ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

 ཨ་རིས་རྒྱ་ནག་ནས་ཉི་གློག་ཤེལ་ལེབ་ནང་འདྲེན་བྱ་རྒྱུ་བཀག་སྡོམ། 


༄༅།། སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ནས་ཉི་གློག་ཤེལ་ལེབ་ནང་འདྲེན་བྱེད་མི་ཆོག་ཅེས་བཀག རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ལྔ་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་ངལ་རྩོལ་བཙན་བཀོལ་སོགས་ལ་འབྲེལ་བ་འདུག འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པར་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་ཉི་གློག་ཤེལ་ལེབ་སོགས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་ཅེས་བསྒྲགས། ཨ་རིའི་ཚོང་དོན་ལྷན་ཁང་གི་ཐོ་གཞུང་ནག་པོར་བཀོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་ཞིན་ཅང་ཏ་ཀོ་ནུས་ཤུགས་གསར་པའི་བཟོ་ཚོང་ཁང་དང་ཏ་ཀོ་ནུས་ཤུགས་གསར་པའི་མཉམ་ལས་ཁང་། ཞིན་ཅང་ཤར་རེ་ལྕགས་རིགས་བཟོ་ཚོང་ཁང་། ཞིན་ཅང་ནུས་ཤུགས་གསར་པའི་དངོས་རྫས་བཟོ་ཚོང་ཁང་། ནུས་ཤུགས་གསར་པའི་ལྷུ་ལག་བཟོ་ཚོང་ཁང་བཅས་ཡིན་ཞིང་། ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་ཡུ་གུར་བ་དང་ཧ་ས་ཁ་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་བ་གཅིག་པུ་མིན་པར་ཡུ་གུར་མི་རིགས་ལ་བཙན་གནོན་དང་སྡེབ་འཛིན་བཀག་ཉར། ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་དང་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པར་འབྲེལ་བ་འདུག་ཅེས་བཀྲལ། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་ཉི་གློག་གི་ཤེལ་ལེབ་དང་ཉི་གློག་བཟོ་འདོན་ལ་མཁོ་བའི་རྒྱུ་ཆ་སོགས་བཟོ་ཚོང་བྱེད་མཁན་གཙོ་གྲས་རྣམས་ཡིན་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་ལ་འབྲེལ་བ་བྱས་ནས་ཨ་མི་རི་ཀས་ཚོང་ལས་བཀག་པར་ལྟ་ཚུལ་ཅི་ཡོད་ཅེས་དྲིས་ཀྱང་ལན་འདེབས་མི་བྱེད་པའམ། བཟོ་ཚོང་ལས་ཁང་ཁག་ཅིག་ལ་གཏན་ནས་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ང་ཚོས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་ཐོབ་ཐང་དང་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན། རྒྱ་ནག་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་དང་ངལ་རྩོལ་བཙན་བཀོལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་སྐྱོན་འཛུགས་རྣམས་རྫུན་གཏམ་འབའ་ཞིག་རེད་ཅེས་དགག་པ་བརྒྱབ། ཨ་རིའི་ཚོང་དོན་ལྷན་ཁང་གིས་ཐོ་གཞུང་ནག་པོར་བཀོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་ཨ་མི་རི་ཀར་ཚོང་འབྲེལ་རྒྱ་ཆེན་པོ་ཞིག་མེད་པས་ཨ་རིའི་རྒྱལ་ནང་གི་ཉི་གློག་ཤེལ་ལེབ་ཀྱི་རིན་གོང་འཕར་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུའི་རྟགས་མཚན་བྲལ། འོན་ཀྱང་རྒྱ་ནག་ནི་འཛམ་གླིང་ཡོངས་ལ་ཉི་གློག་གི་ཤེལ་ལེབ་ཕྱིར་ཚོང་བྱེད་མཁན་ཨང་དང་པོ་ཡིན་པས་ཨ་མི་རི་ཀར་ཚོང་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་ངལ་རྩོལ་བཙན་བཀོལ། བཙན་གནོན་བཅས་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་གཅོད་དགོས། ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་བྱེད་ཀྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་བ་མ་བཅད་ན་རྒྱལ་ཁབ་དེ་ཚོར་ཨ་མི་རི་ཀས་ཚོང་འབྲེལ་གཅོད། དེར་བརྟེན་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཉི་གློག་ཤེལ་ལེབ་ཚོང་ལས་ལ་གྱོང་གུད་ཆེན་པོ་ཞིག་འཕོག་སྲིད། ཨ་མི་རི་ཀས་རིམ་བཞིན་ཞིན་ཅང་ནས་ཐོན་པའི་རྒྱ་ནག་གི་ཉི་གློག་ཤེལ་ལེབ་ཡོངས་རྫོགས་ནང་འདྲེན་བྱ་རྒྱུ་འགོག་སྲིད་པའི་རྣམ་པ་ཞིག་མངོན།།

ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཉི་གློག་གི་ཤེལ་ལེབ་ཁག་ཅིག་ནང་སོག་དང་ཡུན་ནན་དུ་བཟོ་སྐྲུན། ཉི་གློག་ཤེལ་ལེབ་བརྒྱ་ཆ་༤༥་ཞིན་ཅང་དུ་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་བརྒྱ་ཆ་༣༥་རྒྱ་ནག་གི་ས་གནས་གཞན་ནས་ཐོན། ཉི་གློག་གི་ཤེལ་ལེབ་བརྒྱ་ཆ་༢༠་ཙམ་རྒྱལ་ཁབ་གཞན་ཁག་ནས་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར། རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་རྣམས་འགག་སྒོ་ཁག་ནས་འཕྲལ་དུ་མ་བཏང་བར་ཨ་རིའི་རྒྱལ་ནང་དུ་དངོས་ཟོག་གི་རིན་གོང་འཕར། ཨ་རིའི་ཚོང་དོན་ལྷན་ཁང་གི་ལས་སྣེ་ཚོས་གསར་འགོད་པར་རྒྱ་ནག་གི་ཉི་གློག་ཤེལ་ལེབ་བཀག་སྡོམ་བྱེད་ཀྱི་ཡོད་པ་སྲིད་འཛིན་བྷ་ཌན་གྱི་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་འགོག་ཐབས་བྱ་དགོས་ཞེས་གླེང་གི་ཡོད་པའི་སྲིད་ཇུས་ལ་འགལ་བ་མེད། ཨ་མི་རི་ཀས་རྒྱ་ནག་གི་ཉི་གློག་ཤེལ་ལེབ་ནང་འདྲེན་བྱ་རྒྱུ་འགོག་གི་ཡོད་པ་ནི་ཨ་རིའི་རྒྱལ་ནང་གི་ཉི་གློག་ཤེལ་ལེབ་ཀྱི་བཟོ་ལས་སླར་གསོ་བྱ་རྒྱུའི་དམིགས་ཡུལ་རེད། བྷ་ཌན་གྱི་གཞུང་གིས་མ་འོངས་པའི་ལོ་བཅུའི་ནང་ཚུད་དུ་ཨ་མི་རི་ཀས་ཉི་གློག་གི་རིན་གོང་བརྒྱ་ཆ་༦༠་ཉུང་དུ་གཏོང་རྒྱུ། ༢༠༣༥་ཡས་མས་སུ་ཨ་མི་རི་ཀའི་གློག་གི་འབྱུང་ཁུངས་རྡོ་སོལ་དང་རྡོ་སྣུམ་སོགས་ལ་བརྟེན་མི་དགོས་པར་ཆུ་ཤུགས་དང་རླུང་ཤུགས། ཉི་གློག་བཅས་ལ་བརྟེན་དགོས་པའི་དམིགས་ཚད་བཟུང་ཡོད་ཅིང་། ཨ་རིའི་ཚོང་དོན་ལྷན་ཁང་གིས་འཛམ་གླིང་ཡོངས་ཀྱི་ཉི་གློག་གི་ཤེལ་ལེབ་དགོས་མཁོ་བརྒྱ་ཆ་༤༥་ཞིན་ཅང་གཅིག་པུ་ནས་ཡོང་གི་འདུག དེས་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་བྱས་ནས་ལས་གྲྭ་ཁག་ཏུ་ངལ་རྩོལ་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ལ་ཞིབ་འཇུག་བྱ་དགོས་ཞེས་བསྟན།།

ཞིན་ཅང་གི་ཡུ་གུར་བ་བཀག་སྐྱིལ་ཁང་དང་ལས་གྲྭ།
ཞིན་ཅང་གི་ཡུ་གུར་བ་བཀག་སྐྱིལ་ཁང་དང་ལས་གྲྭ།

ཕོ་བྲང་དཀར་པོར་འབྲེལ་བ་ཡོད་པའི་གསར་འགྱུར་འབྱུང་ཁུངས་གཉིས་ཀྱིས་བཤད་པ་ལྟར་ན། ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཉི་གློག་ཤེལ་ལེབ་བཟོ་ཚོང་ལས་ཁང་ལྔ་ལ་ཚོང་ལས་བཀག་པ་ནི་སྲིད་ཇུས་གསར་པ་ཞིག་མ་རེད། ཉེ་ཆར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ངལ་རྩོལ་བཙན་བཀོལ་གྱི་ཐོན་སྐྱེད་རྣམས་འགོག་དགོས་པའི་གྲོས་ཆོད་བཞག་པར་རྒྱབ་གནོན་དང་ལག་ལེན་བསྟར་པ་ཞིག་རེད། ང་ཚོས་བལྟས་ན་ཨ་མི་རི་ཀས་རྒྱལ་སྤྱིའི་གྲོས་ཆོད་ཁག་ལ་མིང་རྟགས་བཀོད་པ་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་གཞུང་གིས་མི་ཆོས་ལས་འདས་པའི་གདུག་རྩུབ་དང་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པར་ཉེས་ཆད་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་རྟགས་མཚན་རེད་ཅེས་བཤད། ཞིན་ཅང་ཐོན་སྐྱེད་དང་འཛུགས་སྐྲུན་མཉམ་ལས་ཁང་ནི་ལོ་རབས་༥༠་ནང་དུ་རྒྱ་ནག་གིས་ཞིན་ཅང་ལ་བཏང་བའི་དྲག་ཆས་ཉེན་རྟོག་པའི་དཔུང་སྡེ་ཞིག་ཡིན་ཞིང་། ཐོག་མར་ཞིན་ཅང་ཐོན་སྐྱེད་དང་འཛུགས་སྐྲུན་མཉམ་ལས་ཁང་གིས་ས་ཞིང་འདེབས་ལས་དང་གཞིས་ཆགས་འཛུགས་སྐྲུན་བྱས་ཀྱང་ཕྱིས་སུ་ཞིན་ཅང་གི་གློག་དང་རྡོ་སྣུམ། ཞིང་ལས་སོགས་ལ་ཐེ་གཏོགས་བྱེད་ཆོག་པའི་ཁྲིམས་མགོ་རང་བཙན་ལྟ་བུའི་སྡེ་ཁག་སྟོབས་ཤུགས་ཅན་ཞིག་ཏུ་གྱུར། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འགྲོ་བ་མིའི་ཐོབ་ཐང་དན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དྲག་གནོན་དང་ལྟ་རྟོག བཀག་ཉར་ཁང་འཛིན་སྐྱོང་དང་ལས་གྲྭ་ཁག་སྒོ་འབྱེད་བྱེད་ཡོད་པ་དེ་དག་གི་རྒྱབ་ཏུ་ཞིན་ཅང་ཐོན་སྐྱེད་དང་འཛུགས་སྐྲུན་མཉམ་ལས་ཁང་འདུག་ཅེས་སྐྱོན་བཙུགས། ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་སྔ་ལོ་ནས་ཞིན་ཅང་ཐོན་སྐྱེད་དང་འཛུགས་སྐྲུན་མཉམ་ལས་ཁང་ལ་དངུལ་རྩའི་འབྲེལ་བ་གཅོད་དགོས་པའི་ཉེས་ཆད་བཀལ།།

སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་སྟེ། ཨ་རིའི་ཚོང་དོན་ལྷན་ཁང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་ནས་ཉི་གློག་གི་ཤེལ་ལེབ་སོགས་ནང་འདྲེན་བྱེད་མི་ཆོག་པའི་ཚོང་ལས་བཀག་སྡོམ། ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་ཐོག་ཏུ་ཞིན་ཅང་ཐོན་སྐྱེད་དང་འཛུགས་སྐྲུན་མཉམ་ལས་ཁང་ལ་དངུལ་རྩའི་འབྲེལ་བ་བཅད། ཨ་རིའི་ལས་རྩོལ་ལྷན་ཁང་གིས་ཞིན་ཅང་ནས་ཐོན་པའི་ཉི་གློག་གི་ཤེལ་ལེབ་རྣམས་བྱིས་པ་ངལ་རྩོལ་ལ་བཀོལ་བའི་ཐོན་སྐྱེད་དང་སྤྱི་དམངས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་རེད་ཅེས་ཐག་བཅད་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ངལ་རྩོལ་བཙན་བཀོལ་གྱི་ཐོན་སྐྱེད་རྣམས་འགོག་གི་ཡོད་པའི་གནས་ཚུལ་ཐོན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཞིན་ཅང་ནས་སྲིང་བལ་དང་སྔོ་ཚོད། གྱོན་གོས་དང་རས་ཆ་སོགས་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་རྣམས་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀས་ཞིན་ཅང་གི་ཐོན་སྐྱེད་ཁག་ནང་འདྲེན་བྱེད་མི་ཆོག་པའི་དངོས་ཟོག་གི་རྣམ་གྲངས་ཀྱང་ཇེ་མང་དུ་བཏང་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། སྲིད་འཛིན་བྷ་ཌན་གྱི་སྲིད་ཇུས་དེར་ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོའི་རྒྱབ་སྐྱོར་ཐོབ། ཨ་མི་རི་ཀའི་རྒྱལ་ནང་དང་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་དང་ཉེས་ཆད་གཅོད་དགོས་པའི་སྲིད་ཇུས་ཁག་ལ་རྒྱབ་སྐྱོར་འཐོབ་ཚེ། སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཚོང་ལས་བཀག་སྡོམ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་གྲངས་ཉུང་མི་རིགས་ཁག་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པར་ཉེས་ཆད་གཅོད་རྒྱུ་སྟབས་བདེ་རུ་སོང་། ད་ལྟ་ཨ་རི་དང་རྒྱ་ནག་གི་ཚོང་ལས་འགྲོ་བ་མིའི་ཐོབ་ཐང་དང་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྩ་དོན་ཁག་ལའང་འབྲེལ་བ་འཆགས་འདུག

XS
SM
MD
LG