ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

འབར་མའི་དམག་གིས་སྲིད་དབང་ཕྲོགས་ནས་ལོ་གཉིས་འཁོར་བའི་དུས་དྲན། 


༄༅།། ད་ལོའི་ཕྱི་ཟླ་༢་པའི་ཚེས་༡་ཉིན་ནི་འབར་མའི་དམག་གིས་དམངས་གཙོའི་སྲིད་གཞུང་མགོ་རྟིང་སློག་སྟེ་སྲིད་དབང་ཕྲོགས་ནས་ལོ་འཁོར་བའི་དུས་དྲན་ཡིན་ཞིང་། ཕྱི་ཟླ་༢་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་གཉིས་རིང་འབར་མའི་མི་དམངས་ཀྱི་འཚོ་བར་དོ་ཕོག་ཆེན་པོ་བྱུང་། ཨ་མི་རི་ཀའི་འཁྲུག་རྩོད་ཞིབ་འཇུག་ཁང་གིས་འབར་མའི་དམག་གི་དྲག་གནོན་འོག་ཏུ་མི་མང་ངོ་རྒོལ་བ་༡༩༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག མི་མང་ས་ཡ་༡་དང་འབུམ་༢་ཙམ་ཆགས་ས་རྟེན་ས་མེད་པར་གྱུར་པ་དང་མི་ཁྲི་ཚོ་༧་ལྷག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཙན་བྱོལ་ལ་བྲོས་པ་སོགས་ཀྱི་གནས་ཚུལ་ཐོན། དཔེར་ན་སྔོན་ཆད་འབར་མའི་བཟོ་གྲྭ་ཞིག་གི་བཟོ་པ་ཡིན་པའི་ན་གཞོན་ཞིག་དམག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ལ་ཞུགས་ནས་རྐང་པ་ཆད། འབར་མའི་དམངས་གཙོའི་སྲིད་གཞུང་སྐབས་ཀྱི་ཕྱི་འབྲེལ་མི་སྣ་ཞིག་ཕྱི་ལོགས་སུ་ལུས་ནས་རང་གི་བཟའ་མི་ཚོར་མ་ཐུག་པར་ལོ་༤་འདས། འབར་མའི་མཛངས་མའི་དབུ་རྒྱན་སྒྲོན་པའི་མཛེས་མ་ཞིག་ཁེ་ན་ཌར་བཙན་བྱོལ་དུ་འབྱོར། ཐེ་ལན་ཌིའི་ས་མཚམས་ཀྱི་གྲོང་རྡལ་ཞིག་ཏུ་བཙན་བྱོལ་ལ་འབྱོར་བའི་འབར་མའི་དགེ་རྒན་ཞིག་གིས་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་ཕུགས་བསམ་འཆང་། གོང་གི་མི་བཞིའི་སྐྱིད་སྡུག་གིས་འབར་མའི་མང་ཚོགས་ཀྱི་འཚོ་བ་དང་སྐྱིད་སྡུག་རྣམས་མཚོན་ཐུབ། བདུན་ཕྲག་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་དམིགས་བསལ་སྐུ་ཚབ་ཀྱིས་ཀྱང་དམག་གི་དབང་བསྒྱུར་འོག་ཏུ་རྒྱལ་ཁབ་དེའི་མི་དམངས་ཀྱིས་དཀའ་སྡུག་ཚབས་ཆེན་ཞིག་མྱོང་གི་འདུག་ཅེས་བསྟན། འབར་མའི་དམག་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་རྒྱུ་ཁྲིམས་མཐུན་རེད་ཅེས་དགག་པ་བརྒྱབ། འབར་མ་ལོ་བཅུ་ཕྲག་མང་པོར་དམག་གི་དབང་བསྒྱུར་འོག་ནས་ཚུད་པ་དང་ལོ་བཅུའི་གོང་དུ་དམངས་གཙོའི་ལམ་དུ་བསྐྱོད། རྒྱལ་ཁབ་དེར་དམག་གིས་དབང་བསྒྱུར་བྱས་པའི་ལམ་ལུགས་མཇུག་བསྒྲིལ་ནས་དམངས་སྲིད་ཚུགས། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་འབར་མའི་ཁྲོམ་རའི་ནང་དུ་མ་རྩ་བཙུགས། འབར་མའི་གཞུང་གིས་སྨྲ་བརྗོད་རང་དབང་ལ་དམ་དྲག་མེད་པར་བཏང་ཡང་༢༠༢༡་ལོའི་ཕྱི་ཟླ་༢་པའི་ཚེས་༡་ཉིན་འབར་མའི་དམག་གིས་སླར་ཡང་སྲིད་དབང་ཕྲོགས་ཏེ་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་གཞུང་གི་འགོ་ཁྲིད་ཨང་སན་སུ་ཇི་བཙོན་དུ་བཅུག

ལོ་ན་༢༡་ལ་སོན་པའི་ཨ་ཡེ་ཆན་གྱིས་འབར་མའི་དམག་གི་དྲག་གནོན་ལ་ཕྱིར་དྲན་བྱས་ནས་གསར་འགོད་པར་བརྗོད་དོན་ལྟར་ན། ཁོ་པས་ཐག་ཐག་ཅེས་མེ་མདའ་བརྒྱབ་པ་དང་དེའི་རྗེས་སུ་འབར་མདེལ་བཀད་པའི་སྒྲ་སྐད་ཐོས་བྱུང་། ཁོ་པར་མདེའུ་ཕོག་ཡོད་མེད་ཤེས་མ་བྱུང་། ཁོ་པ་ཡར་ལངས་ནས་རྐང་པ་འཛུགས་དུས་རྐང་པ་ཡ་གཅིག་འཛུགས་རྒྱུ་མི་འདུག ཁོ་པ་འཐབ་གྲོགས་ཤིག་གིས་སྨན་ཁང་དུ་བསྐྱར་བ་དང་གཉིད་སད་དུས་རྐང་པ་ཡ་གཅིག་པུས་མོའི་མཚམས་ནས་གཅོད་དགོས་བྱུང་འདུག་ཅེས་ལོ་རྒྱུས་རྣམས་བཤད། ཨ་ཡེ་ཆན་ནི་དམག་གིས་སྲིད་དབང་མ་ཕྲོགས་གོང་དུ་སྟབས་བདེ་ཐུག་པ་བཟོ་གྲྭ་ཞིག་གི་བཟོ་པ་ཡིན་པ་དང་སྲིད་འགྱུར་རྗེས་སུ་འབར་མའི་དམངས་གཙོའི་སྲིད་གཞུང་སླར་གསོ་བྱ་དགོས་ཞེས་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས། ཁོ་པས་མི་མང་གིས་མཚོན་ཆ་བཟུང་ནས་དམག་གཞུང་ལ་ངོ་རྒོལ་བྱ་རྒྱུ་འགོ་ཚུགས་པས་ང་ཡང་ལས་འགུལ་དེར་མཉམ་ཞུགས་བྱས་པ་ཡིན། ཐེངས་དང་པོར་འཐབ་སར་བསྐྱོད་དུས་སྙིང་ཁམས་དྲག་ཏུ་འཕར་ལྡིང་བྱེད་ཀྱི་འདུག ངས་རང་གི་འཐབ་གྲོགས་ཚོར་བལྟས་པ་དང་ཚང་མའི་གདོང་དུ་འཛུམ་ཐོན་ནས་དགོད་ཀྱི་འདུག་པས་ང་ཡང་སྐྲག་མ་བྱུང་། ང་ཚོར་མཚོན་ཆ་ཡག་པོ་མེད་ཀྱང་སྙིང་སྟོབས་ཆེན་པོ་རེད། འབར་མའི་དམག་ལ་མཚོན་ཆ་དང་མདེའུ་མོད་པོ་ཡོད་པས་མེ་མདའ་མཚམས་མ་ཆད་པར་བརྒྱབ་སྟེ་ང་ཚོས་མགོ་འགྱོག་མ་ཐུབ་པ་དང་མདེའུ་ལའང་བསྲི་ཚགས་བྱ་དགོས་ཤིང་། ད་ལྟ་ང་ཅི་ཡང་སྒྲུབ་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་ཀྱང་ང་ལ་འགྱོད་པ་མེད། གལ་སྲིད་ང་དྲག་སྐྱེད་ཡག་པོ་བྱུང་ན་སླར་ཡང་དམག་འཁྲུག་ལ་ཞུགས་འདོད་ཡོད་ཞེས་བཤད།།

ལོ་ན་༥༢་ལ་སོན་པའི་ཨང་སོ་མོ་ཞེས་པ་ནི་སྲིད་འགྱུར་མ་བྱུང་གོང་དེར་ཉི་ཧོང་དུ་བཅའ་སྡོད་འབར་མའི་གཞུང་ཚབ་པ་ཡིན་ཞིང་། སྲིད་འགྱུར་བྱུང་ནས་ཟླ་བ་གཅིག་གི་རྗེས་སུ་ཨང་སོ་མོ་དང་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་མང་པོ་དམག་གཞུང་གི་བཀའ་བཀོད་ལ་མི་ཉན་པའི་ལས་འགུལ་ལ་ཞུགས་ཏེ་དམག་གཞུང་གི་དབང་བསྒྱུར་བྱ་རྒྱུ་དཀའ་བར་གྱུར། ད་ལྟ་ཁོ་པ་གཅིག་པུ་ཉི་ཧོང་དུ་ལུས་ཏེ་ཡོང་འབབ་ཆད། འབར་མའི་བཙན་བྱོལ་བ་ཚོས་རོགས་རམ་ལ་བརྟེན་ནས་ཁང་གླ་སྤྲོད་ཐུབ་པ་ཞིག་བྱུང་། ཉི་ཧོང་གཞུང་གིས་ཨང་སོ་མོའི་ཐོངས་མཆན་གྱི་དུས་ཡུན་བསྲིངས་ནས་ཉི་ཧོང་དུ་སྡོད་ཆོག་ཀྱང་ལས་ཀ་འཚོལ་མི་ཆོག་ཅིང་། ཕྱི་འབྲེལ་མི་སྣ་ཟུར་པ་ཨང་སོ་མོས་གསར་འགོད་པར་ང་ལ་སྒེར་གྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཀྱང་འབར་མའི་མི་དམངས་ལ་མདུན་ལམ་མེད་པར་གྱུར་པར་བསྡུར་ན་ངའི་དཀའ་ངལ་ནི་ཅི་ཡང་མ་རེད། ངས་དང་བླངས་ཐོག་ཏུ་འབར་མའི་དམངས་གཙོའི་སྲིད་གཞུང་གི་དྲྭ་ཚིགས་སུ་རྩོམ་ཡིག་བྲིས་ནས་འཐབ་རྩོད་བྱེད་ཀྱི་ཡོད། ང་ལ་འཛམ་གླིང་མི་དམངས་ཀྱིས་འབར་མ་བརྗེད་སྲིད་པའི་སེམས་ཁྲལ་འདུག ལྷག་པར་དུ་ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་འཛམ་གླིང་ཡོངས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་འབར་མའི་གནས་སྟངས་ལ་དོ་སྣང་བྱ་རྒྱུ་འཐུས་ཤོར་འགྲོ་བཞིན་འདུག འོན་ཀྱང་འབར་མའི་མི་དམངས་ཀྱིས་བདེན་པའི་འཐབ་རྩོད་བྱ་རྒྱུའི་དམ་བཅའ་དོར་མེད། ང་ཚོས་ནམ་ཡང་རང་གི་དམ་བཅའ་འདོར་མི་སྲིད་ཅེས་གསར་འགོད་པར་གླེང་མོལ་བྱས་ཤིང་། ཨང་སོ་མོའི་ཆུང་མ་དང་བུ་མོ་གཉིས་ཏོག་དབྱིབས་ནད་ཡམས་སྐབས་སུ་ཕྱི་ལ་མ་ཐར། ད་ལྟ་ཁོ་ཚོ་ཁྱིམ་མཚེས་རྒྱལ་ཁབ་ཐེ་ལན་ཌིར་འབྱོར་ཡོད་ཀྱང་ཁྲིམས་མཐུན་གྱི་ལམ་ཡིག་མེད་པར་ཕྱི་རྒྱལ་ལ་བསྐྱོད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན།།

ལོ་ན་༢༣་ལ་སོན་པའི་ཧན་ལེ་ཞེས་པ་དེར་འབར་མའི་མཛངས་མའི་དབུ་རྒྱན་བསྒྲོན། ཁོ་མོ་ཐེ་ལན་ཌིར་རྒྱལ་སྤྱིའི་མཛེས་མའི་འགྲན་སྡུར་ལ་ཞུགས་གྲབས་ཡོད་པའི་སྐབས་དེར་འབར་མའི་དམག་གིས་སྲིད་དབང་ཕྲོགས། ཁོ་མོས་རོགས་པ་ཚོ་དང་མཉམ་དུ་འབར་མའི་དམག་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་ལ་ཞུགས་རྒྱུའི་སེམས་ཐག་བཅད། སྔ་དགོང་དེར་ཧན་ལེ་སྐྲག་པ་དང་དགའ་བ་སོགས་ཀྱིས་གཉིད་ཀྱང་ཁུག་མི་ཐུབ་པར་གྱུར། ཁོ་མོའི་གར་སྟེགས་སུ་འབར་མའི་དམག་གིས་དྲག་གནོན་བྱས་ནས་མི་མང་དམར་གསོད་བྱེད་ཀྱི་ཡོད་པའི་ནག་ཉེས་རྣམས་ཐེར་འདོན་བྱས། འབར་མའི་དམག་གཞུང་གིས་ཧན་ལེ་ལ་གྱེན་ལོག་གི་ནག་ཉེས་བཙུགས། ཐེ་ལན་ཌིའི་གཞུང་གིས་ཧན་ལེ་ཉི་མ་འགའ་ཞིག་ལ་གནམ་ཐང་དུ་བཀག་ཀྱང་མཐར་ཁེ་ན་ཌར་བྲོས་བྱོལ་དུ་ཐར། ཁོ་མོས་ང་ནི་འབར་མའི་ཡུལ་དུ་སྐྱེས་ཏེ་འཚར་ལོངས་བྱུང་། ངའི་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་རྣམས་འབར་མར་ཡོད། ངའི་མདུན་ལམ་ཡང་འབར་མར་ཡོད། ང་ནི་རང་གི་ཕ་མ་སྤུན་མཆེད་སོགས་ལ་ཐུག་མ་ཐུབ་པར་བསྡད། ངས་རང་ཡུལ་ཧ་ཅང་དྲན་གྱི་འདུག ང་ཐོག་མར་ཁེ་ན་ཌར་བསླེབས་པའི་དུས་སུ་ཁེར་རྐྱང་གི་ཚོར་བ་ཤུགས་ཆེན་པོ་མྱོང་སོང་ཞེས་གསར་འགོད་པར་སྡུག་སྐད་བརྒྱབ། འབར་མའི་འབྲིང་རིམ་སློབ་གྲྭ་ཞིག་གི་དགེ་རྒན་དེ་ཐེ་ལན་ཌིའི་ས་མཚམས་གྲོང་རྡལ་ཞིག་ཏུ་བྲོས། ཁོང་དང་དགེ་རྒན་རྣམས་དམག་གཞུང་གི་བཀའ་བཀོད་ལ་མི་ཉན་པའི་མི་དམངས་ཀྱི་ལས་འགུལ་ལ་ཞུགས། དགེ་རྒན་དེའི་བཟའ་མི་རྣམས་འབར་མར་ལུས་ཡོད་པས་གསར་འགོད་པར་མིང་ངོ་མ་གསར་འགྱུར་ནང་དུ་མ་འགོད་ཞེས་རེ་བ་བཏོན། ང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་ཞུགས་ན་རང་གི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་པ་ངས་ཤེས་ཡོད། ང་ཚོས་ངོ་རྒོལ་མ་བྱས་ན་འབར་མའི་མི་དམངས་ལ་མདུན་ལམ་མི་འདུག ང་ལ་ཡག་སྡུག་ཅི་ཞིག་བྱུང་ཡང་ངོ་རྒོལ་ལས་འགུལ་མཐའ་སྐྱེལ་རྒྱུ་ཡིན། མི་ཟེར་བ་དེས་སྐྱིད་སྡུག་གཉིས་ཀ་མྱོང་དགོས་ཀྱི་རེད་ཅེས་གཞན་གྱི་སྐྱོབ་གསོ་ལ་བརྟེན་ནས་འབར་མའི་དམག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཁག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༡་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་དམག་གིས་སྲིད་དབང་ཕྲོགས་ནས་ལོ་༢་འཁོར་བའི་དུས་དྲན་ཉིན་ཐེ་ལན་ཌིའི་ས་ཐོག་ཏུ་བཙན་བྱོལ་ལ་འབྱོར་བའི་འབར་མ་བ་ཚོས་ས་མཚམས་སུ་ངག་བཅད་ངོ་རྒོལ་བྱས་ཡོད་པར་མ་ཟད། ཁོ་ཚོས་འབར་མའི་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་ཏེ་ཕྱི་ལ་མི་འབུད་པ་དང་ཚོང་ལས་སོགས་སྒོ་རྒྱག་དགོས་ཞེས་འབོད་སྐུལ་ཞུས། དབྱིན་ཇི་དང་ཨ་རི། ཁེ་ན་ཌ་དང་ཨོ་གླིང་སོགས་ཀྱིས་འབར་མའི་དམག་གཞུང་ལ་སླར་ཡང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་ཁག་ཅིག་བཙན་འགེལ་བྱ་རྒྱུའི་གསལ་བསྒྲགས་སྤེལ། ༢༠༢༢་ལོའི་ཕྱི་ཟླ་༡༢་པར་འབར་མའི་དམག་གཞུང་གིས་དམངས་གཙོའི་དབུ་ཁྲིད་ཨང་སན་སུ་ཇིར་ལོ་༧་གྱི་བཙོན་འཇུག་གི་ཁྲིམས་བཅད། ད་དུང་དེའི་ཐོག་ཏུ་ཨང་སན་སུ་ཇིར་ལྐོག་ཟ་དང་ཆབ་སྲིད་ཀྱི་ཁྲིམས་འགལ་ནག་ཉེས་བཙུགས་ཏེ་ཁྱོན་བསྡོམས་ལོ་༣༣་ལ་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བསྒྲགས། ད་ལྟ་ཨང་སན་སུ་ཇི་ལོ་༧༧་ཡིན་པ་དང་འབར་མའི་དམག་གཞུང་ལ་འཕོ་འགྱུར་མ་ཐེབས་ཚེ། ཁོང་མ་གྲོངས་བར་དུ་བཙོན་ཁང་དུ་འདུག་དགོས་ཐུག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། དེའི་སྔོན་དུ་༡༩༨༩་ནས་༢༠༡༠་བར་དུ་ཨང་སན་སུ་ཇི་༡༥་ལ་བཙོན་ཁང་དུ་བཅུག དེང་སྐབས་ཨང་སན་སུ་ཇིའི་རྒྱབ་སྐྱོར་བ་དང་རང་བཙན་གྱི་ཉམས་ཞིབ་པ་ཚོས་འབར་མའི་དམག་གཞུང་གིས་དམངས་གཙོའི་གཞུང་གི་འགོ་ཁྲིད་ཚོར་ནག་ཉེས་འདྲ་མིན་ཞིག་འཛུགས་ཀྱི་ཡོད་པ་ནི་དམག་གི་སྲིད་དབང་སྲ་བརྟན་གཏོང་ཐབས་ཤིག་རེད་ཅེས་བཀྲལ། འཛམ་གླིང་རྒྱལ་ཁབ་མང་ཆེ་བས་འབར་མའི་དམག་གཞུང་ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་ཀྱང་རྒྱ་ནག་དང་ཨུ་རུ་སུ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གིས་འབར་མའི་དམག་གཞུང་ལ་འབྲེལ་བ་བཙུགས་ནས་ངོས་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG