༄༅།། ཨ་མི་རི་ཀར་ཕྱི་ཟླ་༣་པའི་ཚེས་དགུའི་མཚམས་སུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༢༢་ལ་འཆི་སྐྱོན་དང་མི་༥༥༠་ལྷག་ལ་ནད་དུག་འགོས། ད་ལྟ་ཨ་མི་རི་ཀའི་མངའ་སྡེ་༣༤་ལ་རིམས་ནད་ཁྱབ། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཊེ་ཌི་ཁུ་རུ་ཟི་དང་གྲོས་ཚོགས་འོག་མའི་འཐུས་མི་ཕཱོལ་གྷོ་སར་གཉིས་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་ཆབ་སྲིད་ཀྱི་ཚོགས་འདུ་ཞིག་ལ་ཞུགས། ཝ་ཤིང་ཊོན་གྱི་ཆབ་སྲིད་ཚོགས་འདུ་དེར་ཞུགས་པའི་མི་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པས་གྲོས་ཚོགས་འཐུས་མི་དེ་དག་གིས་རང་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་སྲིད་པའི་དོགས་པ་བྱས་ནས་རང་མོས་ཀྱིས་ལོགས་སུ་བཀག་འདུག འདས་པའི་གཟའ་མཇུག་དེར་རྒྱལ་ས་ཝ་ཤིང་ཊོན་དང་དེའི་ཉེ་འཁོར་གྱི་མཱེ་རི་ལན་ཌི་དང་ཝྭིར་ཇཱི་ཎི་ཡ་མངའ་སྡེ་བཅས་རྒྱལ་སའི་མངའ་ཁུལ་གྱི་ས་ཁུལ་ཁག་གསུམ་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༩་ལ་སྨན་བཅོས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རང་གི་སྤྱི་དམངས་རྣམས་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཁག་ཏུ་འགྲིམ་འགྲུལ་བྱ་རྒྱུ་འཛེམ་ཟོན་བྱ་དགོས། ལྷག་པར་དུ་ཨ་རི་བ་བགྲེས་སོང་གློ་ནད་དང་འཚང་ནད། ཁྲག་ཤེད་མཐོ་བ་དང་སྙིང་རྩ་འགགས་མྱོང་བའི་ནད་པ་རྣམས་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་རྒྱལ་ཁབ་ཁག་ལ་མཚོ་ཐོག་དང་མཁའ་ལམ་བརྒྱུད་ནས་འགྲིམ་འགྲུལ་བྱ་རྒྱུ་གཡོལ་ཐབས་བྱ་དགོས་ཞེས་སྐུལ་ལྕག་བཏང་ཞིང་། ཨ་མི་རི་ཀའི་བྷར་ན་ཌི་དང་ཀོ་ལིམ་བྷི་ཡ། སི་ཊན་ཧྥོར་ཌི། ཧོབ་སི་ཊི་ར་དང་ར་ཡེ་སི་སློབ་ཆེན་བཅས་ཀྱིས་སློབ་ཕྲུག་དང་དགེ་རྒན་རྣམས་འཛིན་གྲྭར་མཉམ་དུ་འདུས་ནས་སློབ་ཁྲིད་བྱ་རྒྱུ་རེ་ཞིག་མཚམས་འཇོག་བྱས་འདུག
ཨི་ཊི་ལིའི་གཞུང་གིས་རང་གི་བྱང་ཕྱོགས་ས་ཁུལ་ཁག་གི་མི་གྲངས་ས་ཡ་༡༦་ལོགས་སུ་བཀག་ནས་རྒྱལ་ཁབ་དེར་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་བྱེད་ཀྱི་ཡོད་པར་མ་ཟད། ཁ་སང་གཟའ་ཉི་མའི་ཉིན་སྲིད་བློན་ཀོན་ཐེས་ཨི་ཊི་ལིའི་ཞིང་ཆེན་༡༤་ལ་ཕྱི་ཟླ་༤་པའི་ཚེས་༡་བར་དུ་སྐྱེལ་འདྲེན་དང་འགྲིམ་འགྲུལ། ཚོང་ལས་དང་ཡུལ་སྐོར་སྤྲོ་འཆམ་སོགས་བཀག་ནས་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་ཏེ་ཕྱི་ལ་འབུད་མི་ཆོག་ཅེས་བཀའ་རྒྱ་ཞིག་བསྒྲགས། རྒྱལ་ཁབ་དེའི་གཞས་པ་དང་གཞས་མ། རྩོམ་པ་པོ་དང་བརྙན་འཕྲིན་མདོ་འཛིན་པ། ཁ་ཤགས་སྒྱུ་རྩལ་བ་སོགས་མི་སྣ་གྲགས་ཅན་ཁག་གིས་སྤྱི་དམངས་རྣམས་ཁྱིམ་དུ་འཛུལ་ནས་ཏོག་དབྱིབས་རིམས་ནད་ལ་འཛེམ་དགོས། སྲིད་གཞུང་གི་བཀོད་འདོམས་ལ་ཉན་དགོས་པ་དང་ང་ཚོ་ཡང་རང་ཁྱིམ་དུ་འཛུལ་ཡོད་ཅེས་མང་ཚོགས་ལ་སྐུལ་ལྕག་གཏོང་གི་ཡོད་པའི་བརྙན་འཕྲིན་བཀྲམ། ཨི་ཊི་ལིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ལ་རིམས་ནད་བཀག་སྡོམ་ཆེད་དུ་འགྲོ་གྲོན་རོགས་རམ་སྤྲོད་དགོས་པའི་འབོད་སྐུལ་ཞུས། ཁ་སང་ཕྱི་ཚེས་༨་བར་དུ་ཨི་ཊི་ལི་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༣༦༦་ལ་འཆི་སྐྱོན་དང་མི་༧༣༧༥་ལ་ནད་དུག་འགོས་འདུག
ལྷོ་ཀོ་རི་ཡར་ཕྱི་ཟླ་༣་པའི་ཚེས་༩་ཉིན་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༩༦་ལས་བྱུང་མེད། ཁྱོན་བསྡོམས་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༧༤༧༨་ཡོད་པ་དང་མི་༥༠་ལྷག་ལ་འཆི་སྐྱོན་བྱུང་། ཡིན་ནའང་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཀྱི་ངར་ཤུགས་ཆག་གི་ཡོད་པའི་རྟགས་མཚན་ཞིག་ཐོན། གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་འཕྲོད་བསྟེན་བློན་ཆེན་གྱིས་སྟབས་ལེགས་པ་ཞིག་ལ་སྤྱི་དམངས་ཚོར་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་འདུག ང་ཚོས་དོགས་ཟོན་གྱི་སྒོ་ནས་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་ཀྱི་ངར་སྒང་འཇོམས་ཀྱི་ཡོད་པའི་རེ་བ་འཆང་ཡོད། དེ་རིང་གི་ནད་པ་གསར་པའི་གྲངས་འབོར་ནི་འདས་པའི་ཉིན་༡༡་གི་རིང་ལ་བྱུང་མྱོང་མེད་པའི་ནད་པའི་གྲངས་འབོར་ཆེས་ཉུང་ཤོས་སུ་གྱུར་ཡོད་ཅེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད། ལྷོ་ཀོ་རི་ཡའི་གཞུང་གིས་ཉིན་ལྟར་མི་༡༥༠༠༠་རེ་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པ་དང་ད་ལྟའི་བར་དུ་མི་༡༩༦༠༠༠་བརྟག་དཔྱད་བྱས་ཟིན། འོན་ཀྱང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་སྒར་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༨་ལ་ནད་དུག་འགོས་འདུག
ཨི་རན་ལ་ཕྱི་ཟླ་༣་པའི་ཚེས་༩་ཉིན་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་གསར་པ་༦༠༠་ཡས་མས་ཤིག་བྱུང་ཡོད་པ་དང་ཁྱོན་བསྡོམས་མི་༢༣༧་ལ་འཆི་སྐྱོན་བྱུང་སོང་། ད་ལྟ་ཨི་རན་རྒྱལ་ཡོངས་སུ་ནད་པ་༧༡༦༡་ཡོད་ཅེས་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པས་བསྒྲགས། ཡིན་ནའང་ཉམས་ཞིབ་པ་ཚོས་ཨི་རན་ལ་ཏོག་དབྱིབས་རིམས་ནད་ཀྱིས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་གྲངས་འབོར་ནི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ལྡབ་འགའ་ཞིག་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག ཨི་རན་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཀག་སྡོམ་ཆེད་དུ་རྒྱལ་ཁབ་དེའི་བཙོན་ཁང་ཁག་གི་བཙོན་པ་༧༠༠༠༠་ཡས་མས་ཤིག་གནས་སྐབས་རིང་གློད་གྲོལ་བཏང་ཞིང་། དེང་སྐབས་ཨི་རན་ལ་སྨན་པ་དང་འཕྲོད་བསྟེན་ལས་སྣེ་འདང་ངེས་མེད་པས་དམག་དང་མི་མང་དང་བླངས་པ་བཅས་མི་གྲངས་༣༠༠༠༠༠་ལྷག་གིས་རིམས་ནད་སྔོན་འགོག་དང་སྨན་བཅོས་སོགས་ཀྱི་རམ་འདེགས་སྒྲུབ་ཀྱི་ཡོད་ཀྱང་ཨི་རན་ནི་དཀྱིལ་ཤར་ས་ཁུལ་གྱི་རིམས་ནད་དེའི་འབྱུང་ཁུངས་ཤིག་ཏུ་གྱུར། ཨི་རན་གྱི་ནད་པའི་གྲས་སུ་སྲིད་འཛིན་གཞོན་པ་དང་འཕྲོད་བསྟེན་བློན་ཆེན་གཞོན་པ། གྲོས་ཚོགས་འཐུས་མི་༢༠་ལྷག་འདུས། མི་ལ་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་ཨི་རན་གཞུང་གི་མཐོ་རིམ་ལས་སྣེ་ཁག་ཏུ་ཚུད་འདུག
རྒྱ་གར་ལ་ཕྱི་༣་ཚེས་༩་དགུའི་མཚམས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༤༣་ཡོད་པ་དང་མི་༡་ལ་འཆི་སྐྱོན་བྱུང་བ་ངེས་གཏན་བྱུང་། ད་ལྟ་ཏོག་དབྱིབས་རིམས་ནད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཨུ་དྷར་པུར་དྷེ་ཤི། ཀེ་ར་ལ་དང་ར་ཇཱེ་སི་ཐན། རྒྱ་གར་གྱི་མཐའ་མཚམས་སུ་ཆགས་པའི་འཇའ་མུ་དང་ཀ་ཤི་མིར། ལ་དྭགས་བཅས་སུའང་ཁྱབ། ལ་དྭགས་ས་ཁུལ་དུ་འཆི་སྐྱོན་བྱུང་བའི་མི་དེའི་མིང་ལ་མོ་ཧ་མེ་ཐེ་ཨ་ལི་ཟེར། ཁོ་པ་ཉེན་རྟོག་པ་ཟུར་པ་ཞིག་དང་ཉེ་ལམ་ཨི་རན་ལ་བསྐྱོད་ནས་ཕྱིར་ལོག་བྱས་འདུག དེར་བརྟེན་ཕྱི་ཟླ་༣་པའི་ཚེས་༣༡་བར་དུ་ལ་དྭགས་ས་ཁུལ་གྱི་སློབ་གྲྭ་ཁག་སྒོ་བརྒྱབ། རྒྱ་གར་གྱི་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་མང་ཆེ་བ་ནི་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་དང་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རན་སོགས་ལ་སྤྲོ་འཆམ་དུ་བསྐྱོད་པའི་རྒྱ་གར་བ་ཚོ་ཡིན་པའམ། ཡང་ན་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བརྒྱུད་ནས་རྒྱ་གར་ལ་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་ཅིང་། རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱལ་སྤྱིའི་འགྲུལ་པ་༨༧༤༧༠༨་ལ་གནམ་ཐང་ཁག་ཏུ་ཚ་བ་ཡོད་མེད་བརྟག་དཔྱད་བྱས་པ་ཡིན། མི་༡༩༢༡་ལ་ནད་བརྟག་ཡོད་པའི་རྟགས་མཚན་ཐོན་སོང་། འགྲུལ་པ་༣༣༥༩༩་ལ་བརྟག་དཔྱད་བྱེད་བཞིན་ཡོད། མི་༡༧༧་སྨན་ཁང་དུ་འཁྱེར་ཡོད་ཅེས་བསྒྲགས།
རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཟླ་༣་པའི་ཚེས་དགུའི་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་དེར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༤༠་ཐམ་པ་དང་མི་༢༢་ལ་འཆི་སྐྱོན་བྱུང་སོང་། ད་ལྟའི་བར་དུ་རྒྱ་ནག་རྒྱལ་ཡོངས་སུ་མི་༣༡༡༩་ལ་འཆི་སྐྱོན་དང་མི་༨༠༧༣༥་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད། ནད་པ་གསར་པ་༤༠་པའི་ནང་གི་མི་༣༦་ཝུ་ཧན་གྲོང་ཁྱེར་དུ་བྱུང་ཡོད་པ་དང་མི་༤་ཧུ་པེའི་ཞིང་ཆེན་དུ་བྱུང་ཡོད། རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཕོག་པའི་མི་༦༥༦༠༠་ཙམ་དྲག་སྐྱེད་བྱུང་ཡོད་ཅེས་བསྒྲགས། ཡིན་ནའང་འདས་པའི་ཟླ་བ་རེ་ཟུང་ཞིག་ལ་རྒྱ་ནག་གི་བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་འགྲིམ་འགྲུལ་བཀག་སྡོམ། རྒྱ་ནག་གི་ཕྱིར་ཚོང་འགགས་པ་བཅས་ལ་བརྟེན་ནས་ལོ་འདིར་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་མང་པོས་དཔལ་འབྱོར་གྱི་གྱོང་གུད་ཕོག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་་། ད་ལྟ་རྒྱ་ནག་ནང་ཁུལ་དུ་ཏོག་དབྱིབས་རིམས་ནད་འཇོམས་ཀྱི་ཡོད་ཀྱང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་ཕྱི་རྒྱལ་ལ་སྤྲོ་འཆམ་དུ་ཕྱིན་པའི་རྒྱ་ནག་གི་སྤྱི་དམངས་ཚོས་སླར་ཡང་རྒྱ་ནག་ལ་རིམས་ནད་ཁྱབ་གདལ་གཏོང་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་པ་སྟེ། རྒྱ་ནག་ལ་ཕྱི་ནས་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༦༧་བྱུང་བ་དེའི་གྲས་སུ་ཀན་སུའུ་ཞིང་ཆེན་གཅིག་པུར་མི་༤་བྱུང་ཡོད་པ་རེད།