ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༠༦/༠༦

ཌོ་ནལ་ཊམ་དང་ཧི་ལ་རི་སྲིད་འཛིན་འོས་མིར་འགྱུར་སྲིད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༢༠༡༦་འདི་ལོ་བཞི་རེའི་མཚམས་ཀྱི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ལོ་ཞིག་ཡིན་པ་དང་། སྲིད་འཛིན་འོས་འདེམས་མ་བྱས་གོང་དུ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་རྒྱས་འཛོམས་ཚོགས་ཆེན་འཚོགས་ཏེ། ཁོ་ཚོས་སྲིད་དོན་ཚོགས་པ་སོ་སོའི་སྲིད་འཛིན་འོས་མི་དངོས་སུ་གཏན་འབེབས་བྱ་དགོས་པ་དང་། སྲིད་འཛིན་འོས་མིར་དངོས་སུ་གཏན་འབེབས་མ་བྱུང་བར་དུ་ཨ་མི་རི་ཀའི་མངའ་སྡེ་ལྔ་བཅུ་ཐམ་པར་སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་བསྡུ་བྱ་དགོས། འདས་པའི་ཟླ་བ་མང་པོའི་རིང་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཚོས་རང་ཉིད་འབྲེལ་ཡོད་ཀྱི་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདེམས་ཐོན་ཡོང་བའི་འགྲན་བསྡུར་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཨ་མི་རི་ཀའི་མངའ་སྡེ་ལྔ་བཅུ་ཐམ་པའི་བརྒྱ་ཆ་༨༠་ལྷག་ལ་སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་བསྡུ་བྱས་ཚར་ཡོད་པས། ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཧི་ལ་རི་ཁེ་ལིན་ཊོན་ལ་མངའ་སྡེ་ཁག་གི་དམངས་གཙོ་ཚོགས་པའི་འདེམས་བསྐོ་འཐུས་མི་མང་བ་ཐོབ་སྟེ། ད་ལོའི་ཕྱི་ཟླ་༧་པར་འཚོགས་རྒྱུའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཧི་ལ་རི་ཁེ་ལིན་ཊོན་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་དངོས་སུ་གཏན་འབེབས་བྱ་རྒྱུ་བར་ཐག་ཉེ་རུ་སོང་ཡོད་པ་མ་ཟད། མདང་དགོང་གཟའ་མིག་དམར་གྱི་མཚན་མོར་ཧི་ལ་རི་ཁེ་ལིན་ཊོན་གྱིས་ང་མ་འོངས་པའི་ཨ་རིའི་སྲིད་འཛིན་གཞུག་མ་དེ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་གཙོ་བོ་ཌོ་ནལ་ཊམ་ལའང་ཨ་མི་རི་ཀའི་མངའ་སྡེ་ཁག་གི་སྤྱི་མཐུན་ཚོགས་པའི་འདེམས་བསྐོ་འཐུས་མི་མང་བ་ཐོབ་ཡོད་པས། ཨ་མི་རི་ཀའི་ལམ་སྲོལ་ལྟར་ན་འདེམས་བསྐོ་འཐུས་མི་མང་བ་ཐོབ་པའི་མི་དེ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་གཏན་འབེབས་བྱ་དགོས་པ་དང་། ཌོ་ནལ་ཊམ་གྱིས་རང་ཉིད་ད་ལོའི་ཕྱི་ཟླ་༧་ནང་འཚོགས་རྒྱུའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་འོས་མིར་གཏན་ཁེལ་བྱ་རྒྱུ། ད་ལོའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་སྐབས་སུ་ཁོང་དང་ཧི་ལ་རི་ཁེན་ཊོན་གཉིས་འགྲན་བསྡུར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG