ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རབ་རྒྱལ་ཁབ་ལྔས་ཨི་སི་རལ་ལ་འབྲེལ་བ་འཛུགས་འཆར་ཡོད་ཟེར། 


ཨི་སི་རལ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ།  བྷ་རེན་བཅས་ཀྱི་ཞི་བའི་གྲོས་མཐུན་བཞག་སྐབས།

༄༅།། ༢༠༡༧་ལོར་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་འཛིན་པའི་སྲིད་ཇུས་གསར་པ་ཞིག་ལག་ལེན་བསྟར་དགོས་པའི་ཐག་བཅད། སྲིད་ཇུས་གསར་པ་དེ་ཨ་མི་རི་ཀས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་ལ་བར་འདུམ་མ་བྱས་པར་ཨ་རབ་རྒྱལ་ཁབ་ཁག་ལ་ཐད་ཀར་གྲོས་མོལ་བྱས་ནས་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་ཐུབ་པའི་ཐབས་ཇུས་གསར་པ་ཞིག་ལ་ཤུགས་སྣོན་བརྒྱབ། དེའི་འབྲས་བུར་ཉེ་ཆར་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་དང་བྷ་རེན་གཉིས་ཀྱིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཕྱི་ཟླ་༩་པའི་ཚེས་༡༧་གྱི་ཕྱི་དྲོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་པ་ཚོར་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་དུང་རྒྱལ་ཁབ་ལྔས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་རྒྱུའི་བསམ་ཞིབ་གཟབ་ནན་བྱེད་བཞིན་ཡོད། མཐར་སོ་ཌི་ཨ་རེ་བྷི་ཡས་ཀྱང་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་འཇོག་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་དང་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་རྒྱལ་ཁབ་ལྔ་པོ་དེ་དག་གང་གང་ཡིན་མིན་མིང་འདོན་བྱས་མེད་ཀྱང་ཉམས་ཞིབ་པ་ཚོས་རྒྱལ་ཁབ་དེ་དག་ནི་ཨོ་མན་དང་སུ་དྷན། མོ་རོ་ཀོ་གསུམ་ཡིན་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་བཤད་པ་ལྟར་མཐའ་མཇུག་སོ་ཌོ་ཨ་རེ་བྷི་ཡས་ཀྱང་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་སྲིད་པའི་རྟགས་མཚན་འདུག་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཉམས་ཞིབ་པ་ཐམས་ཅད་ཀྱིས་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ལས་སླ་བོར་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དཀའ། ཁ་ཆེའི་ཆོས་ལུགས་ཀྱི་བསྟན་བདག་རྒྱལ་ཁབ་དེས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ན་འཛམ་གླིང་གི་ལོ་རྒྱུས་དང་ཨ་རིའི་ལོ་རྒྱུས། ཨི་སི་རལ་དང་ཁ་ཆེའི་རྒྱལ་ཁབ་ཁག་གི་ལོ་རྒྱུས་བཅས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཛད་རྗེས་བླ་ན་མེད་པ་ཞིག་བཞག་པ་རེད། སོ་ཌི་ཨ་རེ་བྷི་ཡ་དང་ཨི་སི་རལ་གྱིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ན་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཕལ་མོ་ཆེ་སོ་ཌི་ཨ་རེ་བྷི་ཡའི་རྗེས་སུ་འབྲངས་ནས་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་རྒྱུ་སྟབས་བདེ་རུ་ཕྱིན་པ་རེད། དེ་སྔ་ཨི་ཇེབ་དང་འཇོར་ཌན་གཉིས་ཀྱིས་མ་གཏོགས་ཨ་རབ་རྒྱལ་ཁབ་གཅིག་གིས་ཀྱང་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་མྱོང་མེད། ཨི་ཇེབ་དང་ཨི་སི་རལ། འཇོར་ཌན་རྣམས་ས་འདྲེས་ཡིན་པ་དང་༡༩༦༧་ནས་དམག་འཁྲུག་བརྒྱབ། མཐར་ཨི་སི་རལ་དང་ཨི་ཇེབ། འཇོར་ཌན་བཅས་ཀྱིས་ཞི་བདེ་དང་དམག་འཁྲུག་དུས་སུ་ཤོར་པའི་ས་ཆ་ཕྱིར་སློག ཆུའི་ཐོན་ཁུངས་མཉམ་སྤྱོད། ཚོང་ལས་དང་བདེ་འཇགས་ཡར་རྒྱས་སོགས་ཀྱི་དོན་དུ་ཨི་ཇེབ་དང་འཇོར་ཌན་གཉིས་ཀྱིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་བཞག་ཅིང་། འདི་ནི་ཡུལ་དུས་ཀྱི་དགོས་མཁོ་ཁྱད་པར་བ་ཞིག་གི་འོག་ཏུ་བྱུང་བ་རེད། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རབ་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་འཛིན་པའི་སྲིད་ཇུས་དེར་གཞི་རྩའི་ཆ་ནས་འགྱུར་བ་གཏོང་དུ་འཇུག་ཐུབ་ཀྱི་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ཚོས་རྒྱལ་ཁབ་ལྔ་ལ་ཞི་བའི་གྲོས་མཐུན་འཇོག་ཏུ་འཇུག་ཐབས་དང་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་སུ་འཇུག་ཐུབ་པའི་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། རྒྱལ་ཁབ་དེ་དག་གི་གྲས་ཀྱི་གཉིས་ནི་དཀྱིལ་ཤར་ས་ཁུལ་དུ་ཡོད། དཀྱིལ་ཤར་ས་ཁུལ་གྱི་བྱེ་ཐང་དེར་མི་གསོད་ཁྲག་སྦྱོར་བྱེད་མི་དགོས་པར་ཞི་བདེ་ཞིག་བསྐྲུན་ཐུབ་ཅེས་བཤད། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་བྷ་རེན། ཨི་སི་རལ་གསུམ་གྱིས་ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་ཌོ་ནལ་ཊམ་གྱི་མདུན་དུ་ཞི་བའི་གྲོས་མཐུན་དེར་མིང་རྟགས་བཀོད། ཨི་སི་རལ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། བྷ་རེན་བཅས་ཀྱི་ཞི་བའི་གྲོས་མཐུན་དེར་དཔལ་འབྱོར་དང་ཚོང་ལས་མཉམ་འབྲེལ། མཁའ་ལམ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ཁག་སྒོ་འབྱེད། རྒྱལ་ཁབ་དེ་ཚོས་ཕན་ཚུན་གཞུང་ཚབ་ཁང་སྒོ་འབྱེད་བྱ་རྒྱུ་བཅས་འཁོད། ཨི་སི་རལ་དང་གོང་འཁོད་རྒྱལ་ཁབ་གཉིས་ཀྱིས་དངོས་སུ་ཕྱིར་བསྒྲགས་མ་བྱས་ཀྱང་གྲོས་མཐུན་དེའི་ཐུན་མོང་གི་ཁ་གཏད་གཅོག་ཡུལ་ནི་ཨི་རན་ཡིན་ཞིང་། ཨི་རན་གཞུང་གིས་ཡུལ་དམག་དང་དྲག་སྤྱོད་པ་ཚོར་སྦྱོང་བརྡར་སྤྲད་ནས་བྷ་རེན་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་སོགས་ལ་ནང་འཁྲུག་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་བཞིན་ཡོད་པས་རྒྱལ་ཁབ་དེ་དག་གིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་བྱ་རྒྱུ། ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་པའི་ཨ་རབ་རྒྱལ་ཁབ་དེ་དག་ལ་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ལྟར་བདེ་འཇགས་སྲུང་སྐྱོབ་ཀྱི་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རབ་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཁག་ལ་མིང་རྟགས་འགོད་ཀྱི་ཡོད་པའི་གྲུབ་འབྲས་ཆེན་པོ་ཞིག་སྲིད་འཛིན་ཌོ་ནལ་ཊམ་གྱི་བྱས་རྗེས་ལ་བརྩི་དགོས། འོན་ཀྱང་༢༠༡༧་ལོ་ནས་ཨི་སི་རལ་དང་ཨ་རབ་རྒྱལ་ཁབ་ཁག་གིས་ཕྱི་འབྲེལ་འཛུགས་རྒྱུའི་ལས་དོན་ལ་འགན་ཁུར་དང་དཀའ་ལས་རྒྱག་མཁན་གཙོ་བོ་ཞིག་སྲིད་འཛིན་ཌོ་ནལ་ཊམ་གྱི་བུ་མོ་རྒན་པ་ཨི་ཝྭན་ཁའི་ཁྱོ་ག་ཇཱེ་རི་ཁུ་ཤི་ནར་ཡིན་ཞིང་། ཐོག་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་བུ་མོའི་ཁྱོ་གར་དཀྱིལ་ཤར་ས་ཁུལ་ལ་ཞི་བདེ་བསྐྲུན་རྒྱུའི་ལས་འགན་སྤྲད་པར་གསར་འགོད་པ་དང་ཉམས་ཞིབ་པ་སོགས་ཀྱིས་ཇཱེ་རི་ཁུ་ཤི་ནར་ལ་མཐོང་ཆུང་དང་ཁྱད་གསོད། དཀྱིལ་ཤར་ས་ཁུལ་གྱི་ཉམས་ཞིབ་མཁས་པ་ཚོས་ཇཱེ་རི་ཁུ་ཤི་ནར་ལྟ་བུའི་ཉམས་མྱོང་ཅི་ཡང་མེད་པ་ཞིག་གིས་ཨ་རབ་རྒྱལ་ཁབ་ཁག་དང་ཨི་སི་རལ་ཞི་འགྲིག་ཡོང་དུ་འཇུག་པའམ། ཡང་ན་ཕྱི་འབྲེལ་བཙུགས་ཏེ་ཞི་བའི་གྲོས་མཐུན་འཇོག་ཏུ་འཇུག་ཐུབ་རྒྱུ་ནི་རྨི་ལམ་ལྟ་བུ་རེད་ཅེས་ཁྲེལ་དགོད་བྱས་མྱོང་། ད་ལྟ་ཇཱེ་རི་ཁུ་ནར་གྱིས་ཨ་རབ་རྒྱལ་ཁབ་གཉིས་དང་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་སུ་འཇུག་ཐུབ་པ་དང་ཞི་བའི་གྲོས་མཐུན་འཇོག་ཏུ་འཇུག་ཐུབ་པར་ཉམས་ཞིབ་པ་དང་གསར་འགོད་པ་ཧ་ལས། དཀྱིལ་ཤར་ས་ཁུལ་གྱི་ཉམས་ཞིབ་པ་མཁས་པ་ཚོས་ཀྱང་ཇཱེ་རི་ཁུ་ཤི་ནར་ལ་གདེང་འཇོག་གསར་པ་དང་སྔར་བཞིན་མཐོང་ཆུང་བྱེད་མི་ཐུབ་ས་ཞིག་ཏུ་གྱུར། ཉམས་ཞིབ་པ་ཁག་ཅིག་གིས་ཨ་རབ་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་ཀྱི་ཡོད་པ་དེར་ཇཱེ་རི་ཁུ་ཤི་ནར་གྱིས་ལྐོག་ཏུ་ཨ་རབ་རྒྱལ་ཁབ་དེ་ཚོར་ཨ་མི་རི་ཀའི་ཆེས་དེང་རབས་ཅན་གྱི་མཚོན་ཆ་བཙོང་རྒྱུ། རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་ཉེན་ཁ་བྱུང་ན་ཨ་མི་རི་ཀས་དམག་བཏང་ནས་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན། ཨ་མི་རི་ཀས་རྒྱལ་ཁབ་དེ་དག་ལ་ཚོང་ལས་ཀྱི་མ་རྩ་འཛུགས་རྒྱུ་སོགས་ཀྱི་ཁས་ལེན་མང་དག་ཅིག་བྱས་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།།

ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་ཞི་བའི་གྲོས་མཐུན་དེར་ཁ་རྡུང་དྲག་པོ་བཏང་ནས་ཨ་རབ་རྒྱལ་ཁབ་ཁག་ལ་ངོ་ཚ་མི་འདུག ཁྱོད་ཚོས་ཨི་སི་རལ་ལ་འབྲེལ་བ་ཇི་ལྟར་འཛུགས་ཐུབ་ཀྱི་འདུག ཁྱོད་ཚོས་མ་འོངས་པར་རང་གི་ས་ཐོག་ཏུ་ཨི་སི་རལ་ལ་དམག་གི་རྟེན་གཞི་ཚུགས་ས་སྟེར་རྒྱུ་ཡིན་ནམ། གྲོས་མཐུན་དེའི་ཚབས་ཆེའི་འགན་འཁྲི་རྣམས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་བྷ་རེན་གཉིས་ཀྱིས་འཁུར་དགོས། ཁྱོད་ཚོས་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཞེས་སྡིགས་ར་བསྐུལ། པ་ལི་སི་ཐན་གྱི་འགོ་ཁྲིད་ཚོས་ཀྱང་ཨ་རབ་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་འཇོག་གི་ཡོད་པར་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་སྟེ། ཨ་རབ་རྒྱལ་ཁབ་ཁག་གིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ལ་འགྱུར་རྒྱུའི་མདུན་ལམ་མེད་པར་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ནས་གྷ་ཟ་ཐང་གཤོང་དང་རཱ་མ་ལ་སོགས་པ་ལི་སི་ཐན་གྱི་ས་གནས་ཁག་ཏུ་ངོ་རྒོལ་ཁྲོམ་སྐོར་བྱས་འདུག་པར་མ་ཟད། གྷ་ཟ་ཐང་གཤོང་ནས་ཨི་སི་རལ་གྱི་ཕྱོགས་སུ་མེ་ཤུགས་འཕུར་མདེལ་གཉིས་འཕངས། འཕུར་མདེལ་གཅིག་ཨི་སི་རལ་གྱི་འཕུར་མདེལ་འགོག་སྲུང་མཚོན་ཆས་བར་སྣང་དུ་གཏོར། འཕུར་མདེལ་གཞན་པ་དེ་ཨི་སི་རལ་གྱི་ཨ་ཤི་དྷོད་གྲོང་ཁྱེར་དུ་ལྷུང་སྟེ་མི་གཉིས་ལ་རྨས་སྐྱོན་ཕོག་ཀྱང་ཚེ་སྲོག་ལ་ཉེན་ཁ་མེད་ཅིང་། པ་ལི་སི་ཐན་གྱི་ཚོགས་པ་གཅིག་གིས་ཀྱང་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་དེའི་ལན་ཁག་ལ་ངོས་ལེན་བྱས་མེད་ཀྱང་ཨི་སི་རལ་གྱི་དམག་གིས་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གཏོར་རྒོལ་དེར་འབྲེལ་བ་ཡོད་ཅེས་ནག་ཉེས་བཙུགས། ད་སྔ་ཨ་རབ་རྒྱལ་ཁབ་ཁག་དང་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱས་ནས་ས་ཁུལ་དེར་ཨི་སི་རལ་དང་པ་ལི་སི་ཐན་ཞེས་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས། དེ་ལྟར་བྱུང་ན་ཨ་རབ་རྒྱལ་ཁབ་ཁག་དང་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཨི་སི་རལ་རྒྱལ་ཁབ་ཅིག་ལ་ངོས་ལེན་བྱས་ནས་ཕྱི་འབྲེལ་འཛུགས་ཆོག་ཅེས་གཅིག་གྱུར་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལོ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་བྷ་རེན་གཉིས་ཀྱིས་པ་ལི་སི་ཐན་གྱི་རང་བཙན་རྩ་དོན་ལ་གླེང་སློང་མ་བྱས་པར་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་པ་དེས་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་ལ་མིག་དཔེ་མ་འདྲ་བ་ཞིག་བསྟན་ནོ།།

XS
SM
MD
LG