༄༅།། ཕྱི་ཟླ་༨་པའི་ཚེས་༢༧་གྱི་དགོང་མོར་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་ཉིན་མཐའ་མའི་མཛད་སྒོའི་ཐོག་ཏུ་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་གྱིས་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་ཞལ་བཞེས་ཀྱི་གསུང་བཤད་གནང་ཡོད་ཅིང་། མདང་དགོང་གི་མཛད་སྒོ་དེར་མི་༡༠༠༠་ལྷག་འདུས་ཏེ་ཕོ་བྲང་དཀར་པོའི་ལྷོ་ཕྱོགས་ཀྱི་སྤང་ཐང་དུ་ཚོགས། འདི་ནི་ཨ་མི་རི་ཀའི་ལོ་རྒྱུས་སུ་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་མཛད་སྒོ་ཞིག་ཕོ་བྲང་དཀར་པོར་ཚོགས་པ་ཐེངས་དང་པོ་དེར་གྱུར། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པས་རྒྱལ་ཁབ་འདིའི་སྲིད་འཛིན་ལས་ཁུངས་དང་དབུས་གཞུང་གི་ས་ཆ། མི་དམངས་ཀྱི་དཔྱ་ཁྲལ་བསྡུས་པའི་དངུལ་སྒོར་འགྲོ་གྲོན་བཏང་སྟེ་བདག་སྐྱོང་བྱེད་ཀྱི་ཡོད་པའི་སྲིད་གཞུང་གི་ས་ཐོག་ཏུ་སྲིད་དོན་ཚོགས་པ་བྱེ་བྲག་པ་ཞིག་གི་འོས་འདེམས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཚོགས་པ་ཁྲིམས་འགལ་དང་ཨ་རིའི་སྲོལ་རྒྱུན་ལ་རྒྱབ་འགལ་བྱས་པ་ཞིག་རེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྤྱི་དམངས་ཀྱི་རྒྱུ་དངོས་སྒེར་དོན་དང་སོ་སོའི་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ཆེད་དུ་བཀོལ་སྤྱོད་བྱས་པ་རེད་ཅེས་དམངས་གཙོ་ཚོགས་པ་དང་ཨ་མི་རི་ཀའི་གཡས་ཤོག་པ་ཚོས་ངོ་རྒོལ་དང་ཁ་རྡུང་གི་རྩོམ་ཡིག་སྤེལ། གསར་འགོད་པ་ཚོས་ཀྱང་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་ཡོད་ཀྱང་མདང་དགོང་གི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་དེར་ཞུགས་པའི་མི་ཚོགས་ཀྱིས་ཁ་རས་གྱོན་མེད་པ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བར་ཐག་བཞག་མི་འདུག ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་འཇོམས་ཟིན་པ་རེད་དམ་ཞེས་སྐྱོན་བརྗོད་བྱས་འདུག
སྲིད་འཛིན་ཌོ་ནལ་ཊམ་གྱིས་དུས་ཡུན་ཆུ་ཚོད་གཅིག་ལྷག་ལ་གསུང་བཤད་གནང་བ་དེའི་ནང་དོན་གཙོ་བོ་ཁག་ནི་ཨ་མི་རི་ཀའི་རྒྱལ་ཁབ་གསར་འཛུགས། དམངས་གཙོ་དང་རང་དབང་གི་ལམ་ལུགས་གསར་ཚུགས། རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་སྐྱེད་དང་ཨ་རིའི་ནང་འཁྲུག ཨ་མི་རི་ཀ་འཛམ་གླིང་གི་དམག་འཁྲུག་ཁག་ལ་ཞུགས་ནས་དམར་ཤོག་རིང་ལུགས་ཕམ་པར་བརྒྱབ་པ་དང་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་བཏང་བ། ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་ཡར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས། ཨ་མི་རི་ཀ་ཟླ་བའི་གྲོང་ཁྱེར་དུ་བསྐྱོད་པ་དང་ཡུན་རིང་མི་འགོར་པར་གཟའ་སྐར་མིག་དམར་ཐོག་ཏུ་ཨ་མི་རི་ཀའི་རྒྱལ་དར་འཛུགས་རྒྱུ། ཟླ་བའི་གྲོང་ཁྱེར་དུ་ཨ་མི་རི་ཀའི་བུད་མེད་ཅིག་མྱུར་དུ་གཏོང་རྒྱུ། ཌོ་ནལ་ཊམ་གྱི་ལས་དུས་དང་པོའི་རིང་ལ་ཨ་མི་རི་ཀ་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་ཕུན་སུ་ཚོགས་པ། ཨ་མི་རི་ཀའི་སྤྱི་ཚོགས་ཁྲིམས་ཀྱིས་སྐྱོང་བ། རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀར་ཆེ་མཐོང་ཐོབ་པ་དང་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་སླར་གསོ་བྱུང་བ། ཨ་མི་རི་ཀའི་སྲིད་འཛིན་སུ་ཞིག་གིས་ཀྱང་རྒྱ་ནག་གི་ཐོག་ཏུ་སྲིད་ཇུས་མཁྲེགས་པོ་བཟུང་མྱོང་མེད་པ་ཞིག་ལག་ལེན་བསྟར་བཞིན་ཡོད། འདས་པའི་ལོ་གསུམ་ལྷག་གི་རིང་དུ་ཨ་མི་རི་ཀའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་དཔལ་འབྱོར་འཕེལ་རྒྱས་དང་མ་རྐང་ཁྲོམ་ར་འཕར་བ། ཨ་རིའི་སྲིད་འཛིན་སུ་ཞིག་གིས་ཀྱང་བསྒྲུབས་མྱོང་མེད་པའི་མི་རིགས་ནག་པོའི་བདེ་སྡུག་ལ་ལྟ་རྟོག་བྱས་ནས་ཡར་རྒྱས་བཏང་ཡོད། ཨ་མི་རི་ཀར་མི་རིགས་དབྱེ་འབྱེད་དང་ཉེན་རྟོག་པའི་གདུག་རྩུབ་སོགས་ཀྱི་དཀའ་ངལ་མེད། གལ་སྲིད་ལོ་འདིའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊམ་བསྐྱར་དུ་འོས་འདེམས་མ་བྱུང་ཚེ། ཨ་མི་རི་ཀ་ཁྲིམས་མེད་ལུགས་མེད་དང་འཕྲོག་བཅོམ་གྱི་སྤྱི་ཚོགས་ཤིག་ལ་འགྱུར་རྒྱུ། རྒྱལ་ཁབ་ཉམས་རྒུད་དང་འཐོར་ཞིག་ཏུ་འགྲོ་རྒྱུ། རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀར་མཐོང་འཇོག་མེད། མཐར་ཇཱོ་བྷ་ཌན་ལ་སྲིད་དབང་འཐོབ་པའི་རྗེས་སུ་རྒྱ་ནག་ཨ་མི་རི་ཀའི་བདག་པོར་འགྱུར་རྒྱུ་རེད་ཅེས་བཤད།།
སྲིད་འཛིན་ཌོ་ནལ་ཊམ་གྱི་གསུང་བཤད་དེའི་ཐོག་མཐའ་བར་གསུམ་དུ་ཇཱོ་བྷ་ཌན་ཞེས་ཐེངས་༤༢་ལ་གླེང་། ཁོང་གིས་ཨ་མི་རི་ཀར་དཔལ་འབྱོར་ཉམས་རྒུད་དང་མི་མང་ལས་ཤོར་པའི་དཀའ་ངལ་མེད། ཡུ་རོབ་རྒྱལ་ཁབ་ཁག་ལ་བསྡུར་ན་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བ་དང་མནར་ནར་གྱི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་ཞེས་བཤད། འོན་ཀྱང་དཔལ་འབྱོར་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པ་དང་སྲིད་གཞུང་གི་གཞི་གྲངས་ལྟར་ན། ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་ནས་བཟུང་སྟེ་མི་མང་ལས་ཤོར་པ་བྱེ་བ་༤་ལྷག་བྱུང་ཡོད་པ་དང་སྲིད་གཞུང་ལ་ལས་མེད་འཚོ་དོད་ཀྱི་རོགས་སྐྱོབ་ཞུ་མཁན། ཆོས་ཚོགས་ཁག་དང་སྤྱི་དམངས་རྩའི་ལས་འགུལ་ཚོགས་པ་ཁག་ལ་བཟའ་བཏུང་སྐྱོབ་གསོ་ཞུ་མཁན་ཟླ་རེ་ནས་ཟླ་རེའི་བར་དུ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཨ་རིའི་ཚོང་ལས་ཆུང་ཁག་རྣམས་མ་རྩ་བརྡིབས་ཏེ་བསྐྱར་དུ་སྒོ་འབྱེད་མི་ཐུབ་པ་ཞིག་ཏུ་གྱུར་འདུག འདི་ནི་༡༩༢༨་ནས་༣༨་བར་དུ་བྱུང་བའི་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་ཆེན་མོ་བྱུང་བའི་མཇུག་ཏུ་འཕྲད་མྱོང་མེད་པའི་དཔལ་འབྱོར་ཉམས་རྒུད་དང་མི་མང་གི་ལས་ཀ་ཤོར་པའི་དཀའ་ངལ་ཚབས་ཆེན་དེ་རེད་ཅེས་བསྟན། ཏོག་དབྱིབས་རིམས་ནད་ལ་མཚོན་ན་ད་ལྟའི་བར་དུ་ཨ་མི་རི་ཀར་མི་༡༨༠༠༠༠་མ་ཟིན་ཙམ་ལ་འཆི་སྐྱོན་དང་མི་༦༠༠༠༠༠༠་མ་ཟིན་ཙམ་ལ་ཏོག་དབྱིབས་ནད་དུག་འགོས། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ནི་རྒྱལ་ཁབ་གཞན་པ་གཅིག་ལའང་བྱུང་མྱོང་མེད་པ་ཞིག་རེད་ཅེས་གསར་འགོད་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་དོན་དངོས་ལ་བསྙོན་པའི་གཏམ་བཤད་བྱས་པར་སྐྱོན་བརྗོད། ཁོ་པ་འཇིག་རྟེན་མ་འདྲ་བ་ཞིག་ཏུ་འཚོ་གནས་བྱེད་ཡོད་པ་མིན་ནམ་ཞེས་ཟུར་ཟ་བྱས་འདུག
སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་ཨ་མི་རི་ཀ་ནམ་ཡང་རྒྱ་ནག་ལ་རེ་མི་དགོས་པ་ཞིག་བྱ་རྒྱུ་ཡིན། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་རང་ཡུལ་ལ་ཕྱིར་འགུགས་བྱས་ནས་ཨ་མི་རི་ཀ་བ་ས་ཡ་གཅིག་ལ་ལས་ཀ་གསར་པ་བཀོད་སྒྲིག་བྱ་རྒྱུ་ཡིན། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་མེད་པར་གཏོང་རྒྱུ་ཡིན་ཞེས་བཤད། སྲིད་འཛིན་ཌོ་ནལ་ཊམ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་འདས་པའི་ལོ་གསུམ་ལྷག་ལ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་དེ་རྣམས་རྒྱ་ནག་ནས་རང་ཡུལ་ལ་ཕྱིར་འགུགས་མ་བྱས་པར་ཅི་ཞིག་བྱས་པ་ཡིན། སྲིད་འཛིན་ཊམ་གྱིས་ལས་དུས་གཉིས་པའི་འོས་འདེམས་བར་དུ་སྒུག་ནས་བསྡད་པ་ཡིན་ནམ་ཞེས་དགག་པ་བརྒྱབ། སྤྱི་མཐུན་ཚོགས་པའི་ལས་སྣེ་ཚོ་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཚོས་ཀྱང་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་གཅོད་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཇཱོ་བྷ་ཌན་དང་ཌོ་ནལ་ཊམ་གཉིས་ཀས་འོས་འདེམས་ཀྱི་སྔོན་དེར་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་འབྲེལ་གཅོད་རྒྱུ་ཡིན། ཨ་རི་དང་རྒྱ་ནག་གཉིས་ལ་འབྲེལ་བ་མེད་པར་གཏོང་རྒྱུ་ཡིན་ཞེས་ངར་སྐད་ཅི་ཙམ་བསྒྲགས་ཀྱང་ཁྱད་པར་མེད། འོས་འདེམས་རྗེས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་འོས་མི་སུ་ལ་ཐོབ་ཀྱང་རྒྱ་ནག་ལ་འབྲེལ་བ་བཙུགས་ནས་རྒྱལ་ཁབ་འཛིན་སྐྱོང་བྱ་དགོས་པའི་དོན་དངོས་ལ་གཡོལ་ཐབས་བྲལ་ཞེས་ཡོངས་གྲགས་སུ་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། ༢༠༡༩་ལོར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཨ་སྒོར་ཐེར་འབུམ་༥༦༠་ཟིན། ཁེ་ན་ཌ་དང་མེཀ་སི་ཀོའི་འཕྲོ་ནས་རྒྱ་ནག་ནི་ཨ་མི་རི་ཀའི་ཚོང་གྲོགས་རྒྱལ་ཁབ་ཨང་གསུམ་པ་དང་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་པས་ཕྱོགས་གཉིས་ཀར་གཅིག་བརྟེན་གཅིག་གྲོགས་མེད་པར་འཚོ་ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་འདུག་ཅེས་བཤད།།
སྲིད་འཛིན་ཌོ་ནལ་ཊམ་གྱི་གསུང་བཤད་ནང་དུ་ཐོན་པའི་གཏམ་བཟང་ཞིག་ནི་ཨ་མི་རི་ཀས་ཏོག་དབྱིབས་ནད་དུག་འགོག་བཅོས་ལ་སྨན་ཁབ་རིགས་མ་འདྲ་བ་གསུམ་ལ་ཚོད་ལྟ་བྱས་ནས་རིམ་པ་མཐའ་མ་དེར་སླེབས་ཡོད། ལོ་འདི་མཇུག་མ་བསྒྲིལ་གོང་དུ་ཨ་རིའི་མི་དམངས་ལ་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱག་ཐུབ་ཀྱི་ཡོད་ཅེས་བསྒྲགས། འོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་རྒྱལ་ཡོངས་གཅིག་གྱུར་གྱི་འགྲོ་འོང་བཀག་སྡོམ་མ་བྱས་པ་དང་ཏོག་དབྱིབས་རིམས་ནད་ལ་སྣང་ཆུང་། ཨ་རིའི་སློབ་ཕྲུག་ས་ཡ་མང་པོ་རང་ཁྱིམ་དུ་འགག་སྟེ་སློབ་གྲྭའི་ནང་དུ་འཛིན་གྲྭ་འཚོགས་ཐུབ་ཀྱི་མེད་པ། ཨ་རིའི་ས་གནས་གཅིག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་འཇོམས་ན་ས་གནས་གཞན་ཞིག་ལ་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ། ད་དུང་ཡང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐུབ་ཀྱི་མེད་པ་དང་རིམས་ནད་སྔོན་འགོག་གི་འཆར་གཞི་མེད་པ། ཨ་མི་རི་ཀར་མི་རིགས་དབྱེ་འབྱེད་ཀྱི་འགལ་ཟླ་ཇེ་ཆེར་སོང་སྟེ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་མི་རིགས་ནག་པོ་དམར་གསོད་བྱེད་ཀྱི་ཡོད་པའི་སྤྱི་ཚོགས་ལ་འགལ་ཟླ་ཆེན་པོ་ཞིག་ཡོད་པར་ངོས་ལེན་མི་བྱེད་པ། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་ནས་ཨ་རི་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད་པ། ཨ་མི་རི་ཀའི་ཚབ་ཏུ་རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཤུགས་རྐྱེན་ཐེབས་ནས་འགོ་ཁྲིད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་ཁག་ལ་ངོས་ལེན་བྱས་མེད་པ་རེད།།