ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འགོག་ཁབ་དགོས་ན་ཡུ་གུར་བ་ཚོ་རྩིས་སྤྲོད་བྱོས་ཟེར་གྱི་ཡོད་སྐད།


༄༅།། དེང་སྐབས་ཏུར་ཀིའི་གཞུང་གིས་རང་གི་ས་ཐོག་ཏུ་བཙན་བྱོལ་ལ་འབྱོར་བའི་ཞིན་ཅང་གི་ཡུ་གུར་བའི་ཁྱིམ་ཚང་ཁག་ལ་ཉེན་རྟོག་པ་བཏང་ནས་སྔོག་བཤེར། ཡུ་གུར་བ་དེ་རྣམས་ཏུར་ཀིའི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་མྱོང་ཡོད་མེད་འདྲི་རྩད། ཁོ་ཚོ་ཏུར་ཀིའི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་ཡོད་ན་རང་ཡུལ་ལ་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཐོན་འདུག དཔེར་ན་ཨབ་རྡུལ་མེ་ཚི་དྷི་ཞེས་པ་ནི་ཏུར་ཀིའི་རྒྱལ་ཁབ་ལ་བཙན་བྱོལ་དུ་འབྱོར་བའི་ཞིན་ཅང་གི་ཡུ་གུར་བ་ཞིག་ཡིན་ཞིང་། ཟླ་བ་སྔོན་མའི་དགོང་མོ་ཞིག་ལ་ཨབ་རྡུལ་མེ་ཚི་དྷི་ཉལ་གྲབས་བྱེད་ཀྱི་ཡོད་པའི་དུས་དེར་ཉེན་རྟོག་པ་ཡོང་ནས་སྒོ་བརྡུངས། ཁོ་ཚོས་མྱུར་དུ་སྒོ་ཕྱེས་ཞེས་སྡིགས་སྐད་བརྒྱབ་པས་ཨབ་རྡུལ་ཚི་དྷིས་སྒོ་ཕྱེ། ཏུར་ཀིའི་ཉེན་རྟོག་པ་བཅུ་གྲངས་ཤིག་ཁྱིམ་ཚང་དེར་དཔུང་འཛུལ་བྱས་ནས་ཡུ་གུར་བ་སྐྱེས་པ་དེ་འཛིན་བཟུང་། ཁོ་པའི་ཆུང་མ་ལའང་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ད་ལྟ་ཏུར་ཀིའི་གཞུང་གིས་ཡུ་གུར་བ་མེ་ཚི་དྷི་བཀག་ཉར་ཁང་ཞིག་ཏུ་བཅུག་སྟེ་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུ་དེར་སྒུག་འདུག ཉེ་བའི་ཟླ་ཤས་ཤིག་ནས་ཏུར་ཀིའི་ཉེན་རྟོག་པ་ཚོ་ཡུལ་གུར་བའི་ཁྱིམ་ཚང་ཁག་ལ་དཔུང་འཛུལ་བྱས་ནས་མི་༥༠་ལྷག་བཀག་ཉར་བྱས་སོང་། ཞིན་ཅང་གི་ཡུ་གུར་བ་དེ་རྣམས་ཏུར་ཀིའི་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱ་འཆར་འདུག སྔ་ལོ་ནས་ཏུར་ཀིའི་གཞུང་གིས་རང་གི་ས་ཐོག་ཏུ་གནས་འཁོད་ཡུ་གུར་བ་རྣམས་འཛིན་བཟུང་བྱ་རྒྱུ་ཇེ་མང་དུ་ཕྱིན་སོང་ཞེས་ཁྲིམས་རྩོད་པ་ཚོས་སེམས་ཁྲལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཏུར་ཀིའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཨེར་དྷོ་གྷན་གྱི་སྲིད་གཞུང་གིས་ཡུ་གུར་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ། ཏུར་ཀིའི་གཞུང་གིས་རྒྱ་ནག་གི་ཚད་ལྡན་མིན་པའི་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་རྣམས་ནང་འདྲེན་བྱ་རྒྱུའི་ལྐོག་གྲོས་ཤིག་བྱས་འདུག པེ་ཅིང་གི་དབང་འཛིན་པ་ཚོས་ཏུར་ཀི་ལ་འགོག་ཁབ་ས་ཡ་འགའ་ཞིག་བཙོང་རྒྱུའི་ཁས་ལེན་བྱས་ཀྱང་འགོག་ཁབ་དེ་རྣམས་དུས་ཐོག་ཏུ་འབྱོར་གྱི་མི་འདུག་ཅེས་སྐྱོན་བཙུགས། ཏུར་ཀིའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་ཡུ་གུར་བ་བཙན་བྱོལ་བ་ཚོས་རྒྱ་ནག་དང་ཏུར་ཀི་གཉིས་ཀྱིས་འགོག་ཁབ་དང་ཡུ་གུར་བ་རྣམས་བརྗེ་ཚོང་རྒྱག་རྒྱུའི་ལྐོག་གྲོས་ཤིག་བྱས་འདུག་ཅེས་དོགས་སློང་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གིས་ཏུར་ཀིའི་རྒྱལ་ཁབ་ལ་དཔལ་འབྱོར་རོགས་རམ་དང་མ་རྩ་འཛུགས་འཇོག ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱིར་ཚོང་བྱ་རྒྱུའི་གྲོས་མཐུན་བཞག་པ་རྣམས་རྒྱ་ནག་དང་ཏུར་ཀི་གཉིས་ཀྱིས་རྩིས་སྤྲོད་ཆིངས་ཡིག་ཅིག་བཞག་ཡོད་པར་འབྲེལ་བ་ཞིག་ཡོད་པའི་དོགས་པ་ཆེན་པོ་འདུག ཅིའི་ཕྱིར་ཞེ་ན་རྒྱ་ནག་དང་ཏུར་ཀི་གཉིས་ཀྱིས་རྩིས་སྤྲོད་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་ནས་ལོ་མང་སོང་། ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་གློ་བུར་དུ་ཏུར་ཀི་དང་རྒྱ་ནག་གི་རྩིས་སྤྲོད་ཆིངས་ཡིག་དེར་ཆོག་མཆན་བཀོད། ཟླ་བ་འདིར་ཏུར་ཀིའི་གཞུང་གིས་ཀྱང་རང་གི་གྲོས་ཚོགས་འཐུས་མི་ཚོར་རྒྱ་ནག་དང་ཏུར་ཀི་གཉིས་ཀྱིས་རྩིས་སྤྲོད་ཆིངས་ཡིག་དེར་ཆོག་མཆན་འགོད་དུ་འཇུག་རྒྱུ་ཡིན་པའི་རྣམ་པ་མངོན།།

གལ་སྲིད་ཏུར་ཀིའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་རྩིས་སྤྲོད་ཆིངས་ཡིག་དེར་ཆོག་མཆན་བཀོད་ནས་དངོས་སུ་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར་ཚེ། ཏུར་ཀིའི་གཞུང་གིས་འཛེམ་ཟོན་མེད་པར་རང་གི་ས་ཐོག་ཏུ་གནས་འཁོད་ཞིན་ཅང་གི་ཡུ་གུར་བ་རྣམས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཆོག རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་ཀྱིས་བཞག་པའི་ཆིངས་ཡིག་འབྲུ་དོན་ལྟར་ཏུར་ཀིའི་གཞུང་ལ་ཞིན་ཅང་གི་ཡུ་གུར་བ་རྣམས་རྩིས་སྤྲོད་བྱ་དགོས་ཞེས་གནོན་ཤུགས་སྤྲོད་བདེ་བ། དེ་ནས་ཏུར་ཀིའི་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་འཛིན་བཟུང་བྱ་རྒྱུ་ཇེ་མང་དང་ཁོ་ཚོ་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུ་ཇེ་མང་དུ་འགྲོ་ལྡོག་ཏུ་མེད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་མ་ཟིན་ཙམ་ཞིག་བཀག་ཉར་ཁང་དང་བཙོན་སྒར། ལས་གྲྭ་ཁག་ཏུ་བཅུག་ནས་ངལ་རྩོལ་བཙན་བཀོལ་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤྲོད་ཀྱི་ཡོད་པའི་དཀའ་སྡུག་རྣམས་ཏུར་ཀིའི་གཞུང་གིས་ཕྱིར་སློག་བྱས་པའི་ཡུ་གུར་བ་ཚོས་ཀྱང་མྱོང་བར་འགྱུར་རྒྱུ་ཉག་ཅིག་ཡིན་ཞིང་། ཡུ་གུར་བ་མེ་ཚི་དྷིའི་བཟའ་ཟླ་མ་ལི་ཀས་ང་ཏུར་ཀིའི་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱ་སྲིད་པར་ཧ་ཅང་སྐྲག་གི་འདུག ང་ནི་རང་གི་ཁྱོ་གའི་ལུས་སེམས་གཉིས་བདེ་ཐང་མེད་པར་འགྱུར་རྒྱུ་དེར་སེམས་ཁྲལ་ཆེན་པོ་ཡོང་གི་འདུག་ཅེས་མིག་ཆུ་ཉིལ། ཁོ་མོར་ཏུར་ཀིའི་ཉེན་རྟོག་པ་ཚོས་དགྲ་ལོན་སློག་སྲིད་པའི་འཇིགས་སྣང་གིས་གསར་འགོད་པར་མིང་ཆ་ཚང་ཡང་བཤད་མ་ཕོད། སྔ་ལོའི་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གིས་ཏུར་ཀི་ལ་འགོག་ཁབ་ཐེངས་དང་པོ་སྐྱེལ་འདྲེན་བྱས་པའི་གཞུག་ནས་ཏུར་ཀིའི་གཞུང་གིས་ཡུ་གུར་བ་རྣམས་འཛིན་བཟུང་བྱ་རྒྱུ་ཇེ་མང་དུ་སོང་ཡོད་པ་རེད།།

ཡིལ་དི་རཱིམ་ཁ་ཡ་ཞེས་པའི་ཏུར་ཀིའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་ང་ཚོར་རྒྱ་ནག་ནས་འགོག་ཁབ་བྱེ་བ་༣་མ་གཏོགས་འབྱོར་མ་སོང་། ཏུར་ཀི་རྒྱལ་ཁབ་ཀྱིས་རེ་བ་བཅོལ་ས་ནི་རྒྱ་ནག་གིས་བཟོས་པའི་འགོག་ཁབ་གཅིག་པུ་རེད། ད་ལྟའི་བར་དུ་ཏུར་ཀི་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་༢༥༠༠༠༠༠་ལྷག་ལ་ནད་དུག་འགོས་པ་དང་མི་༡༦༠༠༠་ལ་འཆི་སྐྱོན་བྱུང་སོང་། རྒྱ་ནག་གིས་ཏུར་ཀི་ལ་འགོག་ཁབ་མཁོ་སྤྲོད་བྱ་རྒྱུ་དེར་ནར་འགྱངས་གཏོང་གི་ཡོད་པ་རྒྱུན་ལྡན་ཞིག་མ་རེད། ང་ཚོས་སྔོན་ནས་རྒྱ་ནག་ལ་འགོག་ཁབ་ཀྱི་རིན་པ་སྤྲད་ཟིན། རྒྱ་ནག་གིས་ཏུར་ཀི་གཞུང་ལ་ཡུ་གུར་བ་རྣམས་རྩིས་སྤྲོད་མ་བྱས་ན་འགོག་ཁབ་མཁོ་སྤྲོད་བྱ་རྒྱུ་ནར་འགྱངས་འགྲོ་སྲིད་ཅེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མིན་ནམ། ངས་ཏུར་ཀིའི་གཞུང་ལ་དངོས་སུ་རྒྱ་ནག་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་མེད་དྲིས་པ་ཡིན། ད་སྔ་ང་ལ་ཏུར་ཀིའི་གཞུང་གིས་ལན་འདེབས་གང་ཡང་བྱས་མ་བྱུང་ཞེས་བཤད། རྒྱ་ནག་དང་ཏུར་ཀིའི་གཞུང་གིས་ཕྱོགས་གཉིས་ཀྱི་རྩིས་སྤྲོད་ཆིངས་ཡིག་དང་འགོག་ཁབ། ཡུ་གུར་བའི་གནད་དོན་རྣམས་འབྲེལ་བ་མེད་ཅེས་བཀྲལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་འགོག་ཁབ་མཁོ་སྤྲོད་དང་ཡུ་གུར་བ་རྩིས་སྤྲོད་གཉིས་འབྲེལ་བ་ཡོད་པའི་སྐད་ཆ་ཞིག་གླེང་གི་ཡོད་པ་ཁུངས་མེད་རེད། དེ་ནི་རྒྱ་ནག་ལ་མིང་ཤས་ངན་པ་ཞིག་འཕོག་ཏུ་འཇུག་ཐབས་དང་རྒྱ་ནག་ལ་ནག་ཐིག་ཅིག་འབེབས་ཐབས་རེད། ངས་བལྟས་ན་ཚོད་དཔག་གི་སྐད་ཆ་དེ་ཚོ་བདེན་པར་འཛིན་མི་རུང་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

ཁ་སྔོན་ཕྱི་ཟླ་༡༢་པའི་ནང་དུ་ཏུར་ཀིའི་ཕྱི་སྲིད་བློན་ཆེན་གྱིས་འགོག་ཁབ་འབྱོར་རྒྱུ་ནར་འགྱངས་སོང་བ་ནི་ཡུ་གུར་བའི་གནད་དོན་ལ་འབྲེལ་བ་མེད། ང་ཚོས་རང་གི་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུབ་པར་ཡུ་གུར་བ་རྣམས་བཙོང་གི་མ་རེད། ཏུར་ཀིའི་གཞུང་གིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་གླེང་སློང་བྱེད་ཀྱི་ཡོད་ཅེས་བཤད། ཏུར་ཀིའི་ས་ཐོག་ཏུ་ཞིན་ཅན་གི་ཡུ་གུར་བ་༥༠༠༠༠་ལྷག་ཡོད་པར་མ་ཟད། འདས་པའི་ལོ་མང་རིང་ཏུར་ཀིའི་གཞུང་གིས་རང་གི་ས་ཐོག་ཏུ་ཡུ་གུར་བ་ཚོར་རྒྱ་ནག་ལ་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་དུ་བཅུག ཞིན་ཅང་གི་ཡུ་གུར་བ་ཚོར་རང་ཡུལ་དུ་ཆབ་སྲིད་ཀྱི་གཉའ་གནོན་དང་མནར་གཅོད་ཕོག་པའི་དུས་སུ་མི་རིགས་གཅིག་པ་དང་སྐད་ཡིག་གཅིག་པའི་ཏུར་ཀི་རྒྱལ་ཁབ་ལ་བཙན་བྱོལ་དུ་འགྲོ་ས་ཞིག་ཡོད། འོན་ཀྱང་༢༠༢༠་ལོའི་མགོ་སྟོད་ནས་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ། ཏུར་ཀི་གཞུང་ལ་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་བཟོས་པའི་ཚད་ལྡན་གྱི་འགོག་ཁབ་རྣམས་རེག་གི་མེད་པ། ཉེ་ཆར་རྒྱ་ནག་ཏུ་བཅའ་སྡོད་ཏུར་ཀིའི་གཞུང་ཚབ་པས་རྒྱ་ནག་གི་འགོག་ཁབ་རྣམས་ཡག་པོ་རེད་ཅེས་བསྔགས་བརྗོད་བྱས་པ། ཏུར་ཀིའི་གཞུང་གིས་རྒྱ་ནག་ལ་ཁྲིམས་འཛིན་ལས་དོན་ཐོག་ཏུ་མཉམ་འབྲེལ་བྱ་དགོས་པ་གནད་འགག་ཆེན་པོ་ཡིན་ཞེས་སྒྲོགས་འགོ་ཚུགས་པར་འབྲེལ་བ་ཡོད་པ་ཞིག་ཏུ་སྣང་། དེར་བརྟེན་ཉམས་ཞིབ་པ་ཕལ་ཆེ་བས་ཏུར་ཀིའི་གཞུང་གིས་རྒྱ་ནག་ལ་ཁྲིམས་འཛིན་ལས་དོན་ཐོག་ཏུ་མཉམ་འབྲེལ་བྱ་དགོས་ཟེར་བའི་སྐད་ཆ་དེའི་གོ་དོན་ནི་ཡུ་གུར་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པར་གོ་དགོས་ཀྱི་འདུག ཏུར་ཀིའི་གཞུང་ཚབ་པས་རྒྱ་ནག་གི་འགོག་ཁབ་རྣམས་ཡག་པོ་རེད་ཅེས་བསྔགས་བརྗོད་བྱས་པ་ནི་རྒྱ་ནག་གཞུང་གིས་ཏུར་ཀི་ལ་འགོག་ཁབ་དགོས་ན་ཡུ་གུར་བ་རྣམས་རྩིས་སྤྲོད་བྱོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་ངོས་འཛིན་བྱེད་ཀྱི་འདུག

XS
SM
MD
LG