ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

སྲིད་འཛིན་ཊམ་གྱིས་ཨ་སྒོར་༧༥༠་ལས་དཔྱ་ཁྲལ་འཇལ་མེད་པ། 


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གཉིས་ཀྱི་བགྲོ་གླེང་ཐེངས་དང་པོ་འཚོགས་རྒྱུ་དེར་ཉི་མ་གཉིས་ལས་མེད་པའི་མཚམས་སུ་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་འདས་པའི་ལོ་བཅོ་ལྔའི་རིང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་བཅུ་ལ་དཔྱ་ཁྲལ་ཅི་ཡང་འཇལ་མི་འདུག ༢༠༡༦་དང་༢༠༡༧་གཉིས་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དབུས་གཞུང་ལ་ཨ་སྒོར་༧༥༠་ཐམ་པ་རེའི་དཔྱ་ཁྲལ་འཇལ་འདུག ༢༠༡༧་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་གར་ལ་ཨ་སྒོར་༡༤༥༤༠༠་དང་ཧྥི་ལི་ཕིན་ལ་ཨ་སྒོར་༡༥༦༨༢༤་ཙམ། ཏུར་ཀི་རྒྱལ་ཁབ་ལ་ཨ་སྒོར་༡༠༠༠༠༠༠་ཡས་མས་ཤིག་དཔྱ་ཁྲལ་འཇལ་འདུག སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་སྒོར་དུང་ཕྱུར་༣་གྱི་བུ་ལོན་འདུག་ཅེས་བསྒྲགས། ཁ་སང་ཉིན་ཧྲིལ་པོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་དེ་རྣམས་རྫུན་མ་རེད། ཁོ་ཚོས་གསར་འགྱུར་དེ་རྣམས་རྫུན་བཟོ་བྱས་པ་རེད། ངས་ཨ་སྒོར་ས་ཡ་མང་པོའི་དཔྱ་ཁྲལ་འཇལ་བ་ཡིན་ཞེས་རང་ཉིད་དཀར་འདོན་དང་དག་འབུད་བྱས་ནས་དུས་འདའ། ཡིན་ནའང་ཨ་མི་རི་ཀའི་སྲིད་འཛིན་སྔོན་མ་ཚོས་ལོ་ལྟར་དབུས་གཞུང་དང་མངའ་སྡེ་གཞུང་ལ་དཔྱ་ཁྲལ་ཅི་ཙམ་འཇལ་མིན་གྱི་འགེངས་ཤོག་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་དཔྱ་ཁྲལ་གྱི་འགེངས་ཤོག་རྣམས་གཏན་ནས་ཨ་རིའི་མི་དམངས་ལ་སྟོན་གྱི་མེད་ཅིང་། དེས་ན་མི་རྣམས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་ལ་དཔྱ་ཁྲལ་སྤྲོད་ཀྱི་ཡོད་མེད་ལ་དོགས་པ་ལངས་ནས་གསར་འགོད་པ་དང་ཉམས་ཞིབ་པ་ཚོས་དེ་ལ་སྔོག་འདོན་བྱ་དགོས་པ་ཞིག་ཏུ་གྱུར་འདུག

གཟའ་མཇུག་དེར་ནེའུ་ཡོཀ་དུས་བབ་པར་གྱིས་སྲིད་འཛིན་ཌོ་ནལ་ཊམ་ནི་རྒྱལ་ཁབ་ལ་དཔྱ་ཁྲལ་མི་སྤྲོད་པ་དང་ཚོང་པ་འཇོན་ཐང་མེད་པ། དཔྱ་ཁྲལ་ལ་གཡོ་གཟུར་བྱེད་མཁན་དང་བུ་ལོན་ནང་དུ་ཚུད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་ལས་ཀྱང་སྒེར་གྱི་ཁེ་ཕན་གཙིགས་སུ་འཛིན་པའི་སྲིད་འཛིན་དོགས་གཞི་ཅན་ཞིག་རེད། ཁོ་པས་སྲིད་འཛིན་གྱི་གོ་གནས་དང་དབང་ཚད་རྣམས་བཀོལ་སྤྱོད་བྱས་ནས་སྤྱི་སྒེར་སུའི་ལག་ནས་དངུལ་སྒོར་བུ་ལོན་བསྐྱིས་ཡོད་པ་རྣམས་ཕྱིར་བསྒྲགས་བྱེད་ཀྱི་མི་འདུག སྲིད་འཛིན་ཌོ་ནལ་ཊམ་གྱི་དཔྱ་ཁྲལ་འགེངས་ཤོག་ནང་དུ་རང་གི་ཆེད་ལས་ཀྱི་དོན་དུ་སྐྲ་བཞར་པར་ཨ་སྒོར་༧༠༠༠༠་འགྲོ་སོང་ཕྱིན་སོང་ཞེས་བཀོད། ༢༠༡༠་ནས་༢༠༡༨་བར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སློབ་སྟོན་པར་གླ་ཕོགས་ཨ་སྒོར་༢༦༠༠༠༠༠༠་སྤྲད་པ་ཡིན་ཞེས་བཀོད་ཀྱང་སློབ་སྟོན་པ་དེ་སུ་ཡིན་གསལ་པོ་བཤད་མི་འདུག ཨ་སྒོར་༧༥༠༠༠༠་བུ་མོ་རྒན་པ་ཨི་ཝྭན་ཁའི་དངུལ་ཁང་གི་བཅོལ་ཁྲའི་ནང་དུ་སླེབས་ཡོད་པའི་རྟགས་མཚན་གསལ་པོ་འདུག ཌོ་ནལ་ཊམ་གྱིས་རང་ཉིད་ཨ་རིའི་སྲིད་འཛིན་ཡིན་པའི་གནས་བབ་བེད་སྤྱོད་བྱས་ནས་ཁོ་པ་སྒེར་ལ་རྒྱལ་ས་ཝ་ཤིང་ཊོན་དུ་མགྲོན་ཁང་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གཉིས་སུ་གོར་སྤོ་རྩེད་ཐང་མང་དག་ཅིག་ཡོད་པ་དེ་དག་གི་ཚོང་ལས་ཉམས་རྒུད་འགྲོ་བཞིན་པ་རྣམས་སླར་གསོ་བྱ་ཐབས་བྱེད་ཀྱི་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་ནས་ལོ་བསྟུད་དེ་ཚོང་ལས་ལ་གྱོང་གུད་ཕོག་སོང་ཞེས་ཨ་རིའི་དབུས་ཁྲལ་བསྡུ་ལྷན་ཁང་ནས་ཨ་སྒོར་༧༣༠༠༠༠༠༠་ཁྲལ་ཆག་གི་སློག་ཆ་བླངས་འདུག་ཅེས་བཀོད།།

ཨ་རིའི་སྲིད་འཛིན་རིམ་པའི་ལོ་རྒྱུས་ཉམས་ཞིབ་པ་ཌོག་ལཱ་སི་བྷི་རིན་ཀེ་ལེས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ད་ལྟ་ཕོ་བྲང་དཀར་པོར་བཞུགས་ཡོད་པའི་སྲིད་འཛིན་ཌོ་ནལ་ཊམ་ནི་མངོན་ལྐོག་མི་མཚུངས་པའི་ཕྱིན་ཅི་ལོག་པའི་མི་ཞིག་རེད། ཁོ་པས་རྒྱལ་ཁབ་ལ་དཔྱ་ཁྲལ་ཅི་ཙམ་འཇལ་ཡོད་མེད་ཀྱི་ཡིག་ཆ་ཕྱིར་བསྒྲགས་མ་བྱས་པར་ཨ་མི་རི་ཀའི་སྲིད་འཛིན་རིམ་པས་རྒྱལ་ཁབ་ལ་དཔྱ་ཁྲལ་ཅི་ཙམ་སྤྲོད་ཀྱི་ཡོད་མེད་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པའི་ལམ་སྲོལ་ལ་གཏོར་བཤིག་བཏང་སོང་ཞེས་སྐྱོན་བཙུགས། ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་སྤེལ་བའི་གསར་འགྱུར་དེ་རྣམས་སྲིད་འཛིན་ཌོ་ནལ་ཊམ་དང་ཌོ་ནལ་ཊམ་གྱི་ཚོང་ལས་སྒྲིག་འཛུགས་ཀྱིས་ལོ་༢༠་ལྷག་གི་རིང་དུ་དབུས་གཞུང་དང་མངའ་སྡེའི་གཞུང་ལ་དཔྱ་ཁྲལ་ཅི་ཙམ་སྤྲད་ཡོད་མེད་ཀྱི་འགེངས་ཤོག་གི་ངོས་བཤུས་རྣམས་ཕྱི་ལ་འཁྱར་པ་དེར་གཞི་བཅོལ་ནས་སྤེལ་ཡོད་པས་ཨ་མི་རི་ཀ་བ་རྣམས་སྲིད་འཛིན་ཌོ་ནལ་ཊམ་ལ་ཡིད་ཆེས་མེད་པ་སྔར་ལས་ཇེ་སྡུག་ཏུ་འགྲོ་རྒྱུ། ད་ལྟ་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་མི་མང་ལ་བསམ་ཚུལ་འདྲི་ཞིབ་བྱས་པའི་གྲུབ་འབྲས་ཁག་ཏུ་ལོ་འདིའི་འོས་འདེམས་ལ་གནད་འགག་ཆེ་བའི་མངའ་སྡེ་ཁག་ཏུ་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་པ་མང་བ་ཡོད་པ་དེ་ལས་ཀྱང་ཇེ་མང་དུ་འགྲོ་རྒྱུ། ཨ་མི་རི་ཀ་དང་རྒྱལ་སྤྱིའི་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་ནི་རྫུན་བཤད་རྒྱུ་དང་གཡོ་ཁྲམ་བྱ་རྒྱུ་དེར་འཛེམ་ཟོན་མེད་པའི་མི་ཞིག་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རྣམས་དཔྱ་ཁྲལ་གྱི་གནས་ཚུལ་ཐོག་ནས་ར་འཕྲོད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་རྒྱལ་ཁབ་ལས་ཀྱང་ཕྱིའི་རྒྱལ་ཁབ་ཁག་ལ་དཔྱ་ཁྲལ་མང་བ་སྤྲོད་ཀྱི་ཡོད་པ་དེར་གཞིགས་ཚེ། ཨ་མི་རི་ཀ་བ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་ནི་བཟང་སྤྱོད་དང་ཀུན་སྤྱོད། རྒྱལ་གཅེས་ཀྱི་ལྟ་བ་སོགས་ཅི་ཡང་མེད་པའི་མི་ཞིག་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་མཐའ་གཅིག་ཏུ་རྒྱུ་མཚན་དང་གནས་ལུགས་མེད་པ་ཞིག་མ་རེད་ཅེས་བཀོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གཉིས་ཀྱི་བགྲོ་གླེང་ཐེངས་དང་པོར་གྲ་སྒྲིག་བྱེད་བཞིན་པ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གཉིས་ཀྱི་བགྲོ་གླེང་ཐེངས་དང་པོར་གྲ་སྒྲིག་བྱེད་བཞིན་པ།

དེ་རིང་གཟའ་མིག་དམར་གྱི་དགོང་མོར་སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀྱིས་ཨ་རིའི་ཨོ་ཧ་ཡོ་མངའ་སྡེའི་ཁེ་ལིབ་ལན་ཌི་གྲོང་ཁྱེར་དུ་སྲིད་འཛིན་འོས་འདེམས་ཀྱི་བགྲོ་གླེང་ཐེངས་དང་པོ་བྱ་རྒྱུའི་དུས་སླེབས། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་ནས་མི་༢༠༠༠༠༠་ལྷག་ལ་འཆི་སྐྱོན་དང་མི་༧༠༠༠༠༠༠་ལྷག་ལ་ནད་དུག་འགོས་པ་རྣམས་ཌོ་ནལ་ཊམ་ལ་འཇོན་ཐང་མེད་པའི་མཇུག་འབྲས་རེད། ཨ་མི་རི་ཀའི་མི་མང་ས་ཡ་མང་པོའི་ལས་ཀ་ཤོར་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འགལ་ཟླ་བསླངས་ནས་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀའི་ཆེ་མཐོང་ཉམས་ཏེ་ཆ་འཇོག་མེད་པའི་རྒྱལ་ཁབ་ཅིག་ལ་གྱུར་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ད་ལྟ་ཇཱོ་བྷ་ཌན་གྱིས་སྲིད་འཛིན་ཌོ་ནལ་ཊམ་ལ་དཔྱ་ཁྲལ་མ་སྤྲད་པའི་གནས་ཚུལ་ཐོག་ཏུ་བཙིར་ཆོག་པའི་གོ་སྐབས་ཤིག་ཐོབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏུར་ཀི་དང་ཧྥི་ལི་ཕིན། རྒྱ་གར་བཅས་ལ་དཔྱ་ཁྲལ་སྤྲད་ཡོད་པར་གཞིགས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་གོང་འཁོད་རྒྱལ་ཁབ་དེ་དག་གི་ནང་དུ་ཚོང་ལས་གཉེར་གྱི་ཡོད་པ་མཚོན་ཐུབ། དེས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏུར་ཀི་དང་ཧྥི་ལི་ཕིན། རྒྱ་གར་སོགས་ཚོང་ལས་གཉེར་ཡུལ་རྒྱལ་ཁབ་ཁག་ལ་ཐུག་ན་ཨ་མི་རི་ཀ་རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་སུ་འཛིན་རྒྱུ་ཡིན་ནམ། ཡང་ན་ཁོ་པ་སྒེར་གྱི་ཚོང་ལས་ཁེ་ཕན་གཙིགས་སུ་བཟུང་ནས་རྒྱལ་ཁབ་དེ་ཚོར་ཕྱི་འབྲེལ་སྲིད་ཇུས་མ་འདྲ་བ་ཞིག་འཛིན་རྒྱུ་ཡིན་ནམ་ཞེས་དོགས་སློང་བྱ་དགོས་པ་ཞིག་ཏུ་གྱུར། ཏུར་ཀི་དང་ཧྥི་ལི་ཕིན། རྒྱ་གར་རྣམས་ནི་ཌོ་ནལ་ཊམ་གྱི་དཔྱ་ཁྲལ་འགེངས་ཤོག་ནང་དུ་འཁོད་པའི་ཕྱིའི་རྒྱལ་ཁབ་དཔྱ་ཁྲལ་འཇལ་ཡུལ་ཁག་ཅིག་ཡིན་ཞིང་། ད་དུང་ཌོ་ནལ་ཊམ་གྱིས་ལྐོག་ཏུ་ཨུ་རུ་སུ་སོགས་རྒྱལ་ཁབ་ཁག་ཅིག་ནས་དངུལ་སྒོར་བུ་ལོན་བླངས་ཏེ་ཨ་མི་རི་ཀའི་མི་དམངས་ལ་སྦས་གསང་བྱེད་ཡོད་པའི་དོགས་པ་ཆེན་པོ་འདུག་ཅེས་དོགས་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཚོང་ལས་ཁག་ལ་གྱོང་གུད་ཕོག་སོང་ཞེས་དབུས་ཁྲལ་བསྡུ་ལྷན་ཁང་ནས་ཨ་སྒོར་ས་ཡ་༧༣༠༠༠༠༠༠་ཁྲལ་ཆག་སློག་ཆ་བླངས་པ་དེར་ཞིབ་འཇུག་བྱ་དགོས་པ་ཞིག་ཏུ་གྱུར། ཉེ་བའི་ལོ་ཤས་ཤིག་ནས་ནེའུ་ཡོཀ་མངའ་སྡེའི་གཞུང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་དཔྱ་ཁྲལ་ཅི་ཙམ་འཇལ་ཡོད་མེད་ལ་ཞིབ་འཇུག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨ་མི་རི་ཀའི་རྩ་ཁྲིམས་སུ་ལས་ཐོག་སྲིད་འཛིན་ཞིག་ཁྲིམས་ལ་སྦྱོར་ཆོག་གི་མེད་པས་དཔྱ་ཁྲལ་ལ་གཡོ་ཁྲམ་བྱས་པའི་ནག་ཉེས་ཐོན་ཡང་སྲིད་འཛིན་ཊམ་གྱི་ལས་དུས་རིང་དེར་ཁྲིམས་གཅོད་བྱེད་ཆོག་རྒྱུ་ཤིན་ཏུ་དཀའ། གཟའ་འཁོར་འདི་ནས་ཇཱོ་བྷན་ཌན་གྱི་འོས་འདེམས་ལས་འགུལ་ཁང་གི་ལས་སྣེ་ཚོས་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་དུས་ཚོད་ཕལ་ཆེ་བ་རྒྱལ་ཁབ་འཛིན་སྐྱོང་ལ་བསམ་བློ་མི་གཏོང་བར་དཔྱ་ཁྲལ་ལ་གཡོལ་ཐབས་ཇི་ལྟར་བྱ་དགོས་མིན་བསམ་བློ་གཏོང་གི་འདུག ཇཱོ་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་ལ་འོས་འདེམས་བྱུང་ན་སྒེར་དོན་ཟུར་དུ་བཞག་ནས་སྤྱི་དོན་འབའ་ཞིག་ལ་བསམ་བློ་གཏོང་གི་རེད་ཅེས་སྒྲོགས་འགོ་ཚུགས། ༢༠༡༧་ལོའི་ཕྱི་ཟླ་དང་པོའི་ཚེས་༢༠་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལས་དུས་འགོ་ཚུགས། ཨ་རིའི་སྲིད་འཛིན་ལ་ལོ་ལྟར་གླ་ཕོགས་ཨ་སྒོར་༤༠༠༠༠༠་ཡོད་པས་༢༠༡༧་ལོར་ཌོ་ནལ་ཊམ་གྱིས་དབུས་གཞུང་ལ་དཔྱ་ཁྲལ་ཨ་སྒོར་༧༥༠་ལས་སྤྲད་མེད་པར་འགྲེལ་བཤད་ཇི་ལྟར་རྒྱག་རྒྱུ་ཡིན་ནམ། ཨ་མི་རི་ཀ་བ་བྱིངས་ཀྱིས་དབུས་གཞུང་དང་མངའ་སྡེ་གཞུང་ལ་དཔྱ་ཁྲལ་མ་འཇལ་བར་ཐར་ས་མེད་ཀྱང་སྒེར་གྱི་གནམ་གྲུ་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གཉིས་སུ་གོར་སྤོ་རྩེད་ཐང་ཡོད་པ། མགྲོན་ཁང་དང་སྤྲོ་གསེང་མགྲོན་ཁང་ཁག་གི་བདག་པོ། རྒྱལ་ཁབ་མང་པོར་ཚོང་ལས་གཉེར་གྱི་ཡོད་པའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་གཅིག་ལ་ཨ་སྒོར་༧༥༠་ལས་དཔྱ་ཁྲལ་འཇལ་མེད་པ་ནི་ཁྱད་མཚར་ཞིག་ཏུ་སྣང་། ཨ་མི་རི་ཀའི་མི་མང་གིས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་གྱི་ལམ་སྲོལ་ནི་ཕྱུག་བདག་ཚོར་ཁེ་ཕན་ཡོད་པ་ཞིག་གཏན་འབེབས་བྱས་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པར་དགག་པ་རྒྱག་མི་ཐུབ་པ་ཞིག་ཏུ་གྱུར་འདུག

XS
SM
MD
LG