛིན་གསར་པའི་ལས་ཁུར་དམ་བཅའ་བཞག་སྟེ་མཛད་སྒོ་འཚོགས་ནས་སྲིད་གཞུང་འཕོ་འགྱུར་འགྲོ་རྒྱུ་ལྡོག་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG