ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༢/༠༩

ཊམ་གྱིས་ཨུ་རུ་སུ་མཉམ་དུ་རྡུལ་མཚོན་ཉུང་འཕྲི་བྱ་རྒྱུའི་གྲོས་མོལ་ལ་རྒྱབ་སྐྱོར།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཉེ་ལམ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སུ་གཏམ་བཤད་གནང་བཞིན་པ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཉེ་ལམ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སུ་གཏམ་བཤད་གནང་བཞིན་པ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཉེ་ལམ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སུ། ཨ་རིས་ཨུ་རུ་སུ་དང་རྒྱ་ནག་མཉམ་དུ་རྡུལ་ཕྲན་གོ་མཚོན་མེད་པར་བཟོ་རྒྱུའི་གྲོས་མཐུན་འཇོག་རྒྱུའི་ཐད་གྲོས་མོལ་གནང་སྲིད་པའི་བཀའ་མོལ་གནང་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས། རྡུལ་ཕྲན་གོ་མཚོན་གྱི་ཐོག་འགྲོ་སོང་ཧ་ཅང་ཆེན་པོ་བཏང་བ་རེད། གོ་མཚོན་དེའི་གཏོར་བཤིག་གཏོང་བའི་ཚད་དེ་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེ་རིང་དེའི་སྐོར་སྐད་ཆ་བཤད་སྙིང་བྲོ་ཡི་མི་འདུག། ཁྱེད་ཚོས་གསན་འདོད་ཡོད་རྒྱུ་མ་རེད། དེ་ནི་བློ་ཕམ་པོ་ཞེ་དྲག་རེད། ཅེས་གསུངས།

གྲང་དམག་གི་དུས་སྐབས་སུ་སློབ་ཕྲུག་མི་ཐོག་འགའ་ཤས་རིང་ལ། རྡུལ་ཕྲན་གོ་མཚོན་གྱི་རྒོལ་རྡུང་བྱུང་དུས། སོ་སོར་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་ཐབས་ལམ་སློབ་སྟོན་བྱས་མྱོང་ཡོད་པ་རེད།

སྐབས་དེའི་གནས་ཚུལ་མཚོན་ཞིག་གི་འགྲེལ་བརྗོད་ལས། ཕྱོགས་བཞིར་ཡར་ལྟ་མར་ལྟ་བྱེད་པ་དང་སྒུག་བསྡད་པའི་དུས་ཚོད་ཡོད་མ་རེད། རུས་སྦལ་ནང་བཞིན་བྱ་དགོས་རེད། འོད་བྱུང་མ་ཐག་འཕྲལ་དུ་འོག་ལ་མར་འཛུལ་དགོས་ཀྱི་རེད། མགྱོགས་པོ་བྱེད་དགོས་རེད། ཅེས་འཁོད།

སློབ་ཁྲིད་སྐབས་སུ་བསྟན་པའི་བརྙན་དེ་དག་ལས་རྡུལ་ཕྲན་གོ་མཚོན་གྱིས་གྲོང་དང་གྲོང་ཚོ་ཡོངས་རྫོགས་ཇི་ལྟར་རྩ་གཏོར་གཏོང་བའི་སྐོར་བསྟན་མེད་ཀྱང་། དུས་རབས་༢༠ པའི་ལོ་རབས་༥༠ པར་ཨ་རིའི་གཞུང་གིས་ནེ་ཝ་ཌའི་ Nevada བྱེ་ཐང་དུ་རྡུལ་ཕྲན་ཚོད་ལྟའི་སྐོར་གྱི་བརྙན་དེ་ལས་གསལ་པོ་མཐོང་ཐུབ་ཀྱི་ཡོད་པ་རེད།

དཔེར་ན་བརྙན་དེ་ལས་གསལ་དོན་བཞིན། ཁང་པ་ཨང་གི་དང་པོ་ཅན་དེ་གཏོར་དུས་འབྲེལ་ཡོད་ལྟ་ཞིབ་བྱེད་མཁན་ཚོས་འབར་གས་དེའི་ཤུགས་རྐྱེན་དང་མེའི་གོང་བུ་དེ་ལས་འཕྲོས་པའི་འོད་རླབས་བཅས་གསལ་པོ་མཐོང་ཡོད་པ་རེད།

༡༩༤༥ ལོར་ཨ་རིས་ཉི་ཧོང་ཐོག་རྡུལ་ཕྲན་མཚོན་ཆ་གཉིས་གཡུགས་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས། དེ་ལས་བྱུང་བའི་འགྱེད་འཕྲོའི་ཚ་ཤུགས་ཀྱིས་གནོད་འཚེ་ཐེབས་སྟངས་དང་། རྐྱེན་ངན་ལས་ཐར་བ་ཚོའི་ལུས་ཐོག་ནས་ན་ཚ་ཕོག་སྟངས་སོགས་གསལ་པོ་ཆགས་ཡོད་པ་རེད།

དེས་རྐྱེན་པས་མི་དམངས་ཀྱི་ངོ་རྒོལ་དང་རྡུལ་ཕྲན་མཚོན་ཆ་ཉུང་དུ་གཏོང་བའམ་མེད་པར་བཟོ་བའི་གཞུང་འབྲེལ་གྲོས་མོལ་བྱུང་ཡོད་པ་རེད།

ད་ལྟ་འཛམ་གླིང་སྟེང་རྒྱལ་ཁབ་དགུར་རྡུལ་ཕྲན་མཚོན་ཆ་ཡོད་ཀྱང་། ཨི་སི་རལ་གྱིས་དེ་ཡོད་པ་ཁས་ལེན་བྱས་མེད་པ་དང་། ཨ་རི་དང་ཨུ་རུ་སུ་གཉིས་ལ་རྡུལ་ཕྲན་མཚོན་ཆའི་མདེའུ་མགོ་༥༠༠༠ ཐམ་པ་རེ་ཡོད་ཅིང་། གོ་ལའི་ཁྱོན་ཡོངས་ཀྱི་རྡུལ་མཚོན་བརྒྱ་ཆ་༩༠ ཟིན་གྱི་ཡོད་པ་དང་། གོ་མཚོན་ཚོད་འཛིན་དགོས་པའི་འབོད་སྐུལ་གནང་མཁན་ཚོས། གོ་ལའི་ཁྱོན་ཡོངས་ཀྱི་རྡུལ་ཕྲན་གོ་མཚོན་བསྡོམས་ན་འཛམ་གླིང་ཐེངས་༡༠ ནས་༥༠ ཙམ་རྩ་གཏོར་གཏང་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག།

ད་ལྟའི་ཆར་ཨ་རི་དང་ཨུ་རུ་སུ་གཉིས་དབར་བཞག་པའི་གོ་མཚོན་ཉུང་འཕྲིའི་གྲོས་ཆོད་དེ་ལོ་གཅིག་གི་རྗེས་ཏེ། ༢༠༢༦ ལོའི་ཟླ་བ་༢ པའི་ཚེས་༦ ཉིན་རྫོགས་ཀྱི་ཡོད་པར་བརྟེན། སྲིད་འཛིན་ཊམ་གྱིས་ཨུ་རུ་སུ་དང་རྒྱ་ནག་མཉམ་དུ་དེ་དོན་གྲོས་མོལ་གནང་རྒྱུའི་འབོད་སྐུལ་དེ་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་རེད། ཅེས་གོ་མཚོིན་ཚོད་འཛིན་ལྷན་ཚོགས་ཀྱི་དབྱེ་ཞིབ་པ་ལིང་ཤའོ་ཏོན་ལགས་ཀྱིས་གསུངས་ཡོད་པ་རེད།

ཁོང་གིས་དེ་འདྲ་ཡིན་ཙང་། གནད་དོན་འདི་བང་སྒྲིག་ནང་ལ་ཨང་དང་ཤོས་ལ་འཇོག་དགོས་ཀྱི་འདུག། སྲིད་འཛིན་མཆོག་གིས་དེ་དོན་ཐུགས་སྣང་གནང་བ་ཙམ་མ་ཟད། དགོངས་པ་ཟབ་བཞེས་གནང་གི་ཡོད་པ་དེ་ནི་རྟགས་མཚན་བཟང་པོ་ཞིག་རེད། ཅེས་གསུངས།

ཨ་རིའི་ཞི་བདེའི་ཉམས་ཞིབ་ཁང་དུ་རྡུལ་ཕྲན་ཚན་རིག་པས་བཏོན་པའི་སྤྱི་བསྒྲགས་ཤིག་ལས། "འཇིག་པའི་ནམ་དུས་"ཞེས་པའི་ཆུ་ཚོད་འཁོར་ལོ་དེའི་མདའ་མགོ་དེ་མཚན་གུང་གི་ཕྱོགས་སུ་སྐར་ཆ་གཅིག་ཉེ་རུ་བཏང་ནས། དེས་མི་རིགས་རྩ་མེད་གཏོང་བྱེད་ཀྱི་གོ་མཚོན་དང་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་འཇིགས་པ་གཞན་རྣམས་མཚོན་གྱི་ཡོད་པ་རེད།

དུས་ཚོད་འཁོར་ལོའི་དཔེ་རིས་དེའི་ནང་གསལ་པ་ལྟར་ད་ལྟ་མཚན་གུང་ནམ་དཀྱིལ་གྱི་དུས་ཚོད་ཏག་ཏག་སླེབ་རྒྱུར་སྐར་ཆ་༨༩ ལས་ལྷག་མེད་པ་རེད།

དེ་བཞིན་འཇིག་པའི་ནམ་དུས་ཞེས་སུ་འབོད་པའི་དུས་ཚོད་འཁོར་ལོ་དེ་ནི་མཚོན་དོན་ཙམ་ཞིག་ཡིན་ཡང་། དབྱེ་ཞིབ་པ་ལིང་ཤའོ་ཏོན་ལགས་ཀྱིས་དེས་ཨ་རི་དང་བཅས་པའི་འཛམ་གླིང་ཡོངས་ལ་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་དེ་ཤིན་ཏུ་ཁ་ཚ་དགོས་གཏུགས་ཤིག་ཡིན་པའི་བརྡ་གཏོང་བྱེད་ཀྱི་ཚུལ་དུ་ལོ་རེའི་འཆར་ཅན་གྱི་ཆོ་ག་གལ་ཆེན་ཞིག་ཏུ་གཟིགས་ཀྱི་ཡོད་པ་རེད།

ཁོང་གིས་དེ་ནི་ལག་ཆ་ཡག་པོ་ཞིག་རེད། མི་དེ་ལས་མང་བས་དོ་སྣང་བྱེད་དགོས་ཀྱི་འདུག། ཨ་རི་བ་ཚོར་གནད་དོན་གཞན་མང་པོ་ཡོད་ཀྱང་། དུས་ཚོད་འཁོར་ལོ་འདི་དྲན་སྐུལ་གཏོང་བྱེད་ཅིག་གི་ཚུལ་དུ་ཡིན་ཙང་། ངས་བྱས་ན་ལག་ཆ་གོ་ཆོད་ཅིག་རེད་བསམས་ཀྱི་འདུག། ཅེས་གསུངས་འདུག།

ཨ་རིས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་གྲོས་མོལ་ནང་མཉམ་ཞུགས་མཐའ་མ་དེ་བྱས་ནས་ད་ཕན་ལོ་ངོ་བཞི་འགོར་ཟིན་ཅིང་། མཐའ་མའི་གྲོས་མོལ་དེ་སི་ཝེ་ཌེན་དུ་འཚོགས་ཡོད་པ་དང་། དེ་སྔོན་ཊམ་གྱི་གཞུང་འཛིན་དང་བྱང་ཀོ་རི་ཡའི་དཔོན་རིགས་དབར་གྱི་གྲོས་མོལ་དེར་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།

གླེང་སྟེགས།

XS
SM
MD
LG