ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨུ་རུ་སུའི་མཚོ་དམག་གི་བཀོད་འདོམས་པ་ཞིག་ལ་སྲོག་སྐྱོན། 


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་བཟུང་། འདས་པའི་ཟླ་བ་གཅིག་ཡས་མས་ཤིག་གི་རིང་དེར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་དང་དམག་དཔོན་ཚོར་སྲོག་སྐྱོན་བྱུང་སྟེ་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༢༠་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་དུ་སྐྱེས་ཀྱང་ཨུ་རུ་སུའི་མི་ཁོངས་སུ་ཞུགས་པའི་མཚོ་ནག་མངའ་ཁུལ་གྱི་དམག་དཔུང་བཀོད་འདོམས་པ་གཞོན་པ་སྟེ། ལོ་ན་༥༡་ལ་སོན་པའི་དམག་དཔོན་ཨན་ཌི་རེ་པེ་ལི་ཡེ་ཞེས་པ་ཞིག་ཡུཀ་རེན་གྱི་མ་རི་ཨུ་པུལ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་བསད་འདུག་ཅེས་གནས་ཚུལ་ཐོན། འདི་ནི་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བྱུང་བའི་རྗེས་སུ་ཨུ་རུ་སུའི་མཚོ་དམག་གི་མཐོ་རིམ་བཀོད་འདོམས་པ་ཞིག་ལ་སྲོག་སྐྱོན་བྱུང་བ་ཐེངས་དང་པོ་དང་། ཨུ་རུ་སུའི་མཐོ་རིམ་དམག་དཔོན་ཞིག་སྲོག་སྐྱོན་བྱུང་བ་ཨང་༦་པ་དེར་གྱུར། ཨུ་རུ་སུའི་སེ་ཝ་སི་ཏོ་པོལ་མཚོ་དམག་སློབ་གླིང་གི་འཐབ་གྲོགས་ཚཱ་རེན་ཀོ་ཟེར་པ་ཞིག་གིས་མཚོ་དམག་གི་མཐོ་རིམ་བཀོད་འདོམས་པ་དེར་ཡུཀ་རེན་གྱི་དམག་སར་སྲོག་སྐྱོན་ཕོག་འདུག་ཅེས་སྤྱི་ཚོགས་དྲྭ་ལམ་དུ་གནས་ཚུལ་སྤེལ། ཡིན་ནའང་ཁོ་པས་དར་འཕྲིན་ནང་དུ་སྤེལ་བའི་འཕྲིན་ཐུང་དེ་ཅང་མ་འགོར་བར་བསུབས། དེའི་རྗེས་སུ་ཨུ་རུ་སུའི་མཚོ་དམག་གི་དམག་དཔོན་ཟུར་པ་ཨི་གྷོར་ས་ཝོ་སི་ཊིན་ཞེས་པ་ཞིག་གིས་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་གི་བཀོད་འདོམས་པ་གཞོན་པ་པེ་ལི་ཡེས་དམག་དཔུང་གི་སྣེ་ཁྲིད་ནས་འཐབ་སར་བསྐྱོད། ཁོང་གིས་དཔའ་རྟགས་བཞག་ནས་ཚེ་སྲོག་ཤོར་བ་རེད་ཅེས་དྲྭ་ལམ་དུ་རྗེས་དྲན་གྱི་འཕྲིན་ཐུང་ཞིག་སྤེལ། ཨུ་རུ་སུའི་གཞུང་གིས་མཚོ་ནག་མངའ་ཁུལ་གྱི་མཚོ་དམག་གི་བཀོད་འདོམས་པ་གཞོན་པར་སྲོག་སྐྱོན་ཕོག་པ་ངེས་གཏན་བྱས་མི་འདུག

ཨན་ཌི་རེ་པེ་ལི་ཡེ་ནི་ཡུཀ་རེན་དུ་སྐྱེས་པ་དང་ཡུཀ་རེན་གྱི་མི་རིགས་ཡིན་རུང་ཨུ་རུ་སུའི་དམར་ཤོར་ལམ་ལུགས་ཐོར་བའི་རྗེས་སུ་ཨུ་རུ་སུ་ལ་སྤོས་ནས་མཚོ་དམག་གི་སློབ་གླིང་དུ་ཞུགས། ཁོ་པ་༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་དམག་འཁྲུག་ལའང་འབྲེལ་བ་ཡོད་སྲིད་པའི་གནས་ཚུལ་ཐོན། གཟའ་སྤེན་པའི་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་ལྷོ་ཕྱོགས་དམག་སྡེའི་སྐམ་དམག་གི་དཔུང་སྡེ་ཨང་༨་པའི་བཀོད་འདོམས་པ་དམག་སྤྱི་ཨན་ཌི་རེ་མོར་ཌི་ཝི་ཆེབ་ཟེར་པ་ཞིག་ལའང་སྲོག་སྐྱོན་ཕོག ཁོ་པ་ཟླ་བ་གཅིག་གི་ནང་ཚུད་དུ་ཡུཀ་རེན་གྱི་ས་ཐོག་ཏུ་སྲོག་སྐྱོན་བྱུང་བའི་ཨུ་རུ་སུའི་དམག་སྤྱི་ཨང་༥་པ་དེ་ཡིན་འདུག ཨུ་རུ་སུའི་སྐམ་དམག་གི་དཔུང་སྡེ་༨་པའི་བཀོད་འདོམས་དམག་སྤྱི་ཨན་ཌི་རེ་མོར་ཌི་ཝི་ཆེབ་ལ་སྲོག་སྐྱོན་ཕོག་པ་ཡུཀ་རེན་དང་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་མང་ཆེ་བས་ངེས་གཏན་བྱས་ཀྱང་སྲོག་སྐྱོན་ཇི་ལྟར་ཕོག་མིན་གསལ་ཁ་མ་ཐོན། ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་སོགས་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་དམག་མི་ཅི་ཙམ་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྲོག་སྐྱོན་ཕོག་ཡོད་མེད་འདྲི་རྩད་བྱས་ཀྱང་ལན་འདེབས་བྱེད་ཀྱི་མེད་པར་མ་ཟད། ཨུ་རུ་སུའི་གཞུང་གིས་བདུན་ཕྲག་གསུམ་གྱི་སྔོན་དེར་དམག་མི་༤༩༨་ལ་སྲོག་སྐྱོན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་གནས་ཚུལ་གསར་པ་ཅི་ཡང་མ་བསྒྲགས། ཡུཀ་རེན་གྱི་གཞུང་གིས་ཨུ་རུ་སུའི་དམག་མི་༡༤༠༠༠་ལྷག་ལ་སྲོག་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ་ཡང་ཨ་མི་རི་ཀ་སོགས་ཀྱིས་ཨུ་རུ་སུའི་དམག་མི་༧༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་འདུག་ཅེས་གཞི་གྲངས་མ་འདྲ་བ་ཞིག་བཏོན།།

དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་དམག་སྤྱི་མང་དག་ཅིག་ལ་སྲོག་སྐྱོན་འཕོག་གི་ཡོད་པའི་སྟབས་ཀྱིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་མདུན་སྐྱོད་བྱེད་མ་ཐུབ་པར་འགག་འདུག་ཅེས་གནས་ཚུལ་སྤེལ། ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་སྤྱི་༢༠་ཐམ་པར་དམག་དཔུང་འབུམ་༡་དང་ཕྱེད་ཀ་ལྷག་འདྲེན་དུ་བཅུག་སྟེ་ཡུཀ་རེན་ཤར་ལྷོ་བྱང་གསུམ་ནས་མཐའ་བསྐོར། ཆུ་ཚོད་༤༨་ཀྱི་ནང་ཚུད་དུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལེན་ཐུབ་རྒྱུའི་རྩིས་བརྒྱབ་མོད། འོན་ཀྱང་ད་ལྟ་ཟླ་བ་གཅིག་ཀྱང་མ་ཕྱིན་པར་ཨུ་རུ་སུའི་དམག་སྤྱི་༥་ལ་སྲོག་སྐྱོན་ཕོག་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུའང་ཟླ་བ་གཅིག་གི་ནང་དུ་ཨུ་རུ་སུའི་དམར་དམག་གི་དམག་སྤྱི་༥་ལ་སྲོག་སྐྱོན་ཕོག་མི་འདུག་ཅེས་གླེང་། ནུབ་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་ཕལ་ཆེ་བས་ཨུ་རུ་སུའི་དམག་སྤྱི་རྣམས་འཐབ་སར་བསྐྱོད་དགོས་ཐུག་གི་ཡོད་པ་ནི་གོང་རིམ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་གཤམ་འོག་གི་དམག་དཔུང་རྣམས་དཔའ་ཞུམ་སྟེ་གཉའ་ཆག་ཡོད་པའི་རྟགས་མཚན་རེད། ད་ལྟའི་བར་དུ་ཨུ་རུ་སུའི་མཐོ་རིམ་དམག་དཔོན་བཅུ་གྲངས་ཤིག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྲོག་སྐྱོན་ཕོག་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ནི་ཡག་རྟགས་ཤིག་མ་རེད་ཅེས་གླེང་། དེ་བཞིན་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་སྐབས་སུ་ཡུཀ་རེན་གྱི་དམག་མི་དང་མི་མང་དཀྱུས་མ་བཅས་ལའང་འཆི་རྨས་ཚབས་ཆེན་འཕོག་གི་ཡོད་ཀྱང་ཡུཀ་རེན་གྱི་གཞུང་གིས་དམག་མི་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་ཕྱིར་བསྒྲགས་བྱེད་ཀྱི་མེད་པས་གནས་ཚུལ་གསལ་པོ་ཞིག་ཤེས་དཀའ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་གཞུང་དམག་༢༠༠༠་ནས་༣༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་མཐོ་རིམ་མི་སྣ་ཁག་ཅིག་གིས་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག་ཐབས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་འོག་ནས་ཐར་ཐབས་བྱ་རྒྱུའི་ལྐོག་ཇུས་གཤོམ་གྱི་ཡོད་སྐད། ཁ་སང་གཟའ་ཉི་མར་ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་ང་ཚོར་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོས་ཕུ་ཊིན་ལ་དུག་དྲངས། ཁོ་པ་གློ་བུར་དུ་ནད་མནར་གྱིས་གྲོངས་པ་རེད་ཅེས་འགྲེལ་བཤད་རྒྱག་རྒྱུ་ཡིན། ང་ཚོས་མགྱོགས་ནས་མྱུར་དུ་ཕུ་ཊིན་མགོ་རྟིང་བསློགས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་དང་ཚོང་འབྲེལ་སླར་གསོ་བྱ་རྒྱུའི་འབད་བརྩོན་བྱེད་ཡོད། ཨུ་རུ་སུའི་དབུས་བདེ་འཇགས་ལྷན་ཁང་དང་ཕུ་ཊིན་གྱི་ནང་འཁོར་ཁག་ཅིག་གིས་ཕུ་ཊིན་གྱི་རྗེས་འཛིན་པ་འཚོལ་གྱི་ཡོད། ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པ་དེར་ལམ་ལྷོངས་འབྱུང་གི་མེད་པས་ཕུ་ཊིན་གྱིས་ཨུ་རུ་སུའི་དབུས་བདེ་འཇགས་ལྷན་ཁང་གི་འགན་འཛིན་བྷོར་ཊི་ཎི་ཀོབ་རྩིས་ལོག་ཐེབས་པ་རེད་ཅེས་བཀའ་བཀྱོན་བཏང་ནས་འགལ་ཟླ་བྱུང་སོང་། བྷོར་ཊི་ཎི་ཀོབ་དང་ཨུ་རུ་སུའི་དབུས་བདེ་འཇགས་ལྷན་ཁང་ལ་ཡུཀ་རེན་མི་དམངས་ཀྱིས་འགོག་རྒོལ་དྲག་པོ་བྱ་རྒྱུ་ཡིན་མིན། ཡུཀ་རེན་གྱི་དམག་ལ་སྟོབས་ཤུགས་ཅི་ཙམ་ཡོད་མེད་རྣམས་ཞིབ་འཇུག་བྱེད་ཐུབ་མེད་པའི་ནག་ཉེས་བཙུགས་སོང་། ང་ཚོས་ཡུཀ་རེན་ལ་མཉམ་འབྲེལ་བྱས་ནས་ཨུ་རུ་སུའི་འགོ་ཁྲིད་ལ་འཕོ་འགྱུར་གཏོང་འཆར་ཡོད་ཅེས་ནང་མོལ་བྱས་སོང་ཞེས་གནས་ཚུལ་ཞིག་ངོ་དེབ་ནང་དུ་གནས་ཚུལ་དེ་ཡོངས་གྲགས་སུ་ཕྱིར་བསྒྲགས་བྱས་འདུག མཉམ་འབྲེལ་གསར་ཁང་གིས་ཕུ་ཊིན་གྱི་རྗེས་འཛིན་པ་དེར་ཨུ་རུ་སུའི་དབུས་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཨ་ལིཀ་ཛན་ཌར་བྷོར་ཊི་ཎི་ཀོབ་བསྐོ་བཞག་བྱེད་སྲིད་ཅེས་སྲིད་པའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱས་པའི་རྗེས་སུ་ཨུ་རུ་སུའི་དཔལ་འབྱོར་ལ་ཉམས་ཆག ད་དུང་ཨུ་རུ་སུའི་མཐའ་མཚམས་ཀྱི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་འགྲེམ་འཇོག་བྱ་རྒྱུ་ཇེ་མང་། འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཕྱུག་བདག་ཚོའི་རྒྱུ་དངོས་དང་དངུལ་སྒོར་རྣམས་འགོག་ཉར་བྱས་ནས་དཀའ་ངལ་འཕྲད། ཕྱུག་བདག་དེ་རྣམས་རང་ཡུལ་ཨུ་རུ་སུ་ལ་བྲོས་པའམ། ཡང་ན་རྒྱལ་ཁབ་གཞན་གྱི་མི་ཁོངས་སུ་ཞུགས་ནས་རང་གི་རྒྱུ་དངོས་ལ་སྲུང་སྐྱོབ་བྱ་ཐབས་སུ་འབད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སི་གྷ་རམ་སོགས་མི་ཁག་ཅིག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གསོད་དགོས་ཞེས་བསྐུལ། ལྷག་པར་དུ་གྲོས་ཚོགས་འཐུས་མི་གྷ་རམ་གྱིས་ཕུ་ཊིན་ལ་མུ་མཐུད་དུ་འགོ་ཁྲིད་བྱེད་དུ་བཅུག་ན་ཨུ་རུ་སུའི་མི་དམངས་ལ་དམག་འཁྲུག་གི་ནག་ཉེས་བསགས་པའི་ཉེས་པ་འཕོག་སྲིད། དེས་ན་རླབས་ཆེན་གྱི་ཨུ་རུ་སུའི་མི་དམངས་ལ་མདུན་ལམ་བཟང་པོ་ཞིག་ཐོབ་ཐབས་བྲལ། ཨུ་རུ་སུ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་ཏེ་དབུལ་ཕོངས་ཀྱི་དཀའ་སྡུག་མྱོང་རྒྱུ་ཟློག་ཐབས་མེད། ཕུ་ཊིན་གྱིས་ཨུ་རུ་སུ་རྩ་མེད་གཏོང་གི་ཡོད་པས་ཨུ་རུ་སུའི་མི་ཚོས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཕུ་ཊིན་མེད་པར་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་བསློགས་ནས་སྲིད་གཞུང་འཕོ་འགྱུར་གཏོང་རྩིས་མེད། ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག་མིན་ནི་ཨུ་རུ་སུའི་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་གཞུང་འབྲེལ་གྱི་ལངས་ཕྱོགས་གསལ་པོར་བསྟན། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་དང་སྲིད་དོན་ཚོགས་པ་གཉིས་ཀྱི་འགོ་ཁྲིད་ཚོས་གྲོས་ཚོགས་འཐུས་མི་གྷ་རམ་གྱི་གཏམ་བཤད་དེ་འོས་འཚམས་ཤིག་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG