ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ཨ་རི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཉིས་གྲོས་འཆམ་མ་བྱུང་བ།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་གཉིས་སུད་ཛར་ལན་ཌིའི་ཇཱི་ཎི་ཝྭ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་ཀྱང་ཡུཀ་རེན་གྱི་གནད་དོན་ཐག་གཅོད་མ་ཐུབ། ཕྱི་ཟླ་༡་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་ཨུ་རུ་སུ་གཉིས་ཀས་གཟའ་པ་སངས་ཉིན་གྱི་གྲོས་མོལ་སྐབས་སུ་ཡུཀ་རེན་ལ་བཙན་འཛུལ་འབྱུང་སྲིད་པའི་ཉེན་ཁ་ཟློག་ཐུབ་པའི་རེ་ལྟོས་འཆང་མེད་ཀྱང་ཨ་མི་རི་ཀས་སྔར་བཞིན་ཞི་བའི་སྒོ་ནས་དཀའ་ངལ་སེལ་རྒྱུའི་རེ་ལྟོས་འཆང་ཡོད་པའི་གནས་ཚུལ་ཐོན། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱིས་ང་ཚོས་བཏོན་པའི་གྲོས་གཞི་རྣམས་ཁ་ཡོད་ལག་ཡོད་ཡིན། ང་ཚོར་ཁ་ཡོད་ལག་ཡོད་ཀྱི་ལན་འདེབས་ཤིག་འཐོབ་རྒྱུའི་རེ་བ་འཆང་ཡོད། སྐུ་ཉིད་ཀྱིས་གསུངས་པ་ལྟར་གནད་དོན་འདི་ཛ་དྲག་པོ་ཞིག་ཡིན་པ་དང་འཕྲལ་དུ་ཐག་གཅོད་བྱེད་ཐུབ་པ་ཞིག་མ་རེད་ཅེས་གྲོས་མོལ་གྱི་གཏམ་མགོ་བརྩམས། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ང་ཚོས་ཕྱི་འབྲེལ་ཐབས་ལམ་དང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་འགལ་ཟླ་རྣམས་སེལ་ཐབས་ཡོད་པའི་ཡིད་ཆེས་དང་རེ་བ་འཆང་ཡོད། ང་ཚོ་མི་མཐུན་ས་ཡོད་པ་རྣམས་ཞི་བའི་སྒོ་ནས་སེལ་ཐབས་ཤིག་ཡོད་མེད་ཚོད་ལྟ་བྱ་དགོས། ཨ་མི་རི་ཀ་ཞི་བའི་ཐབས་ལམ་དེར་བསྐྱོད་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་གཏམ་ལན་བསློགས། སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་ཇཱི་ཎི་ཝྭེ་གྲོས་མོལ་ལ་ཕེབས་པའི་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པར་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་འཇིགས་སྐུལ་ཙམ་ཡིན་ནམ་ཞེས་དྲིས། ཕྱི་སྲིད་བློན་ཆེན་གཞོན་པ་སར་གྷེ་རི་ཡབ་ཀོབ་ཀྱིས་ང་ཚོ་ཨ་མི་རི་ཀ་དང་སུ་གཅིག་ལ་སྐྲག་གི་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་བཅས་ལ་ཐུག་འཕྲད་བྱས་ནས་ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་ས་མཚམས་བརྒལ་ནས་བཙན་འཛུལ་བྱེད་དུ་བཅུག་ན་དུས་བདེ་ཞོད་འཇགས་མེད་པར་འགྱུར་ཤས་ཆེ། སྔོན་ཆད་ཡུ་རོབ་གླིང་དང་འཇར་མན་ཎིའི་རྒྱལ་ས་བྷར་ལིན་དུམ་བུ་གཉིས་སུ་བགོས་ཏེ་མི་རྣམས་རྟག་ཏུ་དམག་འཁྲུག་གི་འཇིགས་སྣང་འོག་ཏུ་འཚོ་གནས་བྱ་དགོས་བྱུང་བ་རེད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱ་དགོས་ཞེས་ནན་བརྗོད་བྱས་པར་མ་ཟད། ཁོང་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་ན་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཚོང་ལས་དང་དཔལ་འབྱོར། དམག་དོན་དང་ཆབ་སྲིད་སོགས་ཕྱོགས་གང་ཐད་ནས་ལན་པ་དྲག་པོ་བསློགས་ནས་ཨུ་རུ་སུ་ལ་དམག་འཁྲུག་གི་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དུ་འཇུག་དགོས་ཞེས་ཉེན་བརྡ་བཏང་ཞིང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་མིན་པའི་ཁས་ལེན་བྱ་དགོས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པ་མཚམས་འཇོག་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་འཕུར་མདེལ་འཛུགས་མི་ཆོག ཡུཀ་རེན་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནི་ཨུ་རུ་སུའི་ལྟག་རྒྱབ་ལྟ་བུ་ཞིག་ཡིན། ཨ་མི་རི་ཀ་སོགས་ཀྱི་ཨུ་རུ་སུའི་བདེ་འཇགས་ལ་འགན་ལེན་བྱས་ནས་ཡིག་ཐོག་ཏུ་སྤྲོད་དགོས་ཞེས་དགོས་འདུན་བཏོན། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སྲིད་འཛིན་གྱིས་བཏོན་པའི་དགོས་འདུན་ཁག་ལ་མོས་མཐུན་བྱ་ཐབས་བྲལ་ཞེས་ལན་བསློགས།།

ཉམས་ཞིབ་པ་ཕལ་ཆེ་བས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་གྲོས་མོལ་རྗེས་སུ་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་ཇེ་གསལ་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལ་ཕྱི་འབྲེལ་ཐབས་ལམ་ཡོད་པའི་ལམ་སྣེ་ཞིག་སྟོན་རྒྱུ་རེད་ཅེས་བསྒྲགས། དཔེར་ན་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་སྦྱོང་ཁག་གི་ངོ་བོ་དང་དམིགས་ཡུལ་རྣམས་ཇེ་གསལ་དུ་གཏོང་རྒྱུ་དང་ཡུ་རོབ་གླིང་དུ་རྡུལ་ཕྲན་མཚོན་ཆ་འཛུགས་རྒྱུ་ཚོད་འཛིན་བྱ་རྒྱུའི་གྲོས་གཞི་འདོན་སྲིད་ཅེས་བསྟན། ཨ་རིའི་ཕྱི་སྲིད་དྲུང་ཆེར་བཀའ་མོལ་གནང་བའི་སྐབས་སུ་འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་དངོས་སུ་བཙན་འཛུལ་བྱེད་ན་ང་ཚོས་རང་གི་ཚོང་ལས་ཀྱི་ཁེ་ཕན་རྣམས་བློས་གཏོང་དགོས་ཀྱང་ཨ་རུ་སུ་ལ་ལན་པ་དྲག་པོ་སློག་ཆོག་ཅེས་ཁས་བླངས། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་ལངས་ནས་ནོར་འཁྲུལ་ཚབས་ཆེན་ཞིག་མ་བྱུང་གོང་དེར་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ན་ལེགས། ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་འཛམ་གླིང་ཡུལ་གྲུ་གང་སའི་སྲིད་དབང་སྒེར་གཅོད་པ་རྣམས་མགོ་བོ་འབུར་འཇོམས་བྱེད་དགོས་པའི་དུས་སུ་བབ་ཡོད་ཅེས་ནན་གྱིས་བསྐུལ། དེ་བཞིན་གཟའ་འཁོར་འདིར་དབྱིན་ཇིའི་གཞུང་གིས་ཡུཀ་རེན་ལ་དམག་སྦྱོང་དགེ་རྒན་ཁ་སྣོན་གཏོང་རྒྱུ་དང་མཚོན་ཆའི་རོགས་རམ་མང་དུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སི་གྷ་རམ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷ་ལུ་མིན་ཐལ་སོགས་ཀྱིས་ཨུ་རུ་སུའི་བཙན་འཛུལ་མ་བྱས་གོང་དུ་ཨ་མི་རི་ཀས་ཕུ་ཊིན་ལ་ཉེས་ཆད་གཅོད་དགོས། ཨ་མི་རི་ཀས་མཁའ་ལམ་བརྒྱུད་ནས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

ཁ་སང་གཟའ་ཕུར་བུའི་ནས་ཨུ་རུ་སུའི་དམག་གྲུ་༡༤༠་ཐམ་པ་དང་དམག་འཐབ་གནམ་གྲུ་༦༠་ལྷག་གི་དཔུང་སྟོབས་ངོམ་ནས་མཚོ་ནག་མངའ་ཁུལ་དུ་དམག་སྦྱོང་བྱེད་འགོ་ཚུགས། ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་མོ་སི་ཀོའི་ཕྱོགས་གཏོགས་ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་གཉིས་རང་བཙན་ཡིན་པའི་ངོས་འཛིན་བྱེད་དགོས་ཞེས་གྲོས་གཞི་བཏོན། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཚོས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཟུར་པ་དང་དཔོན་རིགས་ལས་ཐོག་ཁག་ཅིག་ལ་འབྲེལ་བ་བྱས་ནས་གནས་སྐབས་ཀྱི་སྲིད་གཞུང་ཞིག་འཛུགས་རྒྱུ། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་བརྒྱབ་ན་དེ་ལ་མཐུན་འགྱུར་རོགས་རམ་བྱེད་དགོས་པའི་བཀོད་འདོམས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་གཉིས་དང་གཞུང་འབྲེལ་མི་སྣ་ཟུར་པ་ཁག་ཅིག་ལ་ཉེས་ཆད་བཅད། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རི་མི་ཡ་གླིང་ཟུར་བཙན་གྱིས་འཕྲོག དེ་ནས་བཟུང་སྟེ་ཡུཀ་རེན་གྱི་དམག་གིས་མཐའ་མཚམས་ཀྱི་གྱེན་ལོག་པ་ཚོར་འཐབ་འཁྲུག་བརྒྱབ། ཡུཀ་རེན་གྱི་མཐའ་མཚམས་སུ་ཆགས་པའི་གྱེན་ལོག་པ་རྣམས་ཨུ་རུ་སུའི་མི་རིགས་ཡིན་པ་དང་ཁོ་ཚོར་ཨུ་རུ་སུའི་གཞུང་ནས་མཚོན་ཆ་དང་འགྲོ་གྲོན་གྱི་རོགས་རམ་ཐོབ། འདས་པའི་ལོ་༨་ཡས་མས་ཤིག་གི་རིང་དེར་ཡུཀ་རེན་གྱི་གཞུང་དམག་གིས་མཐའ་མཚམས་ཀྱི་གྱེན་ལོག་པ་ཚོར་འཐབ་རྒོལ་བྱས་ནས་མི་༡༤༠༠༠་ལྷག་ལ་འཆི་སྐྱོན་དང་མི་གྲངས་ས་ཡ་༢་ལྷག་རང་ཁྱིམ་དུ་གནས་མ་ཐུབ་པར་ས་གནས་གཞན་ལ་བྲོས། སྔ་ལོའི་ཕྱི་ཟླ་༡༠་པ་ཡས་མས་ནས་ཨུ་རུ་སུའི་དམག་འབུམ་༡་ཡས་མས་ཤིག་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ནས་དམག་གྲ་བསྒྲིགས།།

ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཨུ་རུ་སུ་ལ་ཁ་གཏད་གཅོག་གི་ཡོད་ཀྱང་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱིས་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་གློ་བུར་དུ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་འདུག ཡིན་ནའང་བཙན་འཛུལ་དེ་རྒྱ་ཆུང་ཆུང་ཞིག་ཡིན་སྲིད་ཅེས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ལན་པ་ནན་པོ་ཞིག་སློག་རྒྱུ་མིན་པའི་གོ་བ་ལེན་ཆོག་པའི་བཀའ་མོལ་ཞིག་གནང་ཞིང་། དེར་བརྟེན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལཱན་སི་ཀིས་འཆི་རྨས་ལ་ཚབས་ཆེ་ཆུང་དང་སྙིང་ཉེ་ཚོའི་ཚེ་སྲོག་ཤོར་བའི་སྡུག་བསྔལ་ལ་ཡང་ལྕི་མེད་པ་ལྟར་བཙན་འཛུལ་ལའང་རྒྱ་ཆེ་ཆུང་ཟེར་རྒྱུ་ཞིག་མེད་ཅེས་སྲིད་འཛིན་བྷ་ཌན་གྱི་གཏམ་བཤད་ལ་དགག་པ་བརྒྱབ། ཉམས་ཞིབ་པ་ཚོས་སྲིད་འཛིན་བྷ་ཌན་གྱི་སྐད་ཆ་དེ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཆོག་ཅེས་གོ་རྒྱུ་བཏང་བ་ལྟ་བུ་ཞིག་ལ་གྱུར་སོང་ཞེས་སྐྱོན་བཙུགས། གཟའ་ཕུར་བུའི་ཉིན་སྲིད་འཛིན་བྷ་ཌན་གྱིས་རང་གི་གཏམ་བཤད་དེར་བསྐྱར་དུ་འགྲེལ་བཤད་བརྒྱབ་ནས་ངས་སྲིད་འཛིན་ཕུ་ཊིན་ལ་གསལ་པོར་བཤད་ཡོད། ཁོ་པ་གོ་ནོར་ཐེབས་ས་ཞིག་གཏན་ནས་མེད། ཨུ་རུ་སུའི་དམག་གི་རུ་ཁག་ཅིག་ས་མཚམས་བརྒལ་ནས་ཡུཀ་རེན་ལ་འཛུལ་ན་དེ་བཙན་འཛུལ་རེད་ཅེས་བསྐྱར་དུ་བཟློས། ཡུ་རོབ་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་མིན་རུང་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་སྡིགས་ར་སྐུལ་མགོ་བརྩམས་ནས་བཟུང་། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་མིན་ལ་རྒྱལ་ཁབ་དེ་དག་གི་སྤྱི་དམངས་ཚོས་གྲོས་སྡུར་བྱ་དགོས་པ་ཞིག་ཏུ་གྱུར། ཧྥ་རན་སིའི་གཞུང་གིས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་རོ་མ་ཎི་ཡའི་ས་ཐོག་ཏུ་དམག་དཔུང་ཁ་སྔོན་གཏོང་རྒྱུའི་གསལ་བསྒྲགས་སྤེལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་མཚོ་ནག་མངའ་ཁུལ་དང་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་དམག་དཔུང་ཁ་སྣོན་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG