ཆོས་སྐྱབས་དང་གཟུ་བ་རྡོར་བྲུག
ཚེས་༣ ཉིན་མགོ་ལོག་པདྨ་རྫོང་དུ་མགོ་ལོག་པད་ཡག་དགོན་པའི་དགེ་མདུན་པ་བློ་བཟང་དགེ་མདུན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་དེར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ཚེས་༣ཉིན་གྱི་དགོང་དྲོ་མགོ་ལོག་ས་ཆའི་གཟུ་བ་སྐད་གྲགས་ཅན་ཝ་ཤུལ་རྡོར་བྲུག་འཛིན་བཟུང་བྱས་པ་དང་། ཚེས་༤་ཉིན་མགོ་ལོག་གི་གཟུ་བ་སྐད་གྲགས་ཅན་ལ་ལའི་ཆོས་སྐྱབས་ས་གནས་ཉེན་རྟོག་ཁང་དུ་སོང་ནས་རྡོར་བྲུག་ལགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག ཡིན་ན་ཡང་དེའི་མཚན་མོ་ལ་ལའི་ཆོས་སྐྱབས་ཀྱང་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱེད་དེ་ད་ལྟའི་ཆར་མགོ་ལོག་པདྨ་རྫོང་ཁོངས་ཀྱི་གཟུ་བ་སྐད་གྲགས་ཅན་གཉིས་གང་དུ་བཀག་ཉར་བྱེད་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱིན་མེད་པས། འབྲོག་པ་མང་ཚོགས་ཀྱིས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག མགོ་ལོག་པདྨ་རྫོང་དུ་ད་ལྟའི་ཆར་དམ་དྲག་སྔར་ལས་ཆེན་པོ་བྱས་བཞིན་ཡོད་པ་སྟེ། པདྨ་རྫོང་གི་ཉེན་རྟོག་རུ་དཔོན་བོད་མི་དཔའ་སྟོབས་ལགས་གོ་གནས་ནས་ཕྱིར་སྤས་བཏང་བ་ནས་མགོ་ལོག་ས་ཆར་འཛིན་བཟུང་དང་དྲག་རྡུང་གི་གནས་ཚུལ་རིམ་པས་བྱུང་བཞིན་ཡོད་འདུག