ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་སྨན་ཁང་ནས་ཐོན་ཏེ་ཕོ་བྲང་དཀར་པོར་ཕྱིར་ལོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། དེ་རིང་ཕྱི་ཟླ་༡༠་ཚེས་༥་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦་དང་སྐར་མ་༣༨་ཐོག་ཏུ་སྲིད་འཛིན་ཊམ་སྨན་ཁང་ནས་ཕྱི་ལ་ཐོན། ཁོང་རླངས་འཁོར་ནང་དུ་མ་འཛུལ་སྔོན་དེར་གསར་འགོད་པའི་མདུན་ཏུ་མཐེ་བོང་བསྟན་ནས་དྲག་སྐྱེད་ཡག་པོ་བྱུང་ཡོད་ཅེས་པ་དང་ཁུ་ཚུར་གནམ་ལ་འཕྱར་ནས་ང་མཁྲེགས་པོ་ཡིན་ཞེས་པའི་བརྡ་ཞིག་བསྟན། དེ་ནས་སྲིད་འཛིན་ཊམ་ཐད་པུར་གནམ་གྲུའི་ནང་དུ་ཕོ་བྲང་དཀར་པོར་ཕྱིར་ལོག་གནང་ཡོད་ཅིང་། འདས་པའི་ཉིན་མཚན་དྲུག་ལ་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཡོད་པའི་ཝོལ་ཊར་རི་ཌི་དམག་གི་སྨན་ཁང་དུ་སྲིད་འཛིན་ཊམ་ལ་ཏོག་དབྱིབས་ནད་དུག་གི་སྨན་བཅོས་བྱས་ཡོད་པ་སྟེ། སྲིད་འཛིན་ཌམ་སྨན་ཁང་ནས་ཕྱི་ལ་མ་ཐོན་གོང་དེར་དོ་དགོང་ང་ཆུ་ཚོད་༦་དང་ཕྱེད་ཀའི་ཐོག་ཏུ་སྨན་ཁང་ནས་ཕྱི་ལ་འཐོན་འཆར་ཡོད། ང་དྲག་སྐྱེད་ཡག་པོ་བྱུང་འདུག ཏོག་དབྱིབས་རིམས་ནད་ལ་སྐྲག་གི་མི་འདུག ཁྱེད་ཚོའི་འཚོ་བ་ཡང་ཏོག་དབྱིབས་ནད་དུག་ལ་དབང་སྒྱུར་བྱེད་དུ་མ་འཇུག ཌོ་ནལ་ཊམ་གྱི་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ་ཨ་མི་རི་ཀས་ཏོག་དབྱིབས་ནད་དུག་གི་འགོག་སྨན་ཡག་པོ་ཁག་ཅིག་གསར་བཟོ་བྱེད་ཡོད། ང་ནི་ལོ་ཉི་ཤུའི་སྔོན་ལས་ཀྱང་བདེ་ཐང་ཆེ་བ་ཡོད་པ་ལྟར་གྱི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག དེ་ནས་སླར་ཡང་ང་མགྱོགས་མྱུར་འོས་འདེམས་ལས་འགུལ་སྤེལ་དུ་བསྐྱོད་འཆར་ཡོད། གསར་འགྱུར་རྫུན་མ་དེ་ཚོས་མི་མང་གི་བསམ་ཚུལ་འདྲི་ཞིབ་ཀྱི་གྲུབ་འབྲས་ཀྱང་རྫུན་མ་རྐྱང་རྐྱང་སྤེལ་གྱི་འདུག་ཅེས་འཕྲིན་ཐུང་ཞིག་ཞིག་སྤེལ་འདུག འོན་ཀྱང་ཨ་རིའི་སྨན་པ་མཁས་པ་ཚོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ཀྱིས་སྲིད་འཛིན་ཊམ་ད་དུང་ཉིན་ཤས་རིང་སྨན་ཁང་དུ་སྨན་བཅོས་བྱས་ནས་བཞུགས་ན་དགེ་མཚན་ཆེ་བའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།།

རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ཕོ་བྲང་དཀར་པོའི་སྲིད་འཛིན་ཊམ་གྱི་སྨན་བཅོས་རུ་ཁག་གི་ལས་སྣེ་ཚོས་བཤད་པའི་སྐད་ཆ་རྣམས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཊམ་སྨན་ཁང་ནས་ཕྱི་ལ་ཕེབས་ཆོག་པའི་ཆ་རྐྱེན་ཡོངས་སུ་ཚང་བའམ། ཡང་ན་ཆ་རྐྱེན་གྱི་ཚད་གཞི་ལས་བརྒལ་བ་ཞིག་ཚང་འདུག སང་ཉིན་གཟའ་མིག་མར་ཉིན་སྲིད་འཛིན་ཊམ་ལ་སླར་ཡང་རཱེམ་ཌི་སི་ཝྭིར་ཞེས་པའི་ཚོད་ལྟའི་གནས་སྐབས་སུ་ཡོད་པའི་ཏོག་དབྱིབས་ནད་དུག་གི་འགོག་སྨན་དེའི་སྨན་ཐུན་ཐེངས་ལྔ་པ་དེ་གཏོང་རྒྱུ་ཡིན། སྲིད་འཛིན་ཊམ་ལ་དུས་ཡུན་ཆུ་ཚོད་༧༢་ཀྱི་རིང་ལ་སྨན་བཅོས་བྱས་པའི་སྐབས་སུ་ཚ་བ་འཕར་མ་སོང་། ཁོང་གི་དབུགས་འབྱིན་རྔུབ་ཀྱི་ཚད་གཞི་ཡང་རྒྱུན་ལྡན་རེད། མདང་དགོང་གཟའ་ཉི་མའི་དགོང་མོ་ནས་ད་ནངས་གཟའ་ཟླ་བའི་ཞོགས་པར་བར་དུ་སྲིད་འཛིན་ཊམ་གྱི་སྙུང་གཞི་དྲག་སྐྱེད་ཆེན་པོ་ཞིག་བྱུང་སོང་ཞེས་བཤད་འདུག ཡིན་ནའང་ཨ་རིའི་སྨན་པ་དང་འཕྲོད་བསྟེན་མཁས་པ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་ལོ་ན་༧༤་ལ་སོན་པ་དང་ལོ་ན་༦༠་ཡན་ཆད་ལ་ཏོག་དབྱིབས་ནད་དུག་འདི་འགོས་ན་དྲག་སྐྱེད་འབྱུང་དཀའ་བས་སྲིད་འཛིན་ཌོ་ནལ་ཊམ་གྱི་ནད་དུག་གཞན་ལ་བགོ་སྲིད་པ་དང་སྲིད་འཛིན་ལ་ནད་ལོག་རྒྱག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

ཕོ་བྲང་དཀར་པོའི་སྨན་པ་ཤཱོང་ཁོན་ལེས་སྲིད་འཛིན་ཊམ་མཐའ་གཅིག་ཏུ་དྲག་སྐྱེད་བྱུང་མེད་ཀྱང་ཕོ་བྲང་དཀར་པོར་ཕྱིར་ལོག་གནང་ན་བདེ་འཚམས་ཡིན་པ་ནི་སྨན་པ་རྣམས་ཁ་གཅིག་གྲག་རེད། སྲིད་འཛིན་ལ་ཕོ་བྲང་དཀར་པོའི་རང་ཤག་ཏུ་འཛམ་གླིང་གི་སྨན་པ་རྩེ་ཕུད་ཚོས་སྨན་བཅོས་མུ་མཐུད་དུ་བྱེད་ཆོག་གི་རེད་ཅེས་བཤད། ཡིན་ནའང་ཝོལ་ཊར་རི་ཌི་སྨན་ཁང་གི་སྨན་པ་ཚོས་སྲིད་འཛིན་ཊམ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་རོ་དེ་གཞན་ལ་བགོ་རྒྱུ་ཡིན་མིན་པའི་ཁ་ཚོན་གཅོད་དཀའ། སྲིད་འཛིན་ཊམ་དུས་ནམ་ཞིག་ཕྱི་ལ་ཕེབས་ཆོག་པའི་ཐག་གཅོད་བྱེད་ཐུབ་རྒྱུའང་ཁག་པོ་འདུག སྲིད་འཛིན་ཊམ་ལ་ནད་པ་ཆེས་ཚབས་ཆེན་ཚོར་གཏོང་སྲོལ་ཡོད་པའི་སྨན་རྣམས་བཏང་བ་ཡིན་ཞེས་བཤད་འདུག དེར་བརྟེན་སྲིད་འཛིན་ཊམ་ཕོ་བྲང་དཀར་པོའི་རང་ཤག་ཏུ་དུས་ཡུན་ཅི་ཙམ་ལ་ཟུར་དགོས་བྱ་དགོས་མིན་དང་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་གཉིས་པར་ཞུགས་ཐུབ་རྒྱུ་ཡིན་མིན། ཁོང་མི་ཚོགས་དཀྱིལ་ལ་འོས་འདེམས་ལས་འགུལ་སྤེལ་དུ་ཕེབས་ཆོག་མིན་རྣམས་གསལ་པོ་ཞིག་གཏན་འབེབས་བྱས་མེད་ཅིང་། ཨ་རིའི་ནད་རིགས་སྔོན་འགོག་དང་སྟངས་འཛིན་ལས་ཁུངས་ཀྱི་ལམ་སྟོན་སྒྲིག་གཞི་ལྟར་ན། ཏོག་དབྱིབས་ནད་དུག་ཡང་མོ་ཞིག་འགོས་པའི་ནད་པ་རྣམས་ཀྱང་ཉུང་མཐར་ཡང་ཉིན་བཅུ་ལ་རང་ཁྱིམ་དུ་ཟུར་འགོག་བྱ་དགོས་པ་རེད།།

ད་ལྟ་མི་ཚང་མས་སྲིད་འཛིན་ཌོ་ནལ་ཊམ་ལ་དུས་ནམ་ཞིག་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་ཡོད་མེད། སྲིད་འཛིན་སྟེང་དཔྱལ་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྦ་གསང་བྱས་ཡོད་མེད། གཟའ་ཉི་མའི་ཉིན་སྲིད་འཛིན་ཊམ་དྲག་སྐྱེད་ཡག་པོ་མ་བྱུང་བར་སྨན་ཁང་ནས་ཕྱི་ལ་ཐོན་ཏེ་རྒྱ་ལམ་གཡས་གཡོན་གྱི་རྒྱབ་སྐྱོར་པ་ཚོར་ཕྱག་བརྡ་བཏང་སྟེ་འཚམས་འདྲི་ཞུས་པར་སྐྱོན་བརྗོད། སྲིད་འཛིན་གྱིས་རང་གི་སྐུ་སྲུང་བ་དང་རླངས་འཁོར་ཁ་ལོ་བ་སོགས་ལ་ནད་དུག་བགོ་སྲིད་པར་འཛེམ་ཟོན་མ་གནང་བར་ཕྱི་ལ་ཕེབས་པ་ནི་གཞན་གྱི་བདེ་ཐང་ལ་སྣང་ཆུང་བཏང་བ་ཞིག་རེད་ཅེས་གླེང་སློང་ཤུགས་ཆེན་པོ་ཞིག་བྱེད་ཀྱི་ཡོད་པར་མ་ཟད། ད་ལྟ་སྲིད་འཛིན་ཊམ་གྱི་སློབ་སྟོན་པ་གསུམ་དང་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་དང་གསར་འགོད་དྲུང་ཆེའི་གཤམ་འོག་གི་ལས་བྱེད་པ་གཉིས་བཅས་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ལས་སྣེ་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག

ཉེ་བའི་ཉི་མ་འགའ་ཞིག་གི་རིང་དེར་ཨ་རིའི་གསར་འགྱུར་ལས་ཁང་ཁག་དང་མི་མང་བཅས་ཀྱིས་ཕོ་བྲང་དཀར་པོར་ཏོག་དབྱིབས་ནད་དུག་ཇི་ལྟར་ཁྱབ་པ་ཡིན་མིན། ཕྱི་ཟླ་༩་པའི་ཚེས་༢༦་ཉིན་སྲིད་འཛིན་ཊམ་གྱིས་ཕོ་བྲང་དཀར་པོར་མི་ཚོགས་ཆེན་པོ་ཞིག་བསྡུས་ནས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་མི་མིང་འདོན་གྱི་མཛད་སྒོ་ཚོགས་ནས་ཏོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་པ་ཡིན་མིན། སྲིད་འཛིན་ཊམ་གྱི་རྟག་ཏུ་ཁ་རས་གྱོན་རྒྱུ་དེར་མོས་མཐུན་མེད་པ་དང་རིམས་ནད་འདིར་སྣང་ཆུང་བཏང་བའི་སྟབས་ཀྱིས་སྲིད་འཛིན་སྟེང་དཔྱལ་ཟུང་དང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཚོར་ཏོག་དབྱིབས་རིམས་ནད་འགོས་པ་ཡིན་མིན་ལ་འདྲི་ཞིབ་ནན་པོ་དང་དོགས་སློང་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག ཉམས་ཞིབ་པ་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་ནད་དུག་གི་སྙུང་གཞི་ཕོག་པའི་རྗེས་སུ་ནད་ཡམས་འདིར་ལྟ་སྟངས་མ་འདྲ་བ་ཞིག་འཛིན་རྒྱུ་དང་རིམས་ནད་འདིར་སྣང་ཆུང་མི་བྱེད་པའི་རེ་ལྟོས་འཆང་གི་ཡོད་ཅིང་། ད་ལྟའི་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༧༤༤༩༠༠༠་ལྷག་ལ་བྱུང་ཡོད་པ་དང་མི་༢༡༠༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་འདུག

XS
SM
MD
LG