ངོ་འཕྲད་བདེ་བའི་དྲ་འབྲེལ།

ཊམ་གྱི་ཁྲིམས་རྩོད་པ་ཚོས་མངའ་སྡེ་བཞིའི་ནང་གི་ཁ་མཆུ་ཕྱིར་འཐེན། 


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་འཇོར་ཇཱི་ཡ་དང་ཝི་སི་ཀོན་སན། མཱི་ཆི་གྷན་དང་པེན་སིལ་ཝྭེ་ཎི་ཡ་བཅས་ཨ་མི་རི་ཀའི་མངའ་སྡེའི་བཞིའི་འོས་འདེམས་དྲང་སྙོམས་བྱུང་མ་སོང་ཞེས་ཁྲིམས་གཏུག་བྱས་ཀྱང་འོས་འདེམས་དྲང་སྙོམས་མ་བྱུང་བའི་ཁུངས་སྐྱེལ་ར་སྤྲོད་མེད་པ་དང་། མི་ཤི་བོ་རྣམས་ཀྱིས་འོས་ཤོག་འཕངས་པ་རེད་ཅེས་སྐྱོན་འཛུགས་བྱ་ཡུལ་ཁག་ཅིག་འཚོ་གནས་ཡིན་པ་འབྲེལ་ཡོད་མངའ་སྡེ་ཁག་གིས་རྩད་གཅོད་ཐུབ་སྟེ་གཟའ་ཟླ་བའི་སྔ་དྲོར་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་ཁ་མཆུ་དེ་རྣམས་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ཁ་མཆུ་མང་དག་ཅིག་ཕྱིར་འཐེན་བྱ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་སྲིད་འཛིན་ཊམ་གྱི་ཁྲིམས་རྩོད་པ་ཚོས་དཔང་པོ་ཡིན་ཟེར་པའི་མི་དེ་ཚོར་ཁྲིམས་ཁང་གིས་འདྲི་གཅོད་བྱེད་ཚེ། དཔང་པོ་དེ་དག་གིས་མི་ཚོས་དེ་འདྲ་ཞིག་ཟེར་གྱི་འདུག་ཟེར་པ་དང་ངས་དེ་འདྲ་ཞིག་གོ་ཐོས་བྱུང་སོང་། ང་ལ་འོས་འདེམས་ཀྱི་གྲུབ་འབྲས་དེར་གཡོ་ཁྲམ་བྱས་ཡོད་པའི་དོགས་པ་ཡོད་ཟེར་བ་ལས། ཁོ་ཚོར་ཁྲིམས་སར་ཁུངས་འཁྱོལ་བའི་དོན་དངོས་ཀྱི་ཁུངས་སྐྱེལ་ར་སྤྲོད་བྱ་རྒྱུ་མེད་པར་ཐུག་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔར་བཞིན་འོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་མེད། འོས་འདེམས་ལ་གཡོ་ཁྲམ་བྱུང་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་ཡོད་ཀྱང་འོས་འདེམས་ལ་གཡོ་ཁྲམ་ཇི་ལྟར་བྱུང་མིན་གྱི་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཞིག་ཁྲིམས་ཁང་ལ་སྟོན་མ་ཐུབ། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱས་ནས་བཟུང་སྟེ་སྲིད་འཛིན་ཊམ་གྱི་ཁྲིམས་རྩོད་པ་ཚོས་ཁ་མཆུ་༢༠་བཙུགས་ཀྱང་ཁ་མཆུ་༡༩་ལ་ཁུངས་སྐྱེལ་མེད་པར་ཁྲིམས་ཁང་གིས་བདག་པོ་མ་བརྒྱབ། ཁ་མཆུ་གཅིག་ལ་རྒྱལ་ཁ་ཐོབ་པ་ནི་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་ཤོག་གྲངས་བཤེར་བྱ་ཡུལ་ཁག་ཏུ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་རྟོག་ཞིབ་པ་འཇོག་དགོས་ཞེས་རྩོད་པ་བརྒྱབ་པ་དེར་ཁྲིམས་ཁང་གིས་མོས་མཐུན་ཡོད་པའི་ཐག་བཅད།།

གཟའ་སྤེན་པའི་ཉིན་ཨ་རིའི་རྒྱལ་སར་སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་གྱི་འོས་བསྡུ་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ།
གཟའ་སྤེན་པའི་ཉིན་ཨ་རིའི་རྒྱལ་སར་སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་གྱི་འོས་བསྡུ་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ།

སྲིད་འཛིན་ཊམ་གྱི་ཁྲིམས་རྩོད་པ་ཚོས་མི་མང་འོས་འཕེན་པའི་ཁ་མཆུ་ཞེས་པའི་ཁྲིམས་གཏུག་བྱེད་ཀྱི་ཡོད་པའི་དམིགས་ཡུལ་ནི་སྲིད་འཛིན་ཌོ་ནལ་ཊམ་ལ་འོས་འདེམས་ཀྱི་ཕམ་ཉེས་བྱུང་བ་ངོས་ཟིན། ཌོ་ནལ་ཊམ་བསྐྱར་འདེམས་ཐོན་མ་བྱུང་ཤེས་རྟོགས་བྱུང་བས་སྦྲག་ཐོག་ཏུ་བསྐུར་པའི་འོས་ཤོག་རྣམས་རྫུན་མ་རེད་ཅེས་དོགས་པ་བསླངས། ཨ་རིའི་འཇོར་ཇཱི་ཡ་དང་པེན་སིལ་ཝྭེ་ཎི་ཡ། ཝི་སི་ཀོན་སན་དང་མཱི་ཆི་གྷན། ཨ་རི་ཛོ་ན་བཅས་ཌོ་ནལ་ཊམ་ལ་ཕམ་ཉེས་འབྱུང་ཡུལ་མངའ་སྡེ་ཁག་གི་འོས་འདེམས་དྲང་སྙོམས་བྱུང་མ་སོང་ཞེས་རྩོད་པ་རྒྱག་གི་ཡོད་པ་ལས། ཁོ་ཚོས་ཨ་རི་རྒྱལ་ཡོངས་ཀྱི་མངའ་སྡེ་༥༠་ཐམ་པའི་འོས་འདེམས་དྲང་བདེན་བྱུང་མ་སོང་། ཨ་རི་རྒྱལ་ཡོངས་ཀྱི་འོས་འདེམས་ལ་གཡོ་ཁྲམ་བྱུང་སོང་ཞེས་རྩོད་པ་རྒྱག་གི་མེད་པ་རེད། སྲིད་འཛིན་ཊམ་གྱི་མཐར་ཐུག་གི་དམིགས་ཡུལ་ནི་པེན་སིལ་ཝྭེ་ཎི་ཡ་དང་འཇོར་ཇཱི་ཡ། ཝི་སི་ཀོན་སན་དང་མཱི་ཆི་གྷན་བཅས་ཀྱི་མངའ་སྡེ་གཞུང་གིས་འོས་འདེམས་ཀྱི་གྲུབ་འབྲས་རྣམས་ངེས་གཏན་བྱ་རྒྱུ་ཁྲིམས་ཁང་ལ་འགོག་ཏུ་འཇུག་རྒྱུ། དེ་ནས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ནས་ཆེས་མཐོའི་ཁྲིམས་ཁང་གིས་འོས་འདེམས་ཀྱི་གྲུབ་འབྲས་ལ་བརྩི་མེད་བཏང་སྟེ་ཌོ་ནལ་ཊམ་ལ་འཐོབ་འདུག་ཅེས་ཐག་གཅོད་བྱེད་དུ་འཇུག་རྒྱུའི་རེ་ལྟོས་འཆང་གི་ཡོད་མོད། འོན་ཀྱང་ད་སྔ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་དང་མི་མང་འོས་འཕེན་པའི་ཁ་མཆུ་ཞེས་པ་དེ་དག་གིས་ཞིབ་འཇུག་བྱ་རྒྱུ་ཡོད་པ་དང་འོས་ཤོག་རྩིས་མེད་གཏོང་ཆོག་པའི་དཔང་རྟགས་དང་ཁུངས་སྐྱེལ་ར་སྤྲོད་གང་ཡང་ཁྲིམས་ཁང་ལ་སྟོན་རྒྱུ་མ་རྙེད། ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་དང་ཞིབ་འཇུག་ལས་ཁང་ཕལ་མོ་ཆེས་གོང་འཁོད་མངའ་སྡེ་བཞིའི་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱས་ཀྱང་འོས་ཤོག་བརྒྱ་ཕྲག་འགའ་རེའི་མང་ཉུང་གི་ཁྱད་པར་འགྲོ་སྲིད། ཡིན་ནའང་ཨ་མི་རི་ཀའི་སྤྱི་ཡོངས་ཀྱི་འོས་འདེམས་གྲུབ་འབྲས་ལ་འགྱུར་བ་ཐེབས་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་མི་རི་ཀའི་མངའ་སྡེ་སོ་སོའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་རང་རང་གི་མངའ་སྡེ་ཁག་གི་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱ་དགོས། སྲིད་འཛིན་ཊམ་གྱིས་མངའ་སྡེ་སོ་སོའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འོས་འདེམས་ཀྱི་གྲུབ་འབྲས་རྣམས་ངེས་གཏན་མ་བྱས་གོང་དུ་ཁ་མཆུ་བཙུགས་ནས་ཁྲིམས་ཁང་ལ་འབྲེལ་ཡོད་མངའ་སྡེ་ཁག་གི་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱ་རྒྱུ་འགོག་ཐབས་བྱེད་དུ་འཇུག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པར་མ་ཟད། གཟའ་ཟླ་བའི་ཉིན་ཁ་མཆུ་ཕྱིར་འཐེན་བྱས་པའི་རྗེས་སུའང་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་ང་ཚོས་ཁྲིམས་གཏུག་བྱ་རྒྱུ་མཇུག་བསྒྲིལ་བ་ཞིག་མིན། ང་ཚོར་ཁ་མཆུ་གསར་པ་འཛུགས་རྒྱུ་ཡོད་ཅེས་ཁྲིམས་ཁང་ལ་ཞུས་འདུག ཨ་རིའི་ཁྲིམས་ལུགས་ཉམས་ཞིབ་པ་མང་ཆེ་བས་འོས་འདེམས་ལ་གཡོ་ཁྲམ་བྱས་ཡོད་པའི་དཔང་རྟགས་གསལ་པོ་ཞིག་སྟོན་རྒྱུ་མེད་པར་སྲིད་འཛིན་ཊམ་ལ་ཁྲིམས་གཏུག་གི་རྒྱལ་ཁ་འཐོབ་རྒྱུ་ཧ་ཅང་ཁག་པོ་རེད། ཐ་ན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁྲིམས་གཏུག་བྱས་ཀྱང་ཁྲིམས་སར་ཁུངས་སྐྱེལ་ར་སྤྲོད་དང་དཔང་རྟགས་གསལ་པོ་ཞིག་སྟོན་རྒྱུ་དགོས། ད་ལྟའི་བར་དུ་སྲིད་འཛིན་ཊམ་གྱི་ཁྲིམས་རྩོད་པ་དང་རྒྱབ་སྐྱོར་བ་ཚོར་དཔང་རྟགས་གསལ་པོ་ཞིག་སྟོན་རྒྱུ་མི་འདུག ད་སྟེ་ཌོ་ནལ་ཊམ་གྱིས་མུ་མཐུད་དུ་འོས་འདེམས་དྲང་བདེན་བྱུང་མ་སོང་། འོས་འདེམས་ལ་གཡོ་ཁྲམ་བྱས་སོང་ཞེས་སྡུག་སྐད་བརྒྱབ་ནས་འོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་མ་བྱས་པར་ལས་དུས་མཇུག་བསྒྲིལ་བའམ། ཡང་ན་ཁོང་གིས་ངོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་བྱས་ནས་ཇཱོ་བྷ་ཌན་ལ་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། རང་གི་རྒྱབ་སྐྱོར་བ་ཚོས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་དང་གོང་བཀུར་བྱ་དགོས་ཞེས་གཏམ་བཤད་བྱས་ནས་གཟི་བརྗིད་ལྡན་པའི་སྒོ་ནས་ལས་དུས་མཇུག་བསྒྲིལ་རྒྱུའི་གདམ་ཀ་གཉིས་ལས་མི་འདུག་དཔྱད་བརྗོད་སྤེལ་འདུག

འདི་ཙམ་ན་ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཌོ་ནལ་ཊམ་ལ་དཔྱ་ཁྲལ་བརྒྱབ་ཡོད་མེད་དང་ཁྲིམས་འགལ་གྱི་ཚོང་ལས་གཉེར་ཡོད་མེད། ཌོ་ནལ་ཊམ་གྱི་བུ་ཕྲུག་དང་སྲིད་གཞུང་གི་ལས་སྣེ་ཁག་ཅིག་ལ་ཞིབ་འཇུག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཇཱོ་བྷ་ཌན་གྱིས་རང་གི་ལས་དུས་རིང་དུ་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཌོ་ནལ་ཊམ་ལ་ཞིབ་འཇུག་བྱེད་དུ་འཇུག་འདོད་མེད། ངས་ཚོགས་ཆུང་བཙུགས་ནས་ཌོ་ནལ་ཊམ་ལ་ཞིབ་འཇུག་བྱེད་དུ་བཅུག་ན་ཨ་མི་རི་ཀར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མེད་པའི་དཀའ་ངལ་ཆེ་རུ་འགྲོ་ངེས་རེད། ཌོ་ནལ་ཊམ་ལ་ཞིབ་འཇུག་བྱེད་དང་མི་བྱེད་ནི་ཨ་རིའི་ཁྲིམས་འཛིན་ལྷན་ཁང་ལ་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཡིན། བྱ་བ་ཚར་པ་ནི་ཚར་པ་རེད། ང་ལ་རྙོག་དྲ་བསྐྱར་སྔོག་བྱ་འདོད་མེད། ངས་ཨ་མི་རི་ཀའི་མི་དམངས་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་གཙིགས་སུ་འཛིན་རྒྱུ་ཡིན། ང་ཚོ་མདུན་སྐྱོད་བྱ་དགོས་ཞེས་སློབ་སྟོན་པ་ཁག་ཅིག་ལ་ནང་མོལ་བྱས་ནས་གསལ་པོར་བཤད་ཡོད་པའི་གནས་ཚུལ་ཐོན་འདུག དེར་བརྟེན་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཌོ་ནལ་ཊམ་དང་བུ་ཕྲུག་རྣམས། གཤམ་འོག་གི་ལས་བྱེད་པ་སོགས་ཀྱིས་ཁྲིམས་འགལ་བྱས་ཡོད་མེད་ལ་ཞིབ་འཇུག་བྱ་རྒྱུ་མིན་པའི་རྣམ་པ་ཞིག་ཐོན། ཡིན་ནའང་ཌོ་ནལ་ཊམ་གྱིས་རང་ཉིད་འཕོ་འགྱུར་སོང་བའི་རྗེས་སུ་ཞིབ་འཇུག་བྱས་ནས་ཁྲིམས་གཅོད་བྱ་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་སྟེ། ཉམས་ཞིབ་པ་ཁག་ཅིག་གིས་ཌོ་ནལ་ཊམ་གྱིས་རང་ཉིད་འཕོ་འགྱུར་མ་སོང་གོང་དེར་སོ་སོ་རང་ཉིད་དང་བུ་ཕྲུག་རྣམས། གཤམ་འོག་གི་ལས་བྱེད་པ་ཁག་ཅིག་ལ་སྲིད་འཛིན་གྱི་ཉེས་ཡངས་དབང་ཚད་བཀོལ་ནས་ཉེས་ཡངས་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

མ་འོངས་པར་ཌོ་ནལ་ཊམ་དང་གཤམ་འོག་གི་ལས་བྱེད་པ། ཌོ་ནལ་ཊམ་གྱི་བུ་ཕྲུག་ཚོས་དཔྱ་ཁྲལ་བརྒྱབ་ཡོད་མེད་དང་ཁྲིམས་འགལ་བྱས་ཡོད་མེད་ཞིབ་འཇུག་བྱས་ཀྱང་དབུས་གཞུང་གིས་ཞིབ་འཇུག་བྱ་རྒྱུའི་རྟགས་མཚན་བྲལ། ཌོ་ནལ་ཊམ་དང་བུ་ཕྲུག་རྣམས། གཤམ་འོག་གི་ལས་བྱེད་པ་ཚོར་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་མན་ཧ་ཊན་རྫོང་སྡེའི་ཁྲིམས་ཁང་ཚུད་པའི་མངའ་སྡེ་ཁག་གིས་ཞིབ་འཇུག་བྱེད་ཆོག དཔེར་ན་ནེའུ་ཡོཀ་མངའ་སྡེའི་མན་ཧ་ཊན་རྫོང་སྡེའི་ཁྲིམས་ཁང་གིས་ཌོ་ནལ་ཊམ་གྱིས་དཔྱ་ཁྲལ་བརྒྱབ་པའི་ཡིག་ཆ་རྣམས་སྟོན་དགོས་ཞེས་ཁ་མཆུ་བཙུགས་ནས་སྲིད་འཛིན་འཕོ་འགྱུར་འགྲོ་རྒྱུ་དེར་ངང་སྒུག་བྱེད་བཞིན་ཡོད་པ་དང་། ཨ་མི་རི་ཀའི་རྩ་ཁྲིམས་སུ་ལས་ཐོག་སྲིད་འཛིན་ཞིག་ལ་ཁྲིམས་ཁང་དུ་ཁ་མཆུ་བཙུགས་ནས་ཞིབ་འཇུག་བྱེད་ཆོག་གི་མེད་ཅིང་། སྲིད་དོན་ཉམས་ཞིབ་པ་ཚོས་ཇཱོ་བྷ་ཌན་ལ་རྙོག་གྲ་བསྐྱར་སྔོག་བྱེད་འདོད་མེད་ཀྱང་དམངས་གཙོ་ཚོགས་པར་ཌོ་ནལ་ཊམ་གྱིས་དཔྱ་ཁྲལ་བརྒྱབ་ཡོད་མེད་དང་ཁྲིམས་འགལ་བྱས་ཡོད་མེད་བཅས་ལ་ཞིབ་འཇུག་བྱེད་འདོད་འདུག དེས་ན་ཇཱོ་བྷ་ཌན་གྱིས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་ལ་སྔ་མོའི་རང་བཙན་གྱི་དབང་ཚད་ཡོད་པ་རྣམས་ཆ་ཚང་སྤྲོད་རྒྱུ་དང་བྷ་ཌན་གྱི་སྲིད་གཞུང་གིས་དེ་ལ་ཐེ་གཏོགས་བྱ་རྒྱུ་མིན་པའི་སྲིད་ཇུས་ཤིག་འཛིན་ཤས་ཆེ། དེང་སྐབས་ཌོ་ནལ་ཊམ་གྱི་དུས་སུ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་དང་སྤྱི་ཁྱབ་ཁྲིམས་འཛིན་པ་ནི་ཌོ་ནལ་ཊམ་སྒེར་གྱི་ཁྲིམས་འཛིན་ལྷན་ཁང་དང་སྒེར་གྱི་སྤྱི་ཁྱབ་ཁྲིམས་འཛིན་པ་ལྟ་བུ་ཞིག་ལ་གྱུར་ཡོད་པ་དེར་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་འཆར་གཞི་འདུག་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG