ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༢/༡༡

ཌོ་ནལ་ཊམ་གྱིས་རྒྱ་ནག་སོགས་ལ་སྒོ་ཁྲལ་སྤར་རྒྱུའི་གསལ་བསྒྲགས་སྤེལ།


ཊམ་གྱིས་སྒོ་ཁྲལ་སྤར་རྒྱུའི་གསལ་བསྒྲགས་སྤེལ།
ཊམ་གྱིས་སྒོ་ཁྲལ་སྤར་རྒྱུའི་གསལ་བསྒྲགས་སྤེལ།

༄༅།། སྲིད་འཛིན་ཊམ་གྱིས་ཁེ་ན་ཌ་དང་མེག་སི་ཀོའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རེ་དང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུའི་གསལ་བསྒྲགས་སྤེལ་འདུག ཕྱི་ཟླ་༢་པའི་ཚེས་༣་ཉིན་བྷུ་ལུམ་བྷག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌ་དང་མེག་སི་ཀོའི་དངུལ་སྒོར་གྱི་འཛའ་ཐང་༢༠༠༣་ནས་ཆག་མྱོང་མེད་པ་ཞིག་ཆག་ཡོད་ཅིང་། གཟའ་མཇུག་དེར་ཌོ་ནལ་ཊམ་གྱིས་ཡུ་རོབ་མཉམ་འབྲེལ་ལའང་སྒོ་ཁྲལ་སྤར་སྲིད་པའི་འཇིགས་སྣང་བསྐུལ་བས་ཡུ་སྒོར་གྱི་འཛའ་ཐང་ཆག་པ་དང་ཨ་སྒོར་གྱི་འཛའ་ཐང་འཕར། ཌོ་ནལ་ཊམ་གྱིས་དངོས་སུ་སྒོ་ཁྲལ་སྤར་རྒྱུའི་འཇིགས་སྐུལ་བྱས་པ་ལག་ལེན་བསྟར་ན་ཁེ་ན་ཌ་དང་མེག་སི་ཀོ་གཉིས་ཀས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལན་པ་མ་བསློགས་ཐབས་མེད་རེད་ཅེས་བསྒྲགས། རྒྱ་ནག་གིས་ཀྱང་ཨ་མི་རི་ཀར་ལན་པ་ཚུལ་བཞིན་བསློག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡང་ལན་པ་ཇི་ལྟར་བསློག་རྒྱུ་ཡིན་མིན་གྱི་ཞིབ་ཆ་མ་ཐོན།།

སྲིད་འཛིན་ཊམ་དང་སྲིད་བློན་ཊི་རུ་ཌོ།
སྲིད་འཛིན་ཊམ་དང་སྲིད་བློན་ཊི་རུ་ཌོ།

ཉམས་ཞིབ་པ་ཁག་ཅིག་ནས་པེ་ཅིང་གི་དབང་འཛིན་པ་ཚོས་ཨ་རིས་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་ན་རྒྱ་ནག་ལ་གནོད་སྐྱོན་ཅི་ཙམ་འཕོག་རྒྱུ་ཡིན་མིན་བལྟ་རྩིས་ཡོད་པ་རེད་ཅེས་དཔྱད་བརྗོད་སྤེལ། ཉམས་ཞིབ་པ་ཁ་ཤས་ཀྱིས་དེང་སྐབས་རྒྱ་ནག་གི་ལོ་གསར་ཡིན་པས་གཞུང་དམངས་གཉིས་ཀ་གུང་སེང་རེད། ལོ་གསར་རྗེས་སུ་རྒྱ་ནག་གིས་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལན་པ་ཇི་ལྟར་བསློག་རྒྱུ་ཡིན་མིན་གྱི་ཞིབ་ཆ་འཐོན་ས་རེད་ཅེས་བསྟན། མེག་སི་ཀོའི་སྲིད་འཛིན་ཁེ་ལོ་ཌི་ཡ་ཤིན་བྷོམ་(Caludia Sheinbaum)་གྱིས་གཟའ་ཟླ་བའི་ཉིན་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཕྱོགས་ཀྱི་འཆར་གཞི་ཞིབ་ཕྲ་ཞིག་གསལ་བསྒྲགས་བྱ་རྒྱུ་ཡིན་ཟེར། ཁེ་ན་ཌའི་སྲིད་བློན་ཊུ་རུ་ཌོས་(Trudeau)་ཨ་མི་རི་ཀས་ལོ་ལྟར་ཁེ་ན་ཌར་ཨ་སྒོར་ཐེར་འབུམ་མང་པོས་དངོས་ཟོག་འཚོང་གི་ཡོད་པ་རེད། ཁེ་ན་ཌས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ནས་ལན་པ་བསློག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

མེག་སི་ཀོའི་སྲིད་འཛིན་ཁེ་ལོ་ཌི་ཤིན་བྷོམ།
མེག་སི་ཀོའི་སྲིད་འཛིན་ཁེ་ལོ་ཌི་ཤིན་བྷོམ།

དེ་རིང་གཟའ་ཟླ་བའི་ཉིན་ཌོ་ནལ་ཊམ་གྱིས་ཁེ་ན་ཌའི་སྲིད་བློན་དང་མེག་སི་ཀོའི་སྲིད་འཛིན་གཉིས་ལ་ལོགས་སུ་ཁ་པར་བཏང་སྟེ་གྲོས་མོལ་བྱ་འཆར་ཡོད་ཅེས་བཤད་འདུག གལ་སྲིད་དེ་རིང་གི་གྲོས་མོལ་སྐབས་སུ་སྒོ་ཁྲལ་འགེལ་མི་དགོས་པ་ཞིག་ཏུ་བསྒྱུར་མ་ཐུབ་ན་སང་ཉིན་གཟའ་མིག་དམར་ནས་སྒོ་ཁྲལ་ལག་ལེན་བསྟར་རྒྱུ་འགོ་ཚུགས་རྒྱུ་ཡིན་ཞིང་། མདང་དགོང་ཌོ་ནལ་ཊམ་གྱིས་ངས་གྲོས་མོལ་དེར་འགྱུར་བ་ཆེན་པོ་ཞིག་ཐེབས་ཐུབ་རྒྱུའི་རེ་ལྟོས་འཆང་གི་མེད། ང་ཚོས་སྒོ་ཁྲལ་སྤར་རྒྱུའི་ཐག་བཅད་པ་རེད། ཁོ་ཚོས་ང་ཚོར་དངུལ་སྒོར་འཕོན་ཆེན་ཆད་ཡོད་པ་དེ་སྒྲུབ་འཇལ་བྱ་དགོས། ང་ཚོས་ཡུ་རོབ་མཉམ་འབྲེལ་ལའང་སྒོ་ཁྲལ་སྤར་ངེས་ཡིན། ཡུ་རོབ་མཉམ་འབྲེལ་གྱིས་ཨ་རིའི་རླངས་འཁོར་དང་དངོས་ཟོག་རྣམས་ནང་འདྲེན་བྱེད་ཀྱི་མི་འདུག ཡུ་རོབ་མཉམ་འབྲེལ་གྱིས་ཧ་ལམ་ཨ་རི་ནས་དངོས་ཟོག་ནང་འདྲེན་བྱེད་མི་འདུག ཡུ་རོབ་ཀྱི་རླངས་འཁོར་ས་ཡ་མང་པོ་དང་ཞིང་འབྲོག་གི་ཐོན་སྐྱེད་ས་ཡ་མང་པོ་ཨ་རིར་ཕྱིར་ཚོང་བྱེད་ཀྱི་འདུག་ཅེས་བཀྲལ།།

ཕྱི་ཟླ་༢་པའི་ཚེས་༣་ཉིན་རྒྱ་ནག་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་བདེ་འཇགས་ལྷན་ཁང་གིས་ཨ་མི་རི་ཀས་ཕྱོགས་གཉིས་མཉམ་འབྲེལ་བྱས་ནས་ཉལ་ཐ་དང་ཧྥེན་ཊ་ནོལ་(Fentayl)་བཟི་སྨན་བཀག་སྡོམ་བྱེད་ཀྱི་ཡོད་པར་གཏོར་བརླག་བྱེད་ཀྱི་འདུག ཨ་རིའི་རྒྱལ་ནང་དུ་ཧྥེན་ཊ་ནོལ་བཟི་སྨན་ནག་ཚོང་དང་ན་གཞོན་ཚོ་བཟི་སྨན་དེར་ལང་ཤོར་གྱི་དཀའ་ངལ་ཡོད་པའི་ལན་ཁག་གཞན་ལ་དཀྲིས་ན་དགེ་མཚན་མེད། ང་ཚོ་ཕྱོགས་གཉིས་ཀྱི་དཀའ་ལས་བརྒྱབ་ནས་གྲུབ་འབྲས་ཐོན་ཡོད་པ་དེ་རྒྱུན་འཁྱོངས་བྱ་དགོས། ཨ་མི་རི་ཀར་ཧྥེན་ཊ་ནོལ་བཟི་སྨན་གྱི་དཀའ་ངལ་ཡོད་པ་དེའི་འབྱུང་རྩ་ནི་ཨ་རིའི་སྤྱི་ཚོགས་སུ་ཡོད་པ་རེད། ཨ་རིའི་རྒྱལ་ནང་དུ་ཉལ་ཐ་དང་བཟི་སྨན་གྱི་དགོས་མཁོ་མེད་པར་བཏང་ནས་ཁྲིམས་སྒྲིག་ལག་བསྟར་ཐད་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་གཏང་དགོས་ཞེས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་ཚེ། རྒྱ་ནག་གིས་ཧྥེན་ཊ་ནོལ་བཟི་སྨན་དང་ཉལ་ཐའི་རིགས་བཀག་འགོག་ཐད་ཨ་མི་རི་ཀར་མཉམ་འབྲེལ་བྱ་རྒྱུ་མིན་པའི་བརྡ་ཞིག་བཏང་འདུག

ཧྥེན་ཌ་ནོལ་བཟི་སྨན།
ཧྥེན་ཌ་ནོལ་བཟི་སྨན།

ཕྱི་ཟླ་༢་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་ང་ཚོས་ཚོང་དམག་བསླངས་ནས་ཁེ་ན་ཌ་དང་མེག་སི་ཀོ། རྒྱ་ནག་བཅས་ཀྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་གྱི་ཡོད། ཨ་མི་རི་ཀ་བ་ཚོས་གནས་སྐབས་རིང་དཀའ་ངལ་ཅུང་ཙམ་མྱོང་དགོས་ཤས་ཆེ། ཨ་མི་རི་ཀར་ཚོང་འབྲེལ་མེད་པར་ཁེ་ན་ཌ་འཚོ་གནས་མི་ཐུབ་ཅེས་སྔོན་བརྡ་བཏང་ཞིང་། ཌོ་ནལ་ཊམ་གྱིས་ལོ་བཅུ་ཕྲག་མང་པོའི་བྱང་ཨ་རིའི་ཚོང་འབྲེལ་ལ་དོ་ཕོག་བཏང་བ་དང་རྒྱ་ནག་ལ་འབྲེལ་བ་སྡུག་ཏུ་བཏང་བར་ཨ་རིའི་སྤྱི་དམངས་ཁག་ཅིག་དངངས་སྐྲག་ལངས་ཡོད་པ་དང་སྤྱི་དམངས་ཁག་ཅིག་ཁོང་ཁྲོས་བརྟས། སྤྱི་དམངས་ཁག་ཅིག་རང་གི་འབྱུང་འགྱུར་ལ་ངེས་གཏན་མེད་པར་གྱུར། སྲིད་འཛིན་ཊམ་གྱིས་ཁེ་ན་ཌས་ཨ་མི་རི་ཀར་ལན་པ་སློག་ཐུབ་ཀྱི་མ་རེད། ཁོ་ཚོས་ལན་པ་བསློགས་ན་ང་ལ་ཁྱད་པར་མེད། ང་ཚོས་ཁེ་ན་ཌའི་འདོད་པ་ལྟར་ལན་པ་སློག་རེས་བྱེད་ཆོག་ཅེས་བཤད། ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཨ་མི་རི་ཀར་བ་ཚོར་ཡུལ་ཐང་འཕར་ཡོད་པ་གཅོག་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་སྒྲུབ་ཐུབ་རྒྱུ་དཀའ་བར་སྣང་།།

ཨ་མི་རི་ཀས་ཁེ་ན་ཌ་ནས་རྡོ་སྣུམ་དང་སོལ་རླངས། གློག་ནང་འདྲེན་བྱེད་ཀྱི་ཡོད་པས་ཨ་རི་བ་ཚོར་སྣུམ་ཁྲལ་དང་རླངས་ཁྲལ། གློག་ཁྲལ་བརྒྱ་ཆ་༡༠་འཕར་སྲིད། ཁེ་ན་ཌའི་སྲིད་བློན་གྱིས་ཨ་རིའི་ཕོ་བྲང་དཀར་པོས་ང་ཚོར་མཐུན་སྒྲིལ་ཡོང་དུ་འཇུག་རྒྱུའི་ཚབ་ཏུ་འགལ་ཟླ་སློང་གི་འདུག ཁེ་ན་ཌས་ཨ་མི་རི་ཀ་ནས་ཆང་རག་དང་ཤིང་ཏོག་སོགས་ཨ་སྒོར་ཐེར་འབུམ་༡༥༥་ཡི་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད། ཨ་རིའི་དངོས་ཟོག་ལ་ཁེ་ན་ཌའི་གཞུང་གིས་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་རྒྱུ་ཡིན། ཁེ་ན་ཌའི་མི་དམངས་ལ་ཨ་མི་རི་ཀས་ཁྲེལ་མེད་བྱེད་ཀྱི་ཡོད་པའི་ཚོར་བ་ཡོང་གི་འདུག ཨབ་གྷ་ཎི་སི་ཐན་གྱི་དམག་འཁྲུག་དང་ཁེ་ལི་ཧྥོར་ཎི་ཡའི་མེ་སྐྱོན། ལོ་ཤས་གོང་དུ་ཨ་མི་རི་ཀར་ཀ་ཊི་རི་ན་མཚོ་རླུང་བྱུང་སྟེ་དཀའ་ངལ་ཕྲད་པའི་དུས་སུ་ཁེ་ན་ཌས་རྒྱབ་སྐྱོར་བྱས་ཡོད། ཨ་མི་རི་ཀར་དཀའ་ངལ་ཅི་ཞིག་ཕྲད་ཀྱང་ཁེ་ན་ཌས་དུས་དང་རྣམ་པ་ཀུན་ཏུ་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་ཅེས་དྲན་སྐུལ་བྱས་འདུག

ཨ་རིའི་ཨ་རག
ཨ་རིའི་ཨ་རག

སྲིད་འཛིན་ཁེ་ལོ་ཌི་ཤིན་བྷོམ་གྱིས་ཕོ་བྲང་དཀར་པོས་མེག་སི་ཀོ་ཁྲིམས་འགལ་གྱི་སྒྲིག་འཛུགས་ཁག་ལ་འབྲེལ་བ་ཡོད་པའི་སྐྱོན་འཛུགས་བྱས་པར་ནམ་ཡང་ངོས་ལེན་མེད། མེག་སི་ཀོའི་ས་ཐོག་ཏུ་ཐེ་ཇུས་བྱ་ཐབས་བྱེད་བཞིན་པར་ངོ་རྒོལ་ཡོད། ཨ་རིའི་གཞུང་དང་དེའི་ལས་ཁུངས་ཁག་ལ་ཧྥེན་ཊ་ནོལ་བཟི་སྨན་འགོག་འདོད་ཡོད་ན་རང་གི་གྲོང་ཁྱེར་ཁག་ཏུ་ཁྱབ་ཡོད་པ་རྣམས་འགོག་དགོས། ཨ་རིའི་སྤྱི་དམངས་ལ་རང་གི་ས་ཐོག་ཏུ་གནོད་འཚེ་ཆེན་པོ་འཕོག་གི་ཡོད་པ་རེད། ཨ་མི་རི་ཀས་རང་གི་ས་ཐོག་ཏུ་འབྱུང་བཞིན་པའི་དཀའ་ངལ་དེ་སེལ་ཐབས་བྱེད་ཀྱི་མི་འདུག་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། ཁེ་ན་ཌའི་བྷི་རི་ཊི་ཤི་ཀོ་ལིམ་བྷི་ཡ་ཞིང་ཆེན་གྱི་སྤྱི་ཁྱབ་ཌེ་ཝི་ཌི་ཨེ་བྷིས་(David Eby)་ཨ་རིའི་སྤྱི་མཐུན་ཚོགས་པས་སྲིད་དབང་བཟུང་ཡོད་པའི་མངའ་སྡེ་ཁག་ནས་ཆང་རག་ནང་འདྲེན་བྱེད་མི་ཆོག ཞིང་ཆེན་གཞུང་གི་ཚོང་ཁང་ཁག་ཏུ་ཨ་རིའི་ཆང་རག་འཚོང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཀའ་བཏང་སྟེ་ཨ་རིའི་མངའ་སྡེ་ཁག་ཅིག་ལ་ལན་པ་བསློག་རྒྱུའི་གསལ་བསྒྲགས་སྤེལ།།

ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ཁ་ཡ་ཁ་ལ་སི།
ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ཁ་ཡ་ཁ་ལ་སི།

ཕྱི་ཟླ་༢་པའི་ཚེས་༣་ཉིན་འཇར་མན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་ཨོ་ལཱབ་ཤོལ་ཛིས་ཨ་མི་རི་ཀས་ཡུ་རོབ་ལ་སྒོ་ཁྲལ་སྤར་རྒྱུའི་ཉེན་ཁ་འདུག དེས་ན་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས། ང་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་བཤད། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ཁ་ཡ་ཁ་ལ་སི་ཡིས་ཚོང་དམག་བསླངས་ནས་སུ་ལའང་ཕེ་ཕན་མི་ཐོབ། ང་ཚོ་སྡོམ་ཐག་ལྟར་ཕན་ཚུན་འདྲེས་ཡོད་པ་རེད། ང་ཚོར་ཨ་མི་རི་ཀ་དགོས་པ་ལྟར་ཨ་མི་རི་ཀ་ལའང་ཡུ་རོབ་དགོས་ཀྱི་རེད། ཨ་རི་དང་ཡུ་རོབ་གཉིས་ཀྱིས་ཚོང་དམག་བསླངས་ན་རྒྱ་ནག་གིས་ལྟད་མོར་བལྟས་ནས་དགོད་ངེས་རེད་ཅེས་བཤད། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ང་ཚོར་སྒོ་ཁྲལ་སྤར་ན་ང་ཚོས་ཀྱང་ལན་པ་བསློག་དགོས། ད་ལྟ་ཅི་ཞིག་འབྱུང་གི་ཡོད་པ་འདིས་ཡུ་རོབ་སྔར་ལས་རྡོག་རྩ་གཅིག་སྒྲིལ་དང་སྔར་ལས་མཉམ་འབྲེལ། སྔར་ལས་སྟོབས་ཤུགས་ཆེ་རུང་གཏོང་གི་འདུག་ཅེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG