ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༨/༡༨

ཨ་རིའི་སྔོན་འགྲོའི་འོས་བསྡུ་དང་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་ནུས་པ། 


༄༅།། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཨ་རིའི་མཱི་ཆི་གྷན་དང་ཁེན་ས་སི། ཨ་རི་ཛོ་ན་དང་མཱི་སོ་རི། ཝ་ཤིང་ཊོན་མངའ་སྡེ་བཅས་ལ་སྔོན་འགྲོའི་འོས་བསྡུ་བྱས་ནས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་གཉེར་ཐོབ་པའི་སྤྱི་མཐུན་ཚོགས་པའི་འོས་མི་རྣམས་དང་དམངས་གཙོ་ཚོགས་པའི་ལྟ་བ་བཏང་སྙོམས་འཛིན་པ་ཚོར་སྔོན་འགྲོའི་འོས་བསྡུའི་རྒྱལ་ཁ་ཐོབ། དེ་བཞིན་ཁེན་ས་སི་མངའ་སྡེའི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་མངལ་དབྱུང་ཐོབ་ཐང་རང་སོར་འཇོག་དགོས་ཞེས་མང་ཚོགས་ཀྱིས་འོས་ཤོག་འཕངས། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༢་ལོར་ཨ་མི་རི་ཀར་བར་མའི་འོས་འདེམས་བྱ་རྒྱུ་དེར་དུས་ཡུན་ཟླ་བ་གསུམ་ཡས་མས་ཤིག་ལས་མེད་ཅིང་། ཌོ་ནལ་ཊམ་གྱི་རྒྱབ་གཉེར་ཐོབ་པའི་སྤྱི་མཐུན་ཚོགས་པའི་འོས་མི་ཚོ་དང་དམངས་གཙོ་ཚོགས་པའི་ལྟ་བ་བཏང་སྙོམས་འཛིན་པ་ཚོར་སྔོན་འགྲོའི་འོས་བསྡུའི་རྒྱལ་ཁ་ཐོབ་ཀྱི་ཡོད་པས་ལོ་འདིའི་བར་མའི་འོས་བསྡུ་དེའི་ཁ་ཕྱོགས་གང་དུ་འགྱུར་རྒྱུ་ཡིན་མིན་རགས་ཙམ་ཤེས་རྟོགས་ཐུབ་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག ད་ལོའི་ཕྱི་ཟླ་༡༡་པ་ནི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཡོད་དོ་ཅོག་དང་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཅིག མངའ་སྡེའི་ཁག་ཅིག་གི་སྤྱི་ཁྱབ་དང་མངའ་སྡེའི་དྲུང་ཆེ། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སོགས་འོས་འདེམས་བྱེད་པའི་ལོ་ཞིག་ཡིན་ཞིང་། ༢༠༡༦་ནས་ཨ་མི་རི་ཀའི་མི་དམངས་རྣམས་ཆབ་སྲིད་ཀྱི་ལྟ་བ་དང་སྲིད་དོན་ཚོགས་པའི་ལངས་ཕྱོགས། མངའ་སྡེ་ཁག་གིས་འོས་འདེམས་ཀྱི་ས་ཁུལ་བསྐྱར་བགོ་དང་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ངོས་ལེན་ཡོད་མེད། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོ་ཨ་རིའི་གྲོས་ཚོགས་སུ་དཔུང་འཛུལ་བྱས་ནས་གྱེན་ལོག་བྱས་པ་ཁྲིམས་འགལ་ཡིན་མིན་སོགས་ཀྱི་འགལ་ཟླ་ཆེན་པོ་ལངས་ཡོད་པས་༢༠༢༢་ལོའི་བར་མའི་འོས་བསྡུ་འདི་སྔར་ལས་གནད་འགག་ཆེན་པོ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་མངའ་སྡེ་ཁག་གི་འགོ་ཁྲིད་ཚོ་སྲིད་དོན་ཚོགས་པ་གང་གིས་འཛིན་རྒྱུ་ཡིན་མིན་གྱི་འཐབ་རྩོད་རྣོ་ངར་ཅན་ཞིག་ཏུ་གྱུར་འདུག་ཅེས་ཨ་རིའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ཨ་རི་ཛོ་ནའི་འོས་ཤོག་གྲངས་བཤེར་བྱེད་ས།
ཨ་རི་ཛོ་ནའི་འོས་ཤོག་གྲངས་བཤེར་བྱེད་ས།

གཟའ་མིག་དམར་གྱི་དགོང་མོར་ཨ་རི་ཛོ་ན་མངའ་སྡེའི་ནང་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་གཉེར་ཐོབ་པའི་སྤྱི་མཐུན་ཚོགས་པའི་འོས་མི་བྷ་ལེཀ་མ་སི་ཏར་སི་ལ་སྔོན་འགྲོའི་འོས་བསྡུའི་རྒྱལ་ཁབ་ཐོབ། ཁོ་པས་ཕྱི་ཟླ་༡༡་པར་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁེ་ཀེ་ལི་ལ་འགྲན་རྩོད་བྱ་རྒྱུ། ཁ་སྔོན་ཕྱི་ཟླ་༥་པར་ཌོ་ནལ་ཊམ་གྱིས་རྒྱབ་སྐྱོར་བྱས་ནས་ཨོ་ཧ་ཡོ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འོས་མི་ཝན་སི་ལ་རྒྱལ་ཁ་ཐོབ། མཱི་ཆི་གྷན་མངའ་སྡེའི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་དམངས་གཙོ་ཚོགས་པའི་འོས་མི་ཧེ་ལི་སི་ཊི་ཝན་ལ་རྒྱལ་ཁ་ཐོབ་སྟེ་ཕྱི་ཟླ་༡༡་པའི་ནང་དུ་སི་ཊི་ཝན་གྱིས་སྤྱི་མཐུན་ཚོགས་པའི་འོས་མི་ཨམ་བྷ་རོ་སི་ལ་གྲོས་ཚོགས་འོག་མའི་ས་མིག་དེར་འགྲན་རྩོད་བྱ་དགོས་པར་གྱུར། ཨ་རིའི་མཱི་སོ་རི་མངའ་སྡེའི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཨེ་རིཀ་ཤི་མི་ཐེས་རང་གི་ཁ་གཏད་པ་ཧར་ཛི་ལེར་ཕམ་སྟེ་སྤྱི་མཐུན་ཚོགས་པའི་འོས་མིར་འདེམས་ཐོན་བྱུང་། ཨེ་རིཀ་ཤི་མཱི་ཐེས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་གཏོང་དགོས། ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་མ་རེད་ཅེས་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱས་མྱོང་ཡོད་པར་མ་ཟད། དམངས་གཙོ་ཚོགས་པའི་འོས་མི་བཏང་སྙོམས་ཀྱི་ལྟ་བ་འཛིན་མཁན་བྷུ་ཤི་ཝེ་ལན་ཊིན་ཡང་དམངས་གཙོ་ཚོགས་པའི་འོས་མིར་འདེམས་ཐོན་བྱུང་། ཝ་ཤིང་ཊོན་མངའ་སྡེར་སྤྱི་མཐུན་ཚོགས་པའི་འོས་མི་གཉིས་ཡོད་པ་དེ་དག་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱ་དགོས་པའི་འོས་ཤོག་འཕངས། ཁོ་གཉིས་ཀྱི་སུ་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་རྟིང་ཐག་ཆོད་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༣་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མ་དང་གྲོས་ཚོགས་འོག་མ། མངའ་སྡེའི་སྤྱི་ཁྱབ་དང་མངའ་སྡེའི་གྲོས་ཚོགས་སོགས་ཀྱི་སྔོན་འགྲོའི་འོས་བསྡུར་ལངས་པའི་འོས་མི་༤༢་ལ་རྒྱབ་གཉེར་བྱས་འདུག ཨ་རི་ཛོ་ན་མངའ་སྡེར་ཌོ་ནལ་ཊམ་དང་སྲིད་འཛིན་གཞོན་པ་ཟུར་པ་མེཀ་ཕེན་སི་གཉིས་ཀས་འོས་མི་ཐ་དད་རེར་རྒྱབ་གཉེར་བྱས་ནས་སྤྱི་མཐུན་ཚོགས་པ་ཁ་འཐོར་དུ་སོང་། ཨ་རི་ཛོ་ན་མངའ་སྡེའི་སྤྱི་ཁྱབ་ཀྱི་ས་མིག་དེར་ཌོ་ནལ་ཊམ་གྱི་རྒྱབ་གཉེར་ཐོབ་པའི་བརྙན་འཕྲིན་གསར་འགོད་པ་ཟུར་པ་ཀེ་རི་ལེཀ་སྤྱི་མཐུན་ཚོགས་པའི་འོས་མིར་འདེམས་ཐོན་བྱུང་། སྲིད་འཛིན་གཞོན་པ་ཟུར་པ་མེཀ་ཕེན་སི་ཡིས་ཁེ་རིན་ཊེ་ལར་རོབ་སན་ལ་རྒྱབ་སྐྱོར་བྱས་ཤིང་། ཌོ་ནལ་ཊམ་དང་མེཀ་ཕེན་སི་གཉིས་ཀྱིས་འོས་མི་མ་འདྲ་བར་རྒྱབ་སྐྱོར་བྱེད་ཕྱོགས་ཀྱིས་སྲིད་འཛིན་ཟུར་པ་གཙོ་གཞོན་གཉིས་ཀྱི་འགལ་ཟླ་ཇེ་ཆེ། ༢༠༢༤་ལོར་ཌོ་ནལ་ཊམ་དང་མེཀ་ཕེན་སི་གཉིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་ཏེ་འགྲན་རྩོད་བྱ་རྒྱུའི་སྔ་ལྟས་སུ་འགྱུར་གྱི་ཡོད་པའི་རྣམ་པ་ཞིག་ཐོན། ཨ་རི་ཛ་ན་མངའ་སྡེ་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འོས་མི་མར་ཁེ་ཧྥིན་ཆེམ་༢༠༢༡་གི་ཕྱི་ཟླ་༡་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་བྱས་པ་དེ་དག་གི་གྲས་སུ་ཞུགས། ཁོ་པས་ཌོ་ནལ་ཊམ་ལ་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པ་རེད་ཅེས་རྫུན་སྒྲོགས་བྱེད་ཀྱི་ཡོད་པས་ཌོ་ནལ་ཊམ་གྱི་རྒྱབ་གཉེར་ཐོབ། དམངས་གཙོ་ཚོགས་པའི་འཐབ་ཇུས་བ་ཚོས་ཕྱི་ཟླ་༡༡་པའི་དངོས་གཞིའི་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་གྱི་རྒྱབ་གཉེར་ཐོབ་པའི་འོས་མི་ཚོ་ཕམ་ཉེས་གཏོང་རྒྱུ་ལས་སླ་ཞེས་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་སྔ་ལོ་ཨ་རིའི་ཝིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་བྱས་པའི་སྐབས་སུ་ཌོ་ནལ་ཊམ་གྱི་རྒྱབ་གཉེར་ཐོབ་པའི་འོས་མི་དབྱང་ཁིན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་རེད།།

ཁེན་ས་སི་མངའ་སྡེས་མངལ་དབྱུང་ཐོབ་ཐང་རང་སོར་འཇོག་དགོས་མིན་ཐད་མི་མང་ལ་འོས་ཤོག་འཕེན་དུ་བཅུག་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་མངལ་དབྱུང་ཐོབ་ཐང་སོར་འཇོག་བྱ་དགོས་ཞེས་འོས་ཤོག་འཕངས།
ཁེན་ས་སི་མངའ་སྡེས་མངལ་དབྱུང་ཐོབ་ཐང་རང་སོར་འཇོག་དགོས་མིན་ཐད་མི་མང་ལ་འོས་ཤོག་འཕེན་དུ་བཅུག་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་མངལ་དབྱུང་ཐོབ་ཐང་སོར་འཇོག་བྱ་དགོས་ཞེས་འོས་ཤོག་འཕངས།

ཁ་སང་གཟའ་ལྷག་པའི་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་ཨ་མི་རི་ཀའི་མངའ་སྡེ་འགའ་ཞིག་ལ་སྔོན་འགྲོ་འོས་བསྡུ་བྱས་ནས་གྲོས་ཚོགས་གོང་འོག་དང་མངའ་སྡེའི་སྤྱི་ཁྱབ་སོགས་ཀྱི་ས་མིག་དེར་སྲིད་དོན་ཚོགས་གཉིས་ཀྱིས་རང་རང་གི་འོས་མི་རྣམས་འདེམས་བསྐོ་བྱས་པ་རེད། ཁེན་ས་སི་མངའ་སྡེས་མངལ་དབྱུང་ཐོབ་ཐང་རང་སོར་འཇོག་དགོས་མིན་ཐད་མི་མང་ལ་འོས་ཤོག་འཕེན་དུ་བཅུག མངའ་སྡེ་དེའི་རྒྱ་ཆེའི་མང་ཚོགས་ཀྱིས་མངལ་དབྱུང་ཐོབ་ཐང་སོར་འཇོག་བྱ་དགོས་ཞེས་འོས་ཤོག་འཕངས་པ་ནི་དམངས་གཙོ་ཚོགས་པར་གཏམ་བཟང་དང་ཕྱི་ཟླ་༡༡་པའི་འོས་བསྡུའི་སྐབས་སུ་མངལ་དབྱུང་ཐོབ་ཐང་འོས་འདེམས་ཀྱི་རྩ་དོན་ཞིག་ལ་བསྒྱུར་དགོས་པའི་ངེས་ཤེས་རྙེད། ཁེན་ས་སི་མངའ་སྡེའི་འོས་འདེམས་ཀྱིས་དམངས་གཙོ་ཚོགས་པར་བློ་སྟོབས་གསར་པ་ཞིག་བྱིན་ནས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་རྙིང་ཞེན་ཅན་གྱི་ཁྲིམས་དཔོན་ཚོས་མངལ་དབྱུང་ཐོབ་ཐང་ཕྱིར་བསྡུ་བྱས་པར་ཨ་རིའི་མི་དམངས་བྱིངས་དང་ཤེས་ཡོན་ཅན། ལྷག་པར་དུ་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་ཚོ་མོས་མཐུན་མེད་པ་དང་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་ངོ་རྒོལ་ཡོད་པ་མཚོན་ཐུབ་ཅེས་གནས་ཚུལ་སྤེལ། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་བསྐོ་བཞག་བྱས་པའི་ཆེས་མཐོའི་ཁྲིམས་ཁང་གི་དཔོན་གསུམ་དང་ཁྲིམས་དཔོན་སེ་མུལ་ཨ་ལི་ཏོ། ཁྲིམས་དཔོན་བགྲེས་པ་ཁེ་ལ་རན་སི་ཐོ་མ་སི་བཅས་ཁྲིམས་དཔོན་ལྔས་མངལ་དབྱུང་ཐོབ་ཐང་ཕྱིར་བསྡུ་བྱ་རྒྱུའི་ཐག་བཅད། སྤྱི་ཁྱབ་ཁྲིམས་དཔོན་རོ་བྷར་ཊི་སི་དང་གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཁྲིམས་དཔོན་གསུམ་གྱིས་མངལ་དབྱུང་ཐོབ་ཐང་སོར་འཇོག་དགོས་བྱ་པའི་འོས་ཤོག་འཕངས།།

ཨ་མི་རི་ཀའི་འོས་འདེམས་ཀྱི་ལོ་རྒྱུས་སུ་གཞུང་འཛིན་ཚོགས་པར་རྟག་ཏུ་བར་མའི་འོས་བསྡུའི་སྐབས་སུ་ཕམ་ཉེས་འབྱུང་བའི་བཤད་སྲོལ་ཞིག་དར། དེང་སྐབས་ཨ་མི་རི་ཀར་དངོས་ཟོག་གི་རིན་གོང་འཕར་བ་དང་རྒྱལ་ནང་དུ་མེ་མདའ་ཐོགས་པའི་མི་ཚོས་མི་གསོད་ཁྲག་སྦྱོར་གྱི་དྲག་སྤྱོད་སྤེལ། ཨ་རིའི་ལྷོ་ཕྱོགས་ནས་ཉིན་ལྟར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་སྟོང་མང་པོ་ཨ་མི་རི་ཀར་སིམ་འཛུལ། ཇཱོ་བྷ་ཌན་ལ་ནད་པ་ལྟ་བུའི་མཐོང་སྣང་ཞིག་བྱུང་སྟེ་རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་སྒྲུབ་ཕྱོགས་ལ་མོས་མཐུན་ཡོད་པའི་མི་མང་ཧ་ཅང་ཉུང་ཤས་ཤིག་ལས་མེད་པས་དམངས་གཙོ་ཚོགས་པར་བློ་འཚབ་སྐྱེས། ༢༠༢༢་ལོའི་ཕྱི་ཟླ་༡༡་པའི་བར་མའི་འོས་བསྡུའི་སྐབས་སུ་དམངས་གཙོ་ཚོགས་པ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་འཐུས་མི་གྲངས་ཉུང་དུ་འགྱུར་སྲིད་པའི་ཉེན་ཁ་ཆེ་རུ་སོང་། འོན་ཀྱང་དམངས་གཙོ་ཚོགས་པས་མངལ་དབྱུང་ཐོབ་ཐང་ནི་བུད་མེད་ཀྱི་ཚེ་སྲོག་ལ་འབྲེལ་བ་ཡོད་པའི་གདམ་ཀའི་ཐོབ་ཐང་ཞིག་ཡིན་ཞེས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་། ཁེན་ས་སི་མངའ་སྡེའི་འོས་བསྡུའི་གྲུབ་འབྲས་དེས་དམངས་གཙོ་ཚོགས་པ་གཏན་ནས་དཔའ་ཞུམ་དགོས་པ་ཞིག་མིན་པ་ར་འཕྲོད། ཧ་ཝ་དབྱི་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷ་རེན་ཤ་ཛིས་གཟའ་འཁོར་འདིའི་ཁེན་ས་སི་མངའ་སྡེའི་འོས་འདེམས་ཀྱི་གྲུབ་འབྲས་ལ་བལྟས་ནས་ཕྱི་ཟླ་༡༡་པའི་བར་མའི་འོས་བསྡུའི་སྐབས་སུ་སྤྱི་སྲོལ་གྱི་རྣམ་དཔྱོད་ལ་བསྐྱར་ཞིབ་བྱ་དགོས། མི་དམངས་ཀྱི་ཐོབ་ཐང་འཕྲོག་པ་དེར་ཁོང་ཁྲོས་བརྟས་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ། ཁེན་ས་སི་མངའ་སྡེ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་རྙིང་ཞེན་ཅན་གྱི་ས་ཁུལ་ཞིག་ཡིན་པ་དང་བར་མའི་འོས་བསྡུའི་སྐབས་སུ་མི་མང་འོས་ཤོག་འཕེན་མཁན་མང་པོ་མེད་པའི་ས་གནས་ཤིག་ཡིན་འདུག གཟའ་མིག་དམར་ཉིན་མི་མང་འོས་ཤོག་འཕེན་དེ་སྔ་ལས་མང་བ་ཡོང་ཡོད་པ་དང་མངལ་དབྱུང་ཐོབ་ཐང་སོར་འཇོག་བྱ་དགོས་ཞེས་འོས་ཤོག་འཕངས། དེས་ན་དམངས་གཙོ་ཚོགས་པའི་འཐབ་ཇུས་བ་ཚོས་མངལ་དབྱུང་ཐོབ་ཐང་བར་མའི་འོས་བསྡུའི་སྐབས་ཀྱི་རྩ་དོན་ཞིག་ལ་བསྒྱུར་རྒྱུའི་གྲ་སྒྲིག་བྱས་ནས་འཐབ་ཇུས་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG