ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དངུལ་ཁང་ཞིག་ཏུ་བཅོལ་ཁྲ་སྒོ་ཕྱེ་ཡོད་པ།


༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་གྱི་ཡོད་པ་མཚམས་འཇོག་བྱ་དགོས། ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས། ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་རྣམས་རྒྱ་ནག་ལ་བརྟེན་མི་དགོས་པ་ཞིག་བྱ་དགོས་ཞེས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་བསླངས། ཁོང་གིས་འོས་འདེམས་དྲིལ་བསྒྲགས་ལས་འགུལ་དུས་སུ་ཇཱོ་བྷ་ཌན་རྒྱ་ནག་ལ་དགའ་མོས་ཡོད་པ་དང་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་རྒྱ་ནག་ཨ་མི་རི་ཀའི་བདག་པོར་འགྱུར་རྒྱུ་རེད། བྷ་ཌན་ཕ་བུ་གཉིས་ཀྱིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཏེ་ནམ་ཡང་ཨ་རིའི་ཁེ་ཕན་ཆེད་དུ་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་དང་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་མི་ཐུབ་ཅེས་སྐྱོན་བྱེད་ཀྱི་ཡོད་མོད། འོན་ཀྱང་སྲིད་འཛིན་ཊམ་སྒེར་གྱིས་རྒྱ་ནག་གི་དངུལ་ཁང་ཞིག་ཏུ་བཅོལ་ཁྲ་སྒོ་ཕྱེ་ནས་ཚོང་ལས་གཉེར་གྱི་འདུག སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དངུལ་ཁང་ཞིག་ལ་བཅོལ་ཁྲ་ཞིག་སྒོ་ཕྱེ་ཡོད་པ་དེ་ཊམ་རྒྱལ་སྤྱིའི་མགྲོན་ཁང་གཉེར་སྐྱོང་ཁང་གི་སྟངས་འཛིན་བྱེད་ཀྱི་འདུག ༢༠༡༣་ནས་༢༠༡༥་བར་དུ་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངུལ་ཁང་དེའི་བཅོལ་ཁྲའི་ནང་ནས་རྒྱ་ནག་གི་འབྲེལ་ཡོད་ས་གནས་ཁག་ལ་ཨ་སྒོར་༡༨༨༥༦༡་དཔྱ་ཁྲལ་འཇལ་འདུག་ཅེས་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་འདུག

ནེའུ་ཡོག་དུས་བབ་ཀྱི་ལས་ཁང་།
ནེའུ་ཡོག་དུས་བབ་ཀྱི་ལས་ཁང་།

ཌོ་ནལ་ཊམ་གྱི་ཚོང་ལས་སྒྲིག་འཛུགས་ཀྱི་ཁྲིམས་རྩོད་པ་ཨ་ལན་གྷར་ཏན་གྱིས་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་དེ་རྣམས་ཚོད་དཔག་འབའ་ཞིག་ཡིན་པ་དང་ཚོད་དཔག་དེ་ཡང་ནོར་འཁྲུལ་ཅན་ཞིག་རེད་ཅེས་དགག་པ་བརྒྱབ། ཁྲིམས་རྩོད་པ་གྷར་ཏན་གྱིས་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་ཊམ་རྒྱལ་སྤྱིའི་མགྲོན་ཁང་གཉེར་སྐྱོང་ཁང་གིས་རྒྱ་ནག་གི་དངུལ་ཁང་ཞིག་ཏུ་བཅོལ་ཁྲ་ཞིག་སྒོ་ཕྱེ་ཡོད། རྒྱ་ནག་གི་དངུལ་ཁང་དེར་ཨ་མི་རི་ཀར་ཡན་ལག་ལས་ཁུངས་འདུག དེ་ནི་ས་གནས་ཀྱི་དཔྱ་ཁྲལ་སྤྲོད་པའི་ཆེད་དུ་ཡིན། དངུལ་ཁང་གི་བཅོལ་ཁྲ་དེ་བརྒྱུད་ནས་ཚོང་ལས་ཅི་ཡང་གཉེར་མེད། ༢༠༡༥་ནས་དངུལ་ཁང་དེའི་བཅོལ་ཁྲའི་ནང་དུ་དངུལ་སྒོར་ཡར་བཅུག་པ་དང་མར་བླངས་པ་སོགས་ཅི་ཡང་བྱུང་མེད། དངུལ་ཁང་གི་བཅོལ་ཁྲ་དེ་སྒོ་བརྒྱབ་མེད། ཡིན་ནའང་དངུལ་ཁང་གི་བཅོལ་ཁྲ་དེ་དགོས་མཁོ་གཞན་ལ་ནམ་ཡང་བཀོལ་སྤྱོད་བཏང་མྱོང་མེད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་ལ་སི་ཀོ་ཊི་ལན་ཌི་དང་ཨར་ལན་ཌི་སོགས་ལ་སྐར་མ་ལྔ་ཅན་གྱི་རྒྱས་སྤྲོས་མགྲོན་ཁང་དང་གོར་སྤོ་རྩེད་ཐང་སོགས་ཡོད་པས་དབྱིན་ཇི་དང་ཨར་ལིན་ཌི། རྒྱ་ནག་བཅས་སུ་དངུལ་ཁང་གི་བཅོལ་ཁྲ་སྒོ་ཕྱེ་འདུག སྲིད་འཛིན་ཊམ་གྱི་རྒྱ་ནག་གི་དངུལ་ཁང་ཞིག་ཏུ་བཅོལ་ཁྲ་སྒོ་ཕྱེ་ཡོད་པའི་ཡིག་ཆ་རྣམས་དཔྱ་ཁྲལ་གྱི་ཡིག་ཆ་ཕྱི་ལ་འཁྱར་པ་དེ་དག་གི་གྲས་སུ་ཐོན། ཡིག་ཆ་དེ་དག་གི་གྲས་སུ་༢༠༡༦་དང་༢༠༡༧་གཉིས་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དབུས་གཞུང་ལ་ཨ་སྒོར་༧༥༠་རེ་ལས་དཔྱ་ཁྲལ་འཇལ་མེད་པ་གསར་པོར་བཀོད།།

ད་ལོའི་ཕྱི་ཟླ་༨་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ནས་ཨ་མི་རི་ཀར་ཕྱིར་ལོག་བྱེད་མཁན་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་རིའི་དབུས་གཞུང་གིས་དཔྱ་ཁྲལ་གཅོག་རྒྱུ་ཡིན། རྒྱ་ནག་ལ་བཟོ་གྲྭ་སྒོ་ཕྱེ་ནས་ཚོང་འབྲེལ་བཙུགས། ཨ་མི་རི་ཀའི་མི་མང་གི་ལས་ཀ་རྣམས་རྒྱ་ནག་ལ་སྐྱེལ་མཁན་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་དབུས་གཞུང་གིས་ཚོང་ལས་ཀྱི་གན་རྒྱ་འཇོག་རྒྱུ་མིན་ཞེས་སྡིགས་ར་བསྐུལ། ཌོ་ནལ་ཊམ་གྱིས་ངས་ཨ་མི་རི་ཀ་རྒྱ་ནག་ལ་བརྟེན་དགོས་པ་མཇུག་བསྒྲིལ་དུ་འཇུག་རྒྱུ་ཡིན། ཨ་མི་རི་ཀ་བ་བྱེ་བ་གཅིག་ལ་ལས་ཀ་གསར་པ་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་ཁས་བླངས། ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་བར་གཞིགས་ཚེ། ༢༠༡༢་ལོར་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ལས་ཁུངས་ཤིག་སྒོ་ཕྱེ། ཁོང་གིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ས་ཆ་ཉོ་ཚོང་གི་ཚོང་ལས་གཉེར་ཐུབ་རྒྱུ་ཡིན་མིན་བརྟག་དཔྱད་བྱས་འདུག ཁོང་གིས་ལོ་ཤས་རིང་བཟོ་ཚོང་ལས་ཁང་ཆུང་ཁག་ལྔ་བཙུགས་ནས་དེ་དག་གི་ནང་དུ་ཉུང་མཐར་ཡང་ཨ་སྒོར་༡༩༢༠༠༠་མ་རྩ་བཙུགས། བཟོ་ཚོང་ལས་ཁང་དེ་རྣམས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་ཐབས་འབའ་ཞིག་རེད། ༢༠༡༠་ནས་༢༠༡༨་བར་དུ་ཌོ་ནལ་ཊམ་གྱི་བཟོ་ཚོང་ལས་ཁང་དེ་དག་གིས་དཔྱ་ཁྲལ་སྒྲུབ་འཇལ་དང་རྩིས་ཁྲ་ཉར་འཛིན་བཅས་ལ་འགྲོ་གྲོན་ཕྱིན་སོང་ཞེས་ཨ་སྒོར་༩༧༤༠༠་ཨ་རིའི་དབུས་གཞུང་ནས་དཔྱ་ཁྲལ་ཆག་ཡང་གི་སློག་ཆ་བླངས་འདུག་ཅེས་གནས་ཚུལ་སྤེལ་འདུག

ད་ལྟ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱེད་པར་དུས་ཡུན་བདུན་ཕྲག་གཉིས་ལས་མེད་པས་སྲིད་འཛིན་ཊམ་གྱིས་བྷ་ཌན་ཕ་བུ་གཉིས་རྒྱ་ནག་ལ་འབྲེལ་བ་ཡོད་པ་རེད། ཧན་ཊར་བྷ་ཌན་གྱིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཡོད་པ་རེད་ཅེས་ནག་ཉེས་བཙུགས། ཡིན་ནའང་ད་སྔ་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྷ་ཌན་ཕ་བུ་གཉིས་རྒྱ་ནག་ལ་འབྲེལ་བ་ཡོད་པ་དང་ཧན་ཊར་བྷ་ཌན་གྱིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་གྱི་ཡོད་པའི་སྐྱོན་འཛུགས་དེ་རྣམས་ཁུངས་སྐྱེལ་ཐུབ་མེད་པར་མ་ཟད། ཇཱོ་བྷ་ཌན་གྱི་དཔལ་འབྱོར་ཡོང་ཁུངས་དང་སྲིད་གཞུང་ལ་དཔྱ་ཁྲལ་འཇལ་བའི་ཡིག་ཆ་རྣམས་མང་ཚོགས་ལ་ཕྱིར་བསྒྲགས་བྱས་ཡོད་པ་དེར་བལྟས་ཚེ། ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཡོད་པ་དང་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་ནས་དཔལ་འབྱོར་གྱི་ཡོང་འབབ་ཡོད་པའི་ཡིག་ཆ་གང་ཡང་མ་ཐོན། དེ་ལས་ལྡོག་སྟེ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དབུས་གཞུང་ལ་དཔྱ་ཁྲལ་ཅི་ཙམ་འཇལ་ཡོད་མེད་ཀྱི་ཡིག་ཆ་རྣམས་གཏན་ནས་མང་ཚོགས་ལ་འགྲེམ་སྤེལ་བྱས་ནས་བལྟ་རུ་འཇུག་གི་མེད་པས་མི་རྣམས་དེ་ལ་དོགས་པ་ལང་དགོས་པ་ཞིག་ཏུ་གྱུར། སང་དགོང་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་མཐའ་མ་དེ་བྱ་དགོས་པས་སྐབས་དེར་ཌོ་ནལ་ཊམ་ལ་རྒྱ་ནག་གི་དངུལ་ཁང་ཞིག་ཏུ་བཅོལ་ཁྲ་སྒོ་ཕྱེ་ཡོད་པ་དེའི་དགོས་པ་དང་དམིགས་ཡུལ། ད་དུང་ཡང་དངུལ་ཁང་གི་བཅོལ་ཁྲ་དེ་སྒོ་བརྒྱབ་མེད་པའི་རྒྱུ་མཚན་ཅི་ཡིན་སོགས་དོགས་སློང་བྱ་ཤས་ཆེ།།

ལོ་འདིའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་དམིགས་ནས་འོས་མི་གཉིས་ཀས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུ་དང་ཨ་མི་རི་ཀ་རྒྱ་ནག་ལ་བརྟེན་མི་དགོས་པ། ཨ་མི་རི་ཀའི་མི་དམངས་ལ་ལས་ཀ་གསར་པ་བཀོད་སྒྲིག་བྱ་རྒྱུ་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡོད་པ་ཞིག་བྱ་རྒྱུ་ཡིན་ཞེས་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་གྱི་ཡོད་ཀྱང་གནད་དོན་གཙོ་བོ་ཏོག་དབྱིབས་རིམས་ནད་ཡིན་ཞིང་། སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་ཨ་མི་རི་ཀའི་མི་མང་གིས་སྲིད་འཛིན་འོས་མི་གཉིས་ཀྱིས་སུས་མྱུར་དུ་ཏོག་དབྱིབས་རིམས་ནད་བཀག་ནས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་སླར་གསོ་དང་ཚོང་ལས་སྒོ་འབྱེད། སློབ་ཕྲུག་ས་ཡ་མང་པོ་སླར་ཡང་འཛིན་གྲྭར་འཚོགས་ཐུབ་པ་དང་མི་མང་ལ་ནད་དུག་འགོ་སྲིད་པའི་ཉེན་ཁ་དང་སྐྲག་སྣང་མེད་པར་རྒྱལ་ཁབ་ཕྱི་ནང་གཉིས་སུ་འགྲིམ་འགྲུལ་བྱེད་ཐུབ་པ། ཨ་རིའི་མི་དམངས་དབུལ་ཕྱུག་གཉིས་ཀར་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཡོད་པ་ཞིག་བྱེད་ཐུབ་ན་འོས་མི་དེར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་པའི་རེ་བ་ཆེན་པོ་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་ཅིང་། ད་ལྟའི་བར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་མ་ཐུབ་པར་མི་༢༢༡༠༠༠་ལྷག་ལ་འཆི་སྐྱོན་དང་མི་༨༢༧༥༠༠༠་ལྷག་ལ་ནད་དུག་འགོས། ཨ་རིའི་ཚན་རིག་པ་དང་ནད་རིགས་སྔོན་འགོག་མཁས་པ་ཚོས་ལོ་རྗེས་མའི་ཕྱི་ཟླ་༣་པ་ཡས་མས་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་སྔོན་འགོག་མི་ཐུབ་པ་དང་མི་ལ་འཆི་སྐྱོན་དང་ནད་མནར་འབྱུང་གི་ཡོད་པའི་གྲངས་འབོར་ཉུང་དུ་འགྲོ་རྒྱུའི་རྟགས་མཚན་མི་འདུག་ཅེས་ཉེན་བརྡ་གཏོང་གི་ཡོད་པ་རེད།།

XS
SM
MD
LG