ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་འོས་མི་གཉིས་ཀས་རྒྱ་ནག་ལ་བརྟེན་རྒྱུ་མིན་ཟེར།


༄༅།། ད་ལྟ་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་པར་ཟླ་བ་གཅིག་དང་ཕྱེད་ཀ་ཡས་མས་ཤིག་ལས་མེད་པའི་མཚམས་འདིར་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གཉིས་ཀས་ཨ་རིའི་རྒྱལ་ནང་དུ་དངོས་ཟོག་བཟོ་སྐྲུན་གྱི་ལས་རིགས་ཁག་སླར་གསོ་བྱ་རྒྱུ་ཡིན། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་གང་ཞིག་གིས་ཕྱི་རྒྱལ་ལ་བཟོ་གྲྭ་བཙུགས་ནས་ལས་ཀ་བཀོད་སྒྲིག་བྱེད་ན་ཨ་རིའི་གཞུང་གིས་བཟོ་ཚོང་དེར་དཔྱ་ཁྲལ་སྤར་ནས་ཉེས་ཆད་གཅོད་རྒྱུ་ཡིན། ལྷག་པར་དུ་ཨ་མི་རི་ཀའི་ལོངས་སྤྱོད་དངོས་ཟོག་གི་འབྱུང་ཁུངས་རྒྱ་ནག་འབའ་ཞིག་ལ་བརྟེན་མི་དགོས་པ་ཞིག་བྱ་རྒྱུ་ཡིན་ཞེས་དམ་བཅའ་འཇོག་གི་ཡོད་ཀྱང་སྲིད་འཛིན་གྱི་འོས་མི་གཉིས་ཀའི་ཐབས་ཇུས་དང་འཆར་གཞི་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་སྟེ། ཇཱོ་བྷ་ཌན་གྱིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་བརྟེན་མི་དགོས་པའི་ཐབས་ཇུས་ཤིག་བཏོན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་མ་བྱས་པར་ཨ་རི་གཅིག་པུས་རང་ཁ་རང་གསོ་ཐུབ་ཐབས་དང་རྒྱ་ནག་ལ་བརྟེན་མི་དགོས་པ་ཞིག་བྱ་རྒྱུའི་ཐབས་ཇུས་བསྟན། འདས་པའི་ལོ་མང་རིང་ཨ་མི་རི་ཀ་དང་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་རྣམས་མཉམ་དུ་འདྲེས་ཏེ་ཁ་འབྲལ་ཐབས་དཀའ་བ་ཞིག་ཏུ་གྱུར་ཡོད་པ་འདིར་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་མིན་ལ་སྲིད་འཛིན་འོས་མི་གཉིས་ཀས་འགྲེལ་བཤད་དང་གླེང་སློང་གསལ་པོ་ཞིག་བྱེད་ཐུབ་ཀྱི་མེད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༣་གྱི་སྲིད་འཛིན་འོས་འདེམས་སྔོན་འདིར་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀས་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་རྣམས་རྒྱ་ནག་ཁོ་ནར་བརྟེན་མི་དགོས་པ་ཞིག་བྱ་དགོས། ཨ་མི་རི་ཀས་སྔར་ལྟར་རྒྱ་ནག་ལ་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐུབ་ཐབས་མེད་ཅེས་མི་དམངས་ལ་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་རྒྱུ་ཤུགས་ཆེ་རུ་བཏང་འདུག

ཉེ་ཆར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་བ་ཚོས་དམངས་གཙོ་ཚོགས་པའི་འོས་མི་ཇཱོ་བྷ་ཌན་སྲིད་འཛིན་ལ་གདམ་ན་ཨ་རིའི་བདག་པོ་རྒྱ་ནག་འགྱུར་རྒྱུ་རེད། ཨ་མི་རི་ཀ་བ་ཚོས་རྒྱ་ཡིག་རྒྱ་སྐད་སྦྱང་དགོས་ཐུག་རྒྱུ་རེད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་༤་ལ་སྲིད་དབང་བཟུང་བའི་རིང་དེར་དམངས་གཙོ་ཚོགས་པས་རྒྱ་ནག་ལ་མཁྲེགས་པོ་བྱེད་མི་ཐུབ་པ་དང་དམངས་གཙོ་ཚོགས་པའི་ཚོགས་མི་རྣམས་སྤྱི་ཚོགས་རིང་ལུགས་པ་རེད་ཅེས་སྐྱོན་བཙུགས། ད་ལྟ་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་དང་ཉམས་ཞིབ་ལས་ཁང་ཁག་གིས་ཨ་རིའི་མི་མང་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་འདྲི་ཞིབ་བྱས་ནས་ཇཱོ་བྷ་ཌན་ལ་མི་མང་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་པ་བརྒྱ་ཆ་བཅུ་ལྷག་མང་བ་ཡོད་པ་ཤེས་རྟོགས་བྱུང་ཚེ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཇེ་མཁྲེགས་སུ་བཏང་སྟེ་ཇཱོ་བྷ་ཌན་རྒྱ་དགའ་བ་ཞིག་རེད་ཅེས་སྐྱོན་འཛུགས་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་མཇུག་སྡོམ་དུས་སུ་རྒྱ་ནག་ལ་ཤོར་པའི་ཨ་རིའི་བཟོ་གྲྭའི་ལས་ཀའི་ས་མིག་ས་ཡ་གཅིག་རང་ཡུལ་ལ་ཕྱིར་འགུགས་བྱ་རྒྱུ་ཞེས་ཁས་ལེན་བྱས་པ་རྣམས་བསྐྱར་ཟློས་ཀྱིས་བསྒྲགས། རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རུ་བཅུག་པར་འགན་འཁྲི་ཆ་ཚང་ལེན་དུ་འཇུག་རྒྱུ་ཡིན་ཞེས་གཏམ་བཤད་བྱ་རྒྱུའང་ཤུགས་ཆེ་རུ་བཏང་འདུག ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཁས་ལེན་དམ་བཅའ་རྣམས་ལག་ལེན་ཇི་ལྟར་བསྟར་རྒྱུ་ཡིན་མིན་གྱི་འཆར་གཞི་དང་ཐབས་ཇུས་གསལ་པོ་གོ་རིམ་ལྡན་པ་ཞིག་བསྟན་མེད་པ་རེད།།

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱིས་རང་གི་སྲིད་དོན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་མཇུག་སྡོམ་སྐབས་དང་། དེ་མིན་གྱི་འོས་འདེམས་ལས་འགུལ་སྤེལ་ཡུལ་ཁག་ཏུ་ཌོ་ནལ་ཊམ་ནི་ཆ་འཇོག་འོས་པ་དང་ཡིད་རྟོན་རུང་བའི་མི་ཞིག་གཏན་ནས་མ་རེད། ཁོང་གིས་རང་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་པར་རྫུན་དང་ཧམ་བཤད། མི་ལ་མགོ་སྐོར་གཏོང་རྒྱུ་སོགས་ལ་འཛེམ་མི་སྲིད། ཌོ་ནལ་ཊམ་ལ་གནས་སྐབས་ཀྱི་ཁེ་ཕན་ཞིག་འཐོབ་ན་ཨ་རིའི་ལྟ་གྲུབ་དང་ལངས་ཕྱོགས། ཨ་མི་རི་ཀའི་རྩ་དོན་དང་མཐུན་གྲོགས་རྣམས་བློས་གཏོང་གི་རེད། ཌོ་ནལ་ཊམ་ནི་འཇོན་ཐང་མེད་པ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་བྱེད་ཐུབ་མཁན་གྱི་མི་ཞིག་མ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་མ་ཟད། ཇཱོ་བྷ་ཌན་གྱིས་ཡིག་ཆ་ཤོག་གྲངས་༩༢་ཅན་གྱི་འཆར་གཞི་དང་སྲིད་ཇུས་ཤིག་གསལ་བསྒྲགས་བྱས་པ་དེའི་ནང་དུ་རྒྱ་ནག་ཅེས་ཐེངས་༢༢་གླེང་། ཁོང་གི་སྲིད་ཇུས་ཡིག་ཆ་དེར་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་གཞུང་གིས་རྒྱ་ནག་གམ། ཡང་ན་རྒྱལ་ཁབ་གང་ཞིག་གིས་ཨ་རིའི་བཟོ་གྲྭའི་ལས་ཀ་རྣམས་འཕྲོག་ཐབས་བྱེད་ན་དེ་ལ་འཐབ་རྒོལ་ཇི་ལྟར་བྱ་རྒྱུ་ཡིན་མིན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བ་དང་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱེད་ཡོད་པར་ཁ་རྡུང་དྲག་པོ་བཏང་འདུག ད་ལོའི་མགོ་སྟོད་དེར་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཕྱེད་ཀ་ལྷག་ཡོད། རྒྱ་ནག་གིས་ནམ་ཡང་ཨ་མི་རི་ཀའི་དཔལ་འབྱོར་སྟོབས་ཤུགས་ལ་སྣང་ཆུང་གཏོང་མི་ཕོད། དེར་བརྟེན་ཨ་མི་རི་ཀས་ཁོར་ཡུག་སྲུང་སྐྱོབ་དང་ལས་རྩོལ་བའི་ཐོབ་ཐང་། ཚོང་ལས་དང་འཕྲུལ་རིག དམངས་གཙོའི་ལྟ་གྲུབ་ཁྱབ་སྤེལ་སོགས་ཀྱི་ཁྲིམས་དང་སྒྲིག་གཞི་རྣམས་བཅའ་ཐུབ་ཅེས་ཕྱི་འབྲེལ་ལས་དོན་དུས་དེབ་ཏུ་རྩོམ་ཡིག་ཅིག་སྤེལ་ནས་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག་དགོས་མིན་གྱི་འཆར་གཞི་དང་སྲིད་ཇུས་རྣམས་བཀོད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་རྣམས་རྒྱ་ནག་ལ་འབྲེལ་བ་གཅོད་དགོས། རྒྱ་ནག་ལ་བཟོ་གྲྭ་བཙུགས་ནས་ཚོང་ལས་གཉེར་མཁན་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་དབུས་གཞུང་གིས་ཚོང་ལས་ཀྱི་གན་རྒྱ་འཇོག་རྒྱུ་མིན། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་རང་གི་འོས་འཚམས་ཀྱི་རྒྱལ་སྲུང་འགྲོ་གྲོན་གཏོང་དགོས། ཨ་མི་རི་ཀ་རྒྱ་ནག་གཅིག་པུར་བརྟེན་མི་དགོས་པའི་ཐབས་སུ་ཨོ་གླིང་རྒྱལ་ཁབ་དང་རྒྱ་གར། ཉི་ཧོང་དང་ནེའུ་ཛི་ལན་ཌི། ལྷོ་ཀོ་རི་ཡ་དང་ཝྭི་ཏེ་ནམ་བཅས་ལ་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་འབྲེལ་རྒྱ་བསྐྱེད་ནས་ལོངས་སྤྱོད་དངོས་ཟོག་གི་ཐོན་ཁུངས་གསར་པ་འཚོལ་རྒྱུ་ཡིན་ཞེས་བསྒྲགས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ལས་དུས་དང་པོའི་རིང་དེར་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་དང་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་ལ་ཕྱིར་ཚོང་བྱེད་མི་ཆོག་པའི་བཀག་སྡོམ། རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་སོགས་ཀྱིས་ཨ་རིའི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་བྱས་པ། ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ། ཨ་མི་རི་ཀའི་མཚོ་དམག་གིས་གནམ་མཚོ་གཉིས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱ་རྒྱུ་ཇེ་མང་དུ་བཏང་ཡོད་ཅེས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་དུས་སུ་བགྲངས། འོན་ཀྱང་ཉམས་ཞིབ་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧལ་རྒྱུག་གི་སྲིད་ཇུས་དེས་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོ། ཐེ་ཝན་མཚོ་འགག་བཅས་སུ་དམག་འཁྲུག་སློང་རྒྱུའི་ཉེན་ཁ་ཆེ། ཅིའི་ཕྱིར་ཞེ་ན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་གི་ཡོད་པར་ཨ་མི་རི་ཀས་དམག་བརྒྱབ་ནས་འགོག་རྒོལ་བྱ་རྒྱུ་ཡིན་མིན། ཨ་མི་རི་ཀས་ཐེ་ཝན་ལ་དམག་བཏང་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་ཐབས་བྱ་རྒྱུ་ཡིན་མིན་ནི་ཐེ་ཚོམ་རེད། དེས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་དང་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ཆོག་པའི་ལན་ཁག་དཀྲི་ས་ཞིག་སྤྲོད་ཀྱི་འདུག་ཅེས་སྐྱོན་བཙུགས།།

རྒྱ་ནག་གཞུང་དང་ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་འདོད་པ་ཡོད་མེད་བཤད་དཀའ། ཉམས་ཞིབ་པ་ཕལ་མོ་ཆེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་ནས་ཨ་མི་རི་ཀས་དཔའ་ཁེར་རྒྱུག་གི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་རྒྱ་ནག་གི་འགོ་ཁྲིད་ཚོ་དགའ་མོས་ཡོད་ཀྱང་ཌོ་ནལ་ཊམ་ཧོལ་རྒྱུག་ཆེ་བ་དང་ངེས་གཏན་མེད་པ། ཁོང་གིས་གྲོས་མཐུན་དང་གན་རྒྱ་སོགས་ལ་བརྩི་མེད་བཏང་ནས་སྲིད་ཇུས་དང་འཆར་གཞི་སོགས་གང་བྱུང་དུ་ལག་ལེན་བསྟར་པ། ཌོ་ནལ་ཊམ་གྱིས་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཚོད་དཔག་ཐུབ་ཀྱི་མེད་པར་པེ་ཅིང་གི་དབང་འཛིན་པ་ཚོ་མགོ་ན་དགོས་པ་ཞིག་ཏུ་གྱུར་འདུག དེར་བརྟེན་རྒྱ་ནག་གི་འགོ་ཁྲིད་ཚོས་ཇཱོ་བྷ་ཌན་ལ་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་རྒྱ་ནག་ལ་སྲིད་ཇུས་བཟང་ངན་ཅི་ཞིག་ཡིན་རུང་ངེས་གཏན་ཅན་ཞིག་འཛིན་རྒྱུ་རེད། བྷ་ཌན་གྱིས་རྒྱ་ནག་ལ་སྲིད་ཇུས་གསལ་པོ་ཞིག་བཟུང་བའི་རྗེས་སུ་རྒྱ་ནག་གིས་ཀྱང་དེ་ལ་བསྟུན་ནས་འབྲེལ་བ་ཞིག་འཛིན་ཆོག་གི་རེད། འོན་ཀྱང་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག ཨ་མི་རི་ཀ་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་བའམ། ཡང་ན་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ཝ་ཤིང་ཊོན་ལ་ཡིད་ཆེས་མེད་པར་གྱུར་པའི་གནས་སྟངས་དེར་ཇཱོ་བྷ་ཌན་གྱིས་འགྱུར་གཏོང་ངེས་རེད། ཕུགས་ལ་བསམ་བློ་བཏང་ན་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱ་ནག་ལ་ཉེན་ཁ་ཆེ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག་ཅེས་བཤད། ཨ་རིའི་ཉམས་ཞིབ་པ་ཁག་ཅིག་གིས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ནི་རྒྱ་ནག་དང་དཔལ་འབྱོར། ཚོང་ལས་ཀྱི་གནད་དོན་གང་གིས་ཀྱང་ཐག་གཅོད་བྱ་རྒྱུའི་རྟགས་མཚན་མི་འདུག དེང་སྐབས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཚབས་ཆེའི་དཀའ་ངལ་ཞིག་འཕྲད་ཡོད་པ་སྲིད་འཛིན་འོས་མི་གཉིས་ཀྱིས་སུས་འཕྲལ་དུ་སྔོན་འགོག་ཐུབ་ན་ཨ་རིའི་མི་མང་གིས་དེ་ལ་འོས་ཤོག་འཕངས་ནས་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་རེད་ཅེས་དཔྱད་བརྗོད་སྤེལ་འདུག

XS
SM
MD
LG